འུར་རྡོ་ཆུ་མིག་དགུ་སྒྲིལ་གྱི་སྐོར་ཅུང་ཙམ་བརྗོད་པ།

རྩོམ་པ་པོ།:ཚངས་དབང་དགེ་འདུན་བསྟན་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-03 10:29:00 ཀློག་གྲངས།:

          འུར་རྡོ་ཆུ་མིག་དགུ་སྒྲིལ་ལ་བཤད་པ་མང་ཡང་།.འདིར《ཨ་གྲགས་གཟི་རྫོང》ནང་དུ་འཁོད་པའི་འུར་རྡོ་ཆུ་མིག་དགུ་སྒྲིལ་གྱི་བཤད་པ་ནི།.ཚིག་དོན་གཉིས་ཐད་ལ་དཔྱད་ནའང་ཧ་ཅང་རྙིང་བ་ཞིག་ཡིན་པར་སྣང་སྟེ། གཤམ་དུ་དེ་ནང་གི་ནང་དོན་ཆ་ཚང་ཞིག་འགོད་པར་བྱ་སྟེ།
          འུར་ཁྲ་རིང་རྔ་མའི་ཕོད་རྒྱན་ཅན།། རྟ་མགྱོགས་པའི་དཔའ་དར་ཐོབ་ནི་འདུག།
          འུར་ཁྲ་རིང་གང་བྱུང་མ་དགོངས་ན།། བྱང་གཉའ་ཁྲི་བཙན་པོའི་སྐུ་རིང་ལ།།                              
          སྲིད་པའི་ལྷ་གཡག་གྭ་བ་དེ །།  རི་རབ་རྩེ་ལ་ཤོར་བའི་དུས།།
          དུག་སྦྲུལ་ཁྲ་བོས་ར་མདའ་བཀག། དྲང་སྲོང་ཁྲོས་པས་རྐང་པ་བརྫིས།།
          སྦྲུལ་མགོ་ཁུག་སོ་མཛུབ་མོར་བརྒྱུས།། སྐེད་པ་རྡོ་རྒྱངས་གཡག་སྣ་བླངས།།
          དེ་ནས་མཁས་པ་ཤེས་རབ་ཀྱིས།། གཡང་དཀར་ལུག་གི་སོག་བལ་གཅིག།
          ལྷ་འབྲི་ཞོལ་མོའི་དཔུང་རྩིད་གཉིས།། འུར་ཐག་ཁྲ་བོ་བིས་ཁྲ་སླས།།
          དུག་ཆེན་སྦྲུལ་ལ་དཔེ་གཅིག་བླངས།། སྦྲུལ་མགོ་རྣོ་ལ་སྡིག་པ་དེ།།
          དེ་ལ་ཁྲ་རིང་ཁུག་སོ་བཟོས།། སྦྲུལ་སྐེད་རྡོག་པས་རྫི་བ་ལ།།
          དེ་ལ་རྡོ་གདན་འུར་མཐིལ་སྤྲད།། སྦྲུལ་རྔ་ཕྲ་ཞིང་འཇམ་པ་ལ།།
          དེ་ལ་སུམ་སྐུད་འཁྲུལ་ལྕེ་བྱས།། སྦྲུལ་སྣ་ཁྲ་འུར་འབབ་པ་ལ།།
          དེ་སྔ་རྔ་དམར་རྣ་ཐོག་བརྒྱབ།། ནུབ་བདུད་འཕར་བ་རྐང་གསུམ་བཏུལ།།
          དགོན་གནས་བརྒྱ་ཡི་ཆོས་ལ་དབང་།། དེ་ནས་ཚ་བའི་ལུག་རྫི་ཡིས།།
          མདོ་ཁམས་སྒང་བཞི་དཔེ་གཅིག་བླངས། ། སྒང་གཉིས་དཀར་མོའི་གངས་ལ་ཆགས།།
          གངས་ལ་ཆགས་ཤིང་དཀར་རིས་བྱས།། སྒང་གཉིས་སྨུག་པོ་རྫ་ལ་ཆགས།།
          རྫ་ལ་ཆགས་ཤིང་ནག་རིས་བྱས།། འུར་ཐག་ཟེ་མོ་སྒང་བསླས་བྱས།།
          ཡར་འཕངས་ཤ་ཕོའི་རྭ་ཡ་གཅོག། མར་འཕངས་ཡུ་མོའི་རྐང་ཆུང་གཅོག།.
          ཚག་བསྒྲིལ་རྒྱ་སྟག་མཐའ་ལ་འཕངས།.། རྒྱ་ལུག་འབྲི་ཆུ་སྤུངས་སྤུངས་བྱས།།
          ལུག་གཡང་དཀར་བརྒྱ་རེའི་དཔའ་དར་ཐོབ།.། བྱེ་རུའི་བྱུར་རྫོང་འབེབས་པའི་དུས།།   
          ལུག་གཡང་དཀར་བརྒྱ་རེའི་དཔའ་དར་ཡོད།།ཅེས་གསལ་ཞིང་།.གོང་འཁོད་ཀྱི་ནང་དོན་ལ་དཔགས་ན་འུར་རྡོ་ཆུ་མིག་དགུ་སྒྲིལ་འདི་ཐོག་མར་དར་ས་ནི།.གངས་རིན་པོ་ཆེའི་ཕྱོགས་ནས་དར་བར་སྣང་ལ།.འདིར་མདོ་ཁམས་སྒང་བཞི་ཞེས་པ་ལས་སྒང་དྲུག་ཅེས་མི་སྣང་བས་དེར་བརྟགས་ན་སྔ་མོའི་དུས་སུ་མདོ་ཁམས་སྒང་བཞི་བྱ་བ་ལས་སྒང་དྲུག་ཟེར་སྲོལ་མེད་དམ་སྙམ།.     དཔེར་ན། མིའུ་གདུང་བཞི་ལ་རིམ་གྱིས་མིའུ་གདུང་དྲུག་དང་དེ་ནས་བོད་མི་གདུང་དྲུག་ལྟ་བུ་རེད།
          དེ་ཡང་དང་ཐོག་གི་དཔེ་རྙིང་རྣམས་སུ་མིའུ་གདོང་བཞི་བྱ་བ་ལས་གདོང་དྲུག་ཟེར་སྲོལ་མེད་ཀྱང་རིམ་གྱིས་གདུང་དྲུག་ཏུ་གྲགས་པ་བྱུང་ངོ་།།.ཨ་མདོ་བ་མང་ཤས་ཀྱིས་འུར་རྡོ་ལ་འུར་ཆ་ཟེར་བ་ཤས་ཆེ་ཞིང་།.འུར་རྡོ་ཟེར་སྐབས་འུར་མཐིལ་གྱི་རྡོ་ལ་གོ་བར་འདུག. དབུས་གཙང་དང་ཁམས་པས་འུར་རྡོ་བྱ་བ་ལས་འུར་ཆ་ཞེས་མི་སྨྲ་སྟེ།. 《ཏུན་ཧོང་གཏེར་ཡིག》ནང་དུ་འུར་རྡོ་ཞེས་བྲིས་ཡོད་པས་སྤྱི་མིང་གི་སྐབས་སུ་འུར་རྡོ་ཞེས་བྲིས་ན་ལེགས་པར་སེམས་སོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།