རྒྱལ་གཅེས་རིང་ལུགས་པ་ཞིག་ཇི་ལྟར་བྱེད་དགོས།
རྒྱལ་གཅེས་རིང་ལུགས་པ་ཞིག་ཇི་ལྟར་བྱེད་དགོས།
གཡུ་སྲས་ཚེ་རིང་བཀྲ་ཤིས། (པེ་ཅིང)
མི་མང་ཤོས་ཀྱིས་གཞན་ལ་རྒྱལ་གཅེས་རིང་ལུགས་པ་ཞིག་བྱེད་དགོས་ཚུལ་དང་རང་ཉིད་རྒྱལ་གཅེས་པ་ཞིག་ཡིན་ཚུལ་མཐོན་པོར་སྒྲོགས་མོད་ཀྱང་། དོན་དམ་དུ་ཇི་ལྟར་རྒྱལ་ཁབ་ལ་གཅེས་པ་དང་ཇི་ལྟར་རྒྱལ་གཅེས་པ་ཞིག་བྱེད་ཚུལ་ནི་མུན་ནག་མདའ་འཕེན་དུ་གྱུར་འདུག་བསམ།
དེས་ན་རྒྱལ་གཅེས་རིང་ལུགས་པ་ནི་སྒེར་གྱི་ཁེ་ཕན་རྒྱང་དུ་དོར་ནས་སྤྱི་ཡི་ལས་དོན་ཕྲག་ཏུ་ལེན་མཁན་ལ་ཟེར་ཞིང་། རྒྱལ་གཅེས་རིང་ལུགས་པ་ནི་ཚིག་སྐམ་ཁ་རུ་འདོན་པ་ལས་སྤྱི་དོན་ལག་ཏུ་བསྒྲུབ་མཁན་ལ་བྱ། རྒྱལ་གཅེས་རིང་ལུགས་པ་ཞིག་བྱེད་རྒྱུ་ནི་ཀུན་སྤྱོད་ཀྱི་བློ་སྦྱོང་ལ་འབྲེལ་ཡོད་པ་ཞིག་ཡིན་ལ། ཐུན་མོང་ལ་བཟུང་བའི་རྣམ་འགྱུར་ཞིག་ཀྱང་ཡིན་པས། ཀུན་སྤྱོད་དང་རྣམ་འགྱུར་འདི་ཉིད་ཡ་རབས་ཀྱི་ཕྱོགས་སུ་འགྱུར་བ་གཏོང་བར་ངེས་པར་དུ་ཆུང་དུས་ནས་ཁྱིམ་ཚང་དང་སློབ་གྲྭ སྤྱི་ཚོགས་བཅས་ནས་ཀུན་སྤྱོད་སློབ་གསོ་གཏོང་དགོས་ཤིང་། དེ་ཡང་རང་ཉིད་ལ་ངོས་ཟིན་དང་ཁྱིམ་ཚང་ལ་དགའ་བ། སློབ་གྲྭ་ལ་དགའ་བ། རང་གི་མི་རིགས་ལ་དགའ་བ། སྤྱི་ཚོགས་ལ་དགའ་བའི་མི་ཞིག་ཏུ་ཆགས་དགོས། འདི་ལྟ་བུའི་གཏན་ཚིགས་ངེས་ཅན་ཞིག་བརྒྱུད་པས་ད་གཟོད་རྒྱལ་ཁབ་ལ་དགའ་བའི་མི་ཞིག་ཏུ་ཆགས་སྲིད། བྱེ་བྲག་གིས་སྤྱི་གྲུབ་པ་དང་རང་མཚན་གྱིས་སྤྱི་མཚན་གྲུབ་པ་ནང་བཞིན་ཏུ་འདི་ལྟར་ཆུང་ས་ནས་མགོ་བརྩམས་པར་གྱུར་ཚེ་ད་གཟོད་མངོན་གསལ་གྱི་འབྲས་བུ་ཆེན་པོ་ཞིག་འོངས་ངེས།
ཡང་འགའ་ཞིག་གིས་མི་རིགས་ལ་དགའ་བ་དང་རྒྱལ་ཁབ་ལ་གཅེས་པ་གཉིས་ནི་འགལ་བ་ལྟགས་སྤྲོད་ཅིག་ཏུ་ལྟ་ཚུལ་བཟུང་ཡོད་ལ། མི་རིགས་ལ་དགའ་བར་གྱུར་ཚེ་རྒྱལ་ཁབ་ལ་གནོད་སྐྱེལ་ངེས་པའི་ལྡོག་པའི་གཏན་ཚིགས་ཞིག་བཟུང་ཡོད་པ་དེ་ནི་རྩ་བ་ནས་ནོར་འཁྲུལ་ཆེན་པོ་ཞིག་རེད། ལར་གུ་དོགས་པའི་མི་རིགས་རིང་ལུགས་པ་ཞིག་ང་ཚོ་གཞར་ཡང་བྱེད་མི་འོས་པས། མི་རིགས་ལ་དུངས་ཞེན་ཆེ་བ་དེ་གུ་དོགས་པའི་མི་རིགས་རིང་ལུགས་པ་ཡིན་པས་མ་ཁྱབ་ལ། རྒྱལ་ཁབ་ལ་དགའ་བ་དེའང་དབང་འཛིན་པའི་ནོར་འཁྲུལ་དང་ཡི་གར་མི་འགྲོ་བའི་རིག་གནས། མུན་ནག་གི་སྤྱི་ཚོགས་ལའང་དགའ་དགོས་པས་མ་ཁྱབ། ང་ཚོའི་རྒྱལ་ཁབ་ནི་མི་རིགས་ང་དྲུག་གིས་གྲུབ་ཡོད་པ་ཞིག་རེད་ལ། མི་རིགས་སོ་སོ་བ་འདི་དག་མེད་ཚེ་ཀྲུང་གོ་ཟེར་བའང་ཡོད་མི་སྲིད། དེ་བཞིན་ཏུ་མི་རིགས་སོ་སོ་བ་འདི་དག་ལ་མ་དགའ་བར་གྱུར་ཚེ་རྒྱལ་ཁབ་ཟེར་བའི་ཐུན་མོང་ཞིག་ལ་སྤྲོ་བ་སྐྱེ་བའང་ཁྲམ་པའི་ཤོབ་གཏམ་ཡིན་པས། སྔོན་ལ་རང་སོ་སོས་རང་གི་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས། སྲོལ་རྒྱུན། ད་ཡོད་ཀྱི་གནས་ཚུལ་སོགས་ལ་རྒྱུས་ལོན་གཏིང་ཟབ་དང་ཡང་དག་པའི་ངོས་ཟིན་ཞིག་བླངས། དེ་ནས་དེ་ལ་འགྱུར་མེད་ཀྱི་དགའ་བ་ཞིག་སྐྱེ་ངེས་ལ། དགའ་བ་དེ་དང་སྦྲགས་དུས་ནམ་དུ་ཡང་མི་རིགས་ཀྱི་བདེ་སྡུག་སེམས་སུ་ཉར་དགོས། ང་ཚོ་ཚང་མས་ངོ་ཤེས་བའི་གླུ་བ་སྒྲོལ་མ་སྐྱབས་ཀྱི་༸ང་སྐྱིད་ན་སྐྱིད་གླུ་ལེན་ས་དང་སྡུག་ན་སྡུག་གླུ་ལེན་ས་༸ཟེར་བ་འདི་ཡང་ང་ཚོ་ཐུན་མོང་གི་ཚོགས་པ་འདི་ལ་ཟེར་བ་ཡིན། དེ་ལྟར་མི་རིགས་ལ་དགའ་བའི་སེམས་དེ་ཆེ་རུ་བསྐྱེད་ནས་ད་གཟོད་རྒྱལ་ཁབ་ལ་དགའ་བའི་མི་ཞིག་ཏུ་འགྱུར་དགོས་པ་ཡིན། དེ་བས་ན་སྡོམ་ཚིག་འདི་འདྲ་ཞིག་ཀྱང་བཞག་ཆོག་ཏེ་། མི་རིགས་ལ་མི་དགའ་བའི་མི་ཞིག་ནི་རྒྱལ་ཁབ་ལ་དགའ་བའི་མི་ཞིག་ཏུ་གཏན་ནས་འགྱུར་མི་སྲིད་པ་དེའོ།། དེས་ན་རྒྱལ་གཅེས་རིང་ལུགས་པ་ཞིག་བྱེད་པར་ཐོག་མར་རང་ཉིད་ལ་གཅེས་པ་ནས་མགོ་རྩོམ་དགོས་ལ་རང་གི་མི་རིགས་ལ་དགའ་བ་ནས་མགོ་རྩོམ་དགོས་སོ་ཞེས་ཀྱང་སྨྲའོ།།
ཞེས་ངོ་ཤེས་གྲོགས་པོ་ཞིག་གིས་རྒྱལ་གཅེས་རིང་ལུགས་སྐོར་གྱི་རྩོམ་ཐུང་ཞིག་ཕྲིས་ཞེས་པའི་
བསྐུལ་ངོ་མ་བཟློག་པར་སྤྱི་ལོ2011ལོའི་ཟླ9ཚེས25ཉིན་གཡུ་མིང་བས་བྲིས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com