《རང་གྲོལ》དུས་དེབ་ལེགས་བསྒྲུབ་བྱེད་པའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གཏམ་བཤད།

རྩོམ་པ་པོ།:བདུད་ལྷ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-12 11:38:00 ཀློག་གྲངས།:


ས་གནས།  གཅན་ཚ།

དུས་ཚོད།  ༢༠༡༡ལོའི་ཟླ་༦པའི་ཚེས་༢༦ཉིན།

གཏམ་བཤད་པ།  བདུད་ལྷ་རྒྱལ།

ཡི་གེ་བ།   རྐང་གླིང་།                  

      ཁོ་བོར་མཚོན་ན་《རང་གྲོལ》དུས་དེབ་ཕྱིན་ཆད་ཇི་ལྟར་བསྒྲུབ་དགོས་པའི་སྐོར་ལ་བསམ་བློ་མང་པོ་ཞིག་བཏང་མེད་པས་ན།  འདི་གར་ཁོ་བོས་མི་སྒེར་གྱི་བསམ་ཚུལ་ཁོ་ནས་དུས་དེབ་འདིའི་གལ་ཆེའི་རང་བཞིན་དེ་ཅུང་ཙམ་བཤད་ན་ནི། 

      སྤྱིར་ན་རེབ་འདིའི་དུས་དེབ་ཀྱི་མིང་ལ་《རང་གྲོལ》ཞེས་བཏགས་པ་དེ་དོན་སྙིང་དང་ལྡན་པ་ཞིག་ཡིན་པ་ཚང་མས་ཤེས་གསལ་ལྟར་རེད། 

      དེས་ན་ཁོ་བོས་འདི་གར་གཙོ་བོ་དོན་གྲུབ་རྒྱལ་ཉིད་བོད་ཀྱི་རྩོམ་རིག་གསར་བའི་སྣེ་འདྲེན་པ་ཞིག་(འདི་གར་“སྣེ་འདྲེན་པ”ཟེར་བ་ལས་“སྲོལ་འབྱེད་པ”ཞེས་བཤད་ན་མི་འོས་སྙམ། སྤྱིར་“སྲོལ་འབྱེད་པ”ནི་གཏན་ནས་མེད་པ་ཞིག་གསར་དུ་བཏོད་མཁན་ཡིན་པས་ཕྱིར་རོ)སྟེ་སྔར་བོད་ལ་མེད་པ་ཞིག་འདྲེན་ཐུབ་པའི་ཆ་ནས་དམ་པ་ཁོང་གི་མཚན་དུས་དེབ་ཀྱི་མིང་ལ་བཞག་པ་འདི་ཤིན་ཏུ་དོན་དང་མཐུན་པ་ཞིག་རེད་བསམས་ཡོད། 

      རང་གྲོལ་གྱི་ཆ་ནས་བཤད་ན་བོད་ལ་རྩོམ་རིག་གསར་བ་དར་ནས་ལོ་ངོ་སུམ་ཅུ་ལྷག་འགོར་བའི་དུས་ཡུན་འདི་ལ་ཕྱིར་འཁོར་ནས་འདང་རེ་བརྒྱབ་ན། ལོ་རྒྱུས་ཀྱི་མིག་དབང་སྤྱད་དེ་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་བོད་ཀྱི་རྩོམ་རིག་གི་ཐད་བྱས་རྗེས་རླབས་པོ་ཆེ་བཞག་ཡོད་པ་དེ་གཞན་གྱིས་དོ་ཟླ་མི་ཉན་པ་ཞིག་རེད།

      ཡང་བོད་ཀྱི་རྩོམ་རིག་ལོ་ངོ་སུམ་ཅུའི་ཡུན་ལ་འཕེལ་རྒྱས་བྱུང་ཡོད་པས། ད་ལྟའི་མིག་དབང་སྤྱད་དེ་བལྟས་ན་རང་གྲོལ་ཁོང་གི་རྩོམ་ཡིག་དང་འབྲི་སྟངས་ཀྱི་ཐད་ན་ཞན་ཆ་དང་མི་འདང་སའང་ཡོད་ངེས་པ་ང་ཚོས་ཁས་ལེན་དགོས་ཏེ།  དེ་ཡང་རིམ་གྱིས་ཁ་ཇེ་གསལ་དུ་འགྲོ་ངེས་མོད།    གལ་ཆེ་བ་ནི་རང་གྲོལ་ཁོང་ཉིད་བོད་ལ་རྩོམ་རིག་གསར་བ་ཆེས་ཐོག་མ་དར་དུས་ཏེ་ལོ་རབས་བརྒྱད་ཅུ་བའི་བར་སྐབས་དེ་ལ་བཞག་སྟེ་ཁོང་གི་རྩོམ་ལ་བལྟས་ན་ཐུན་མོང་མ་ཡིན་པའི་གཟི་བརྗིད་ཀྱི་ཆ་དང་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་ཀྱི་ཆ་དེ་ང་ཚོས་མཐོང་ཐུབ་ཡོང་བསམ་གི

      དེ་ལ་གཙོ་བོ་ཕྱོགས་གསུམ་གྱི་ཆ་བགོས་ཏེ་བཤད་ཆོག་པ་ནི།

      དང་པོ་ཡིན་ན་རང་གྲོལ་གྱིས་བོད་ཀྱི་རྩོམ་རིག་གི་ཁྲོད་དུ་རྩོམ་ལུས་གསར་བ་སྟེ།  བརྩམས་སྒྲུང་དང་སྙན་ངག  ལྷུག་རྩོམ་བཅས་རྩོམ་ལུས་གསུམ་གྱི་སྟེང་ནས་ད་ལྟའི་སྐད་དུ་བཤད་ན་ཨང་དང་པོ་ཏག་ཏག་བླངས་ནས་ཡོད་པ་སུས་ཀྱང་ཤེས་སྲིད་དེ།   བརྩམས་སྒྲུང་གི་ངོས་ནས་བཤད་ན་《དར་མཚོ་དང་འབྲུག་མཚོ》ལྟ་བུ་དང་།  སྙན་ངག་གི་ངོས་ནས་བཤད་ན་ཚང་མས་རྒྱུན་དུ་《ལང་ཚོའི་རྦབ་ཆུ》བཤད་ཀྱིན་པ་དེ་བཞིན་དེ་ཡིན་པ་སྨྲས་མ་དགོས་པ་ཞིག་རེད་མོད།  འོན་ཀྱང་ང་ཚོས་ཞིབ་འདང་ཞིག་བརྒྱབ་ན་དོན་གྲུབ་རྒྱལ་གྱིས་སྲོལ་རྒྱུན་སྙན་ངག་བྲིས་ཏེ་རང་མོས་སྙན་ངག་འབྲི་བའི་འཕེལ་རིམ་གྱི་གོ་རིམ་དེ་ལ་བལྟས་ན་སྲོལ་རྒྱུན་ནས་བཟུང་སྟེ་གློ་བུར་དུ་ལང་ཚོའི་རྦབ་ཆུ་བྱུང་བ་ཞིག་ཀྱང་མ་ཡིན་པར། བར་གླགས་དེ་གར་《རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ》ལ་སོགས་པ་གསར་ཪྙིང་ཟུང་འདྲེས་དང་ཡང་ན་ཪྙིང་བའི་ཁྲོད་དུ་གསར་བ་བསྲེས་ཡོད་པ་དང་། གསར་བའི་གྲུབ་ཆ་ཡོད་པའི་བརྩམས་ཆོས་མང་པོ་ཞིག་མཐོང་རྒྱུ་ཡོད་པ་རེད།  འདི་ཡང་བོད་ཀྱི་སྲོལ་རྒྱུན་སྙན་རྩོམ་གཞི་རྐང་བྱས་ཏེ་མི་རིགས་གཞན་གྱི་རྩོམ་ལུས་ལ་འབྲེལ་འདྲེས་བྱས་ནས་དེའི་ཁྲོད་དུ་འཚོལ་དཔྱོད་བྱས་ཏེ་རྩོམ་ལུས་རྣམ་པ་གསར་བ་ཞིག་ཏུ་བསྒྱུར་བའི་གོ་རིམ་དེ་ཡིན་པས་ཁོའི་རྩོམ་རིག་གསར་རྩོམ་གྱི་ལམ་བུ་དེ་ལ་ཞིབ་ཏུ་དཔྱོད་རིན་ཡོད་པར་འདོད།  གང་ལྟར་ཡང་《ལང་ཚོའི་རྦབ་ཆུའི》ངོས་ནས་བཤད་ན་བོད་ཀྱི་སྙན་ངག་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཡིན་པ་དང་དབུ་ཁྱུད་གསར་བ་ཞིག་ཡིན་པ་ཚང་མས་ཤེས་སྲིད་མོད།  དེའི་ཡན་ཆད་དུ་འདང་རྒྱག་རྒྱུ་ཞིག་ཡོད་པ་ནི་བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་རིམ་གྱིས་གྲུབ་ཆ་གསར་བ་ཞུགས་པའི་གསར་བཏོད་ཀྱི་ཆ་དེ་ཡང་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པར་ངེས།  དེ་བཞིན་ལྷུག་རྩོམ་གྱི་ཆ་ནས་བཤད་ནའང་ཚང་མས་ཤེས་གསལ་ལྟར་《རྐང་ལམ་ཕྲ་མོ》ལྟ་བུ་རེད།

        དེས་ན་བོད་ཀྱི་རྩོམ་པ་པོ་གཅིག་གིས་རྩོམ་ལུས་མི་འདྲ་བ་གསུམ་གྱི་ལམ་ནས་ཨང་དང་པོ་བླངས་ཡོད་པ་འདིས་རྩོམ་པ་པོ་འདི་ཉིད་རྣམ་དཔྱོད་ཀྱི་རྩལ་རྫོགས་པ་དང་ཚོར་བ་རྐྱེན་པོ་ཞིག་ཡོད་པ་ནི་སྤྱིར་བཏང་གི་མི་ཞིག་དང་མི་འདྲ་བའི་ཁྱད་ཆོས་དེ་མཐོང་ཐུབ་པ་རེད། 

        སྤྱིར་ན་བོད་ཀྱི་རྩོམ་རིག་གསར་བ་དར་བའི་རྒྱུ་རྐྱེན་གྱི་ངོས་ནས་བཤད་ན་དེ་ལ་ཕྱི་རྐྱེན་དང་ནང་རྐྱེན་གཉིས་ཡོད་ངེས་ཏེ།  ལོ་རབས་བརྒྱད་ཅུ་བའི་ནང་དུ་འཚོ་སྡོད་བྱས་ཡོད་པའི་བོད་ཀྱི་ཡོན་ཏན་པ་ཞིག་ལ་མཚོན་ནས་བཤད་ན་ཕྱི་རྐྱེན་ཚང་མ་འདྲ་མཚུངས་ཡིན་ངེས་ཏེ།  གཙོ་བོ་མི་བཞི་ཤོག་ཁག་རྡུལ་དུ་བརླགས་པ་དང་རིག་གནས་གསར་བརྗེ་ཆེན་མོའི་མཇུག་སྒྲིལ་བ།  དེའི་རྗེས་སུ་མི་རིགས་སྲིད་ཇུས་ཡང་དག་པ་ཞིག་བྱུང་སྟེ། མི་རིགས་རང་གི་སྐད་དང་ཡི་གེ་བེད་སྤྱོད་བྱེད་ཆོག་པ་དང་། མི་རིགས་རང་གི་བྱ་བ་རང་གིས་གཉེར་ཆོག་པའི་གོ་སྐབས་ཐོབ་པ་དེ་བོད་ཀྱི་རྩོམ་རིག་ལ་མཚོན་ནས་བཤད་ན་ཕྱི་རྐྱེན་ཆེན་པོ་ཞིག་ཡིན་ངེས།  དོན་འདིའི་ངོས་ནས་བཤད་ན་བོད་ཀྱི་ཡོན་ཏན་པ་ཚང་མ་འདྲ་མཚུངས་ཡིན་ངེས་མོད།  འོན་ཀྱང་དོན་གྲུབ་རྒྱལ་གཅིག་པུས་དེ་ལྟ་བུའི་བྱས་རྗེས་ཆེན་པོ་ཞིག་ཇི་ལྟར་འཇོག་ཐུབ་པ་དེའི་ངོས་ནས་ད་གཟོད་ཁོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་དགེ་མཚན་མངོན་ཡོང་བ་ཞིག་རེད། 

        ཡང་ནང་རྐྱེན་གྱི་ངོས་ནས་བཤད་ནའང་དོན་གྲུབ་རྒྱལ་ལ་ཐུན་མོང་མ་ཡིན་པའི་ནང་རྐྱེན་ཞིག་གི་དབང་འབྱོར་བའང་མ་ཡིན་ཏེ།  ལྷག་ཏུ་དེ་རིང་འདིར་འདུས་པའི་མི་སྣ་འདི་དག་ལ་མཚོན་ནས་བཤད་ནའང་དོན་གྲུབ་རྒྱལ་ལས་ང་ཚོ་ལ་མཐུན་རྐྱེན་འཛོམས་ཡོད་ངེས།  དེ་ཅིའི་ཕྱིར་ཞེ་ན།  དོན་གྲུབ་རྒྱལ་ཁོ་རང་ལ་མཚོན་ནའང་རིག་གནས་གསར་བརྗེ་ཆེན་མོ་བརྒྱུད་དེ་འོངས་པ་ཞིག་ཡིན་པས།  ཁོས་སློབ་ཆུང་དང་སློབ་འབྲིང་།  སློབ་གྲྭ་ཆེན་མོ་སོགས་ནས་མྱངས་པའི་སློབ་གསོ་དེ་དེ་ལྟའི་འཐུས་ཚང་ཞིག་དང་བདེ་ཐང་ཅན་ཞིག་མ་ཡིན་པར།  ཚང་མས་རིག་གནས་སམ་ཤེས་བྱ་ཅེས་པ་ཕལ་བར་བཞག་སྟེ་གསར་བརྗེ་དང་འཐབ་རྩོད་ཀྱི་ཁོར་ཡུག་ཁྲོད་འཚར་ལོངས་བྱུང་བ་ཞིག་རེད།  ཚུལ་དེ་ལས་ང་ཚོ་དང་བསྡུར་ན་ཁོ་ལ་ཆ་རྐྱེན་གྱིས་མི་ལོངས་པར་བསམ།   ཡིན་ནའང་དོན་གྲུབ་རྒྱལ་ལམ་ཁོ་དང་དུས་མཉམ་གྱི་སློབ་གྲྭ་ཆེན་མོ་བའམ་ཡང་ན་ཁོ་ལས་རྒན་པའི་རྩོམ་པ་པོ་དག་གི་སློབ་གསོའི་མྱོང་བ་དེ་སྤྱིའི་ཆ་ནས་འདྲ་མཚུངས་ཡིན་མོད།  འོ་ན་དོན་གྲུབ་རྒྱལ་གྱིས་ཆེས་ཐོག་མར་རྩོམ་རིག་གི་སྒོ་མོ་ཕྱེས་ཐུབ་པའི་རྒྱུ་མཚན་ཅི་ཡིན་པའི་ཕྱོགས་ལ་ང་ཚོས་བསམ་གཞིགས་ཤིག་བྱས་ན། ཡང་ཁོང་གི་ཐུན་མོང་མ་ཡིན་པའི་དགེ་མཚན་དེ་མཐོང་ཐུབ་གི 

         དེ་ལ་ཡང་ནང་རྐྱེན་ཞེས་པ་དེ་ཁ་གསལ་བོར་བཀྲལ་ན་གཙོ་བོ་བོད་ཡིག་གི་རྨང་གཞི་བརྟན་པོ་ཞིག་ཡོད་བཞིན་བོད་ཡིག་གི་ལམ་ནས་རང་གི་བསམ་དོན་དེ་མཚོན་ཐུབ་པ།  རྒྱ་ཡིག་གི་ལམ་ནས་བརྩམས་སྒྲུང་དང་སྙན་ངག  ལྷུག་རྩོམ་ཞེས་རྩོམ་ལུས་གསར་བ་ཞིག་ཡོད་པ་མཐོང་རྐྱེན་བྱས་ཏེ་རྒྱ་ཡིག་ཤེས་པའི་ལམ་ཁ་དེ་ནས་རྩོམ་ཡིག་གཞན་པ་ཞིག་དང་རིག་གནས་གཞན་པ་ཞིག་ལ་འབྲེལ་འདྲེས་བྱ་ཐུབ་པ་དེས་ཁོ་རང་ལ་བློ་སྐྱེད་གསར་བ་ཞིག་བྱུང་སྟེ་རང་གིས་ཀྱང་བོད་ཡིག་གི་ལམ་ནས་བོད་ལ་འདི་ལྟ་བུའི་རྩོམ་རིག་ཅིག་དར་དུ་འཇུག་ཐུབ་ན་སྙམ་པའི་བསམ་ཚུལ་དེ་དོན་གྲུབ་རྒྱལ་ལམ་ཡང་ན་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་མགོ་ཡི་རྩོམ་པ་པོ་མཐའ་དག་ལ་དེ་ལྟ་བུའི་བློ་སྐྱེད་དམ་མི་རིགས་ཀྱི་འགན་ཁུར་དང་རྩོམ་རིག་གི་འགན་ཁུར་དེ་བདོག་ནས་ཡོད་པ་རེད།  དེ་བས་རྐྱེན་གང་གི་ཆ་ནས་ཀྱང་སྐབས་ཐོག་དེའི་བོད་ཀྱི་རྩོམ་པ་པོ་རྣམས་ལ་མཚོན་ན།  ཕྱི་རྐྱེན་དང་ནང་རྐྱེན་འདྲ་མཚུངས་རེད་མོད།   འོན་ཀྱང་དོན་གྲུབ་རྒྱལ་ཁོང་གིས་ཅིའི་ཕྱིར་རྩོམ་རིག་གསར་བའི་སྒོ་མོ་ཐོག་མར་ཕྱེ་ཐུབ་པ་དེ་ཁོང་གི་དགེ་མཚན་ངེས་ཟིན་ཐུབ་པའི་རྐྱེན་གཅིག་རེད་བསམ་ཀི

         དེའི་རྗེས་སུ་ཁོང་གི་བྱས་རྗེས་སམ་དགེ་མཚན་དེ་བརྗོད་བྱའི་ངོས་ནས་བལྟས་ན་ད་དུང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་ལོ་རབས་བརྒྱད་ཅུའི་མགོ་དེ་ལ་བོད་ཀྱི་རྩོམ་སྟེགས་སུ་བརྩམས་སྒྲུང་གི་ཤས་ཆེ་ལ་ལྷག་པར་དུ་བོད་ཡིག་གི་ལམ་ནས་གསར་རྩོམ་གནང་མཁན་གྱི་རྩོམ་པ་པོ་རེ་རེར་རྩོམ་ཐབས་འདྲ་མིན་སྣ་ཚོགས་པ་ཞིག་བྱུང་ནས་འདུག  དེ་དག་ལས་བརྗོད་བྱ་ཕལ་ཆེ་བ་ཞིག་སྔོན་གྱི་རིག་གསར་སྐབས་ཀྱི་གྲལ་རིམ་གྱི་འགལ་བ་དང་ཡང་ན་ཞིང་བྲན་མང་ཚོགས་ཀྱི་དཀའ་སྡུག་གི་རྣམ་པ་སོགས་འབྲི་འགོད་བྱས་ཏེ་ཕན་ཚུན་དབྱེ་འབྱེད་ཀྱིས་ཕྱོགས་གཅིག་ལ་བསྟོད་པ་དང་ཕྱོགས་གཅིག་ལ་དགག་པའི་བསམ་བློ་དེ་ལྟ་བུ་ཞིག་གི་འོག་ཏུ་ཐར་ཐུབ་ཀྱིན་མེད་པ་ཞིག་རེད་འདུག  དེ་ལྟ་བུའི་རྩོམ་ཡིག་མང་པོ་ཞིག་ང་ཚོས་མཐོང་ཡོད་པ་ནི་དཔེར་ན་《དྭ་ཕྲུག་གི་ལས་དབང》དང་《བུ་མོ་སྤུན་གསུམ་གྱི་རྣམ་ཐར》སོགས་ཤིན་ཏུ་མང་པོ་ཞིག་ཡོད་པ་ཚང་མ་དོན་གྲུབ་རྒྱལ་དང་དུས་མཉམ་དུ་བྱུང་བ་ཤ་སྟག་ཡིན་མོད།  འོན་ཀྱང་དོན་གྲུབ་རྒྱལ་གྱི་རྩོམ་ཡིག་གི་ཁྲོད་དུ་བོད་ལྗོངས་ཀྱི་སྤྱི་ཚོགས་ཪྙིང་བའི་འཚོ་བ་མཚོན་པའི་བརྗོད་བྱ་གང་ཡང་མེད་པ་རེད།   དེ་བྲིས་མི་ཆོག་ཟེར་བ་མིན་མོད།  འོན་ཀྱང་འབྲི་ཚུལ་དང་རྩོམ་རིག་གི་ལྟ་བའི་ངོས་ནས་བཤད་ན།  གོང་དུ་བཤད་ཟིན་པ་བཞིན་རྩོམ་རིག་གིས་ཆབ་སྲིད་ལ་ཞབས་འདེགས་ཞུ་བ་ཞིག་ནི་མ་ཡིན་པ་དེ་ཤེས་ཐུབ།  ད་ལྟ་བལྟས་ན་ང་ཚོས་ཀྱང་རྩོམ་རིག་དེ་རང་རྐྱ་འཕེར་བ་ཞིག་ཡིན་པ་ཤེས་ཟིན་མོད།  སྐབས་དེ་དུས་བོད་སྤྱིའི་རྩོམ་རིག་གི་ལྟ་བ་དེ་ཡོངས་སུ་ཆབ་སྲིད་ཀྱི་ཁ་དབུགས་ལས་ཐར་མེད་པར་རྩོམ་རིག་གིས་ཆབ་སྲིད་ལ་ཞབས་འདེགས་ཞུ་བ་ཞིག་ཏུ་གྲུབ་ནས་ཡོད།   འོ་ན་ཀྱང་དོན་གྲུབ་རྒྱལ་གྱིས་སྐབས་དེ་འདྲ་ཞིག་ལ་རང་གི་ཚོར་བའམ་རྣམ་དཔྱོད་ཀྱི་རྩལ་ཤུགས་དེས་ལམ་དེ་བདམས་མེད་པ་ནི་ཡོངས་གྲགས་ཀྱི་འདུ་ཤེས་འཛིན་སྟངས་དེའི་རྗེས་སུ་ཞུགས་མེད་པ་དེ་མཚོན་ལ།  རང་ཉིད་ཀྱི་མྱོང་བ་དང་རང་སྣང་གཙོར་བཟུང་ནས་རང་གི་ལམ་ཁ་ཞིག་དེད་ཡོད་པ་དེས་ཁོའི་རྩོམ་ཡིག་གི་བརྗོད་བྱའི་ཐད་ཐུན་མོང་མ་ཡིན་པའི་དགེ་མཚན་མཚོན་ནས་ཡོད་པ་རེད།  (སྤྱིའི་ཆ་ནས་བཤད་ནའང་རང་སྣང་ངམ་རང་མྱོང་དེ་གལ་ཆེ་བ་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་དུ་འགའ་རེ་བདེན་དཔང་བྱས་ནས་ཡོད་པ་ནི་གཞན་རྗེས་མ་འབྲངས་པར་རང་རྐྱ་ཐུབ་ནས་ཡོད་པའི་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་ལྟ་བུ་དག་གིས་མཚོན་ནས་ཡོད་པ་ང་ཚོས་ཤེས་གསལ་རེད)

        གསུམ་པ་རྩོམ་རིག་གི་ལྟ་བའི་ཆ་ནས་བཤད་ན།

        གོང་དུ་བཤད་པ་བཞིན་དོན་གྲུབ་རྒྱལ་གྱི་རྩོམ་གྱི་བརྗོད་བྱ་དེ་ཆབ་སྲིད་དང་ཁད་ཀྱིས་བཅད་པས་ན་ཁོའི་བརྗོད་བྱའི་བསྟན་དོན་དེ་ཇི་འདྲ་ཞིག་རེད་ཟེར་ན།  ཁོང་གི་བརྩམས་ཆོས་ཀྱིས་གཙོ་བོ་བོད་ཀྱི་རིག་གནས་ཤོད་ཀྱིན་ཡོད་དེ།  ཁ་སང་དེ་རིང་དོན་གྲུབ་རྒྱལ་ལ་གདེངས་འཇོག་བྱེད་པ་དེ་ཡང་ཁོ་བོས་བལྟས་ན་རིག་གནས་ཀྱི་ངོས་ནས་གདེངས་འཇོག་བྱས་པར་ངེས་ཏེ།  སྤྱི་བས་གླེང་སྒྲོས་སུ་དོན་གྲུབ་རྒྱལ་ཉིད་ཪྙིང་བ་ལ་དགག་པ་ཚ་ནན་གཏོང་ཐུབ་མཁན་ཞིག་དང་།  མ་མཐའ་ཡང་ཪྙིང་པ་ལ་དོགས་དཔྱོད་བྱེད་མཁན་ཞིག  གསར་བའི་ལངས་ཕྱོགས་ཚུགས་ཐུབ་ཏུ་གནས་ཐུབ་པ་ནས་གསར་བའི་དར་ཆ་སྒྲེང་མཁན་གྱི་བསམ་བློ་གསར་བ་དང་མི་རབས་གསར་བ་ཞིག་ཏུ་མིང་འདོགས་མཛད་གནང་ཡོད་པ་རེད།  དེ་ཉིད་རྩོམ་རིག་གི་གནས་ཚུལ་དང་མཐུན་ནམ་ཞེས་ན་དེ་ཉིད་མཐུན་པ་ཞིག་རེད།  འོན་ཀྱང་ཁོ་བོ་མི་སྒེར་གྱི་ལྟ་ཚུལ་ཞིག་ལ་དེ་ཉིད་ངོས་གཅིག་ཡིན་པ་མ་གཏོགས།  མཐའ་གཅིག་ཏུ་དགག་པ་ཞིག་མ་རེད་འདོད།  ཚུལ་དེ་གང་ནས་རྟོགས་ཐུབ་ཅེ་ན།  ང་ཚོས་དོན་གྲུབ་རྒྱལ་གྱི་“མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང”ཞེས་པའི་སྐད་ཆ་གཅིག་པོ་དེ་ལ་གཞི་འཛིན་གྱིན་དོན་གྲུབ་རྒྱལ་གྱིས་ཪྙིང་ཞེན་དང་སྲོལ་རྒྱུན་ལ་དགག་པ་བཏང་འདུག་ཟེར་བ་དང་།   ཡང་ན་《སྤྲུལ་སྐུ》ལྟ་བུ་ཞིག་བྲིས་པ་ཙམ་གྱིས་ཪྙིང་ཞེན་དང་སྲོལ་རྒྱུན་ལ་དགག་པ་བཏང་འདུག་པར་བཤད་མོད།  འོན་ཀྱང་ང་ཚོས་《ལང་ཚོའི་རྦབ་ཆུ》མགོ་ནས་མཇུག་བར་དུ་བཀླགས་པ་ཡིན་དུས།  བསམ་བློ་དེ་ཆ་ཚང་ཞིག་མིན་པ་ཤེས་ཐུབ་པ་ནི་རྩོམ་དེའི་ནང་དུ་“ཁྱོད་མེད་ན་སྒྲ་རིག་པའི་རལ་གྲི་ལ་ངར་ཇི་ལྟར་སྡུད”ལ་སོགས་པའི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སོགས་མཚན་གྱིས་སྨྲས་ཏེ་མཇུག་ཏུ་གཞོན་ནུ་རྣམས་ཀྱིས་འདི་ཚང་མར་རྒྱུན་འཛིན་བྱ་དགོས་པའི་སྐད་ཆ་བཤད་ཡོད་པ་དེ་ང་རང་གིས་བལྟས་ན་རང་འགར་ཟུར་རྒྱན་ཙམ་དུ་ཤོད་པ་ཞིག་ནི་མ་ཡིན་པར་ཁོང་གི་བསམ་ཚུལ་ངོ་མ་རེད་འདོད།  དེ་བས་ང་ཚོས་ནམ་ཡང་དོན་གྲུབ་རྒྱལ་གྱི་རྩོམ་ཡིག་དེ་གསར་བ་ཁོ་ན་ཞིག་གི་སྟེང་དུ་བཤད་ཀྱིན་ཡོད་མོད།  དེ་གསར་བ་ཁོ་ན་ཞིག་གི་སྟེང་དུ་གནས་ཡོད་པ་ཞིག་མ་ཡིན་པར་ད་དུང་ཡང་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཤ་ཚ་བའམ་ཞེན་ཆགས་དེ་ཡོད་ཁུ་བསམ་ཡོང་།  ཚུལ་དེ་《ལང་ཚོའི་རྦབ་ཆུ》ལས་ཤེས་ཐུབ་པ་མ་ཟད།  《རྐང་ལམ་ཕྲ་མོར》མཚོན་ནའང་རྩོམ་མཇུག་ཏུ་རྐང་ལམ་བསྐྱུར་དེ་གཞུང་ལམ་བསྙེགས་ཟིན་པའི་རྒྱུ་མཚན་ཞིག་བསྟན་ནས་ཡོད་མོད།  འོན་ཀྱང་རྩོམ་གྱི་སྤྱི་ཁོག་ལ་བལྟས་པས་ཁོའི་སེམས་ཁོང་གི་ན་ཟུག་གཙོ་བོ་དེ་དོན་གྱིས་རྐང་ལམ་བསྐྱུར་རྒྱུ་དེ་མ་ཡིན་པར་རྐང་ལམ་དེ་ཁ་ཤོ་སྣ་རལ་དུ་འགྱུར་གྱིན་ཡོད་མོད།  སྡེ་མི་རྣམས་ཀྱིས་རྐང་ལམ་གྱི་རླབས་ཆེན་གཟི་བརྗིད་བརྗེད་པ་ནས་རྐང་ལམ་དེ་ཞིག་གསོ་དང་རྒྱ་བསྐྱེད་པའི་ཕྱོགས་ལ་བསམ་བློ་གཏོང་གིན་མེད་པ་དང་དེ་ཞིག་གསོ་བྱེད་པའི་ནུས་པ་མི་འདུག་ཅེས་པ་དེ་རྩོམ་གྱི་བར་གསེབ་གང་རུང་དུ་ཡོད་ལ། ཡང་ན་རྩོམ་ཧྲིལ་བོའི་གཞུང་ལ་ཁྱབ་ཡོད་པའི་རྣམ་ཤེས་སམ་བརྗོད་བྱའི་སྙིང་བོ་རེད་བསམ།

        རྐང་ལམ་དང་གཞུང་ལམ་གྱི་མཚོན་དོན་དེ་གཅིག་གིས་སྲོལ་རྒྱུན་མཚོན་པ་དང་གཅིག་གིས་བསམ་བློ་གསར་བ་མཚོན་གྱིན་ཡོད་མོད།  འོན་ཀྱང་དོན་གྲུབ་རྒྱལ་གྱི་སེམས་པའི་གཏིང་རིམ་དུ་གསར་བ་བཤད་པའི་དུས་མཚུངས་སུ་ཪྙིང་བ་དེ་ལའང་ཤ་ཚ་དང་ཤ་ཞེན་གྱི་ཆ་ཞིག་གྲུབ་ནས་ཡོད་བསམ་ཀི

        ཡང་ལ་ལ་ཞིག་གིས་འདི་ལྟར་བཤད་པས་དོན་གྲུབ་རྒྱལ་གྱི་བསམ་བློའི་གོ་འཕང་དེ་ལ་སྨད་པར་བརྗོད་ནའང་ང་རང་གི་ལྟ་ཚུལ་དུ་དེ་སྨད་ཡོད་པ་ཞིག་མ་རེད་བསམ།  དེའི་རྒྱུ་མཚན་ནི་དོན་གྲུབ་རྒྱལ་གྱི་བསམ་བློ་དེ་སྐབས་ཐོག་དེའི་ལོ་རྒྱུས་རྒྱབ་ལྗོངས་དང་ཐོད་གཏུག་པ་ཡིན་དུས་དེ་ཉིད་ཁོང་རང་གི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་ཀྱི་རྩལ་ཅིག་ཡིན་པ་ཤེས་ཐུབ་པ་ནི་བོད་ཀྱི་རིག་གནས་འདི་ལ་དུས་འགྱུར་གྱི་དབང་གིས་ཆག་འཇིག་རབ་དང་རིམ་པ་ཞིག་བྱུང་མྱོང་ཡོད།  དེ་བཞིན་ང་ལྟ་བུ་ཞིག་གི་ན་ཚོད་ཀྱི་ངོས་ནས་ལོ་རབས་བརྒྱད་ཅུ་བའི་མགོ་དེ་དང་ལྷག་པར་དུ་བོད་ཀྱི་རིག་གནས་དང་བོད་མི་རིགས་ཀྱི་ལས་དབང་ལ་སེམས་ཁུར་བྱེད་ཀྱིན་པའི་གནས་སྐབས་དེའི་བོད་ཀྱི་རིག་གནས་ཀྱི་རྣམ་པ་དེ་ཅི་ལྟ་བུ་ཞིག་ཡིན་པའི་སྐོར་ལ་ཞིབ་འདང་རེ་བརྒྱབ་ན་དོན་གྲུབ་རྒྱལ་གྱིས་ཐོག་མར་སྲོལ་རྒྱུན་རིག་གནས་མྱུར་སྐྱོབ་ཀྱི་ཕྱོགས་ལ་འབོད་སྐད་དེ་བསྒྲགས་ཟིན་པ་ཞིག་ཡིན་པ་ཁོ་ཐག་རེད་ལ།  བསྒྲགས་ཟིན་པ་དེ་ཁོང་གིས་དུས་རབས་ཀྱི་དགོངས་དོན་ཁོང་དུ་ཆུད་ནས་ཡོད་པས་སོ། །

        དེ་ཡང་ཅི་ལྟར་ཤེས་ཐུབ་ཅེ་ན། དོན་དྲུག་དོན་བདུན་གྱི་བར་གཞི་དེའམ་གང་ལྟར་མི་བཞི་ཤོག་ཁག་རྡུལ་དུ་བརླག་པ་དང་ཡང་ན་རིག་གནས་གསར་བརྗེ་ཆེན་མོའི་མཇུག་བསྡུས་པའི་སྐབས་དེར་བོད་ཀྱི་རིག་གནས་ཞེས་པ་རླུང་ཁྲོད་ཀྱི་མར་མེ་ལྟ་བུ་ཞིག་ཏུ་གྱུར་ནས་ཡོད་པ་ནི་རྒན་རབས་པ་སྐོར་ཞིག་ཚར་བ་ནས་ཤུལ་དུ་ཨ་ལགས་དུང་དཀར་ཚང་ལྟ་བུའི་མཛུབ་གུ་བཙུགས་དང་ཆོག་པའི་མཁས་པ་རེ་གཉིས་ཀྱིས་བོད་ཀྱི་རིག་གནས་སླར་གསོ་ཡི་ནུས་པ་འདོན་གྱིན་པ་མ་གཏོགས་སློབ་ཆེན་པའི་དགེ་རྒན་དག་གི་ཆུ་ཚད་ཀྱང་མང་པོ་ཞིག་བཤད་དགོས་དོན་མེད་པས་ན་དེ་ལས་ཆེན་པོ་ཆེན་པོ་མང་པོ་ཞིག་བརྩི་རྒྱུ་མེད་པ་ལྟ་བུ་རེད། 

        དེ་ལྟ་བུ་ཞིག་གི་དབང་གིས་དོན་གྲུབ་རྒྱལ་གྱི་སེམས་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཤ་ཞེན་གྱི་ཆ་ཞིག་ཡོད་པ་གནས་ལུགས་དང་མཐུན་པ་ཞིག་རེད་འདོད།  སྤྱིའི་ཆ་ནས་ཀྱང་རྩོམ་པ་པོ་ཞིག་ཡིན་ན་དུས་རབས་དེ་མྱོང་འཇུག་ཐུབ་པ་ནས་དུས་རབས་དེའི་མགྲིན་ཚབ་པ་བྱེད་རྒྱུ་མ་གཏོགས་གཞུང་ལུགས་ཀྱི་རྗེས་འབྲངས་པ་ཡིན་དུས་རང་མྱོང་དེ་མེད་པས་ན་དོན་སྙིང་མེད་ཀི་བསམ་ཡོང་། 

        དེ་བས་ལོ་རབས་བརྒྱད་ཅུ་བའི་ནང་དུ་བོད་ཀྱི་རྩོམ་པ་པོ་དང་ཤེས་ཡོན་པའི་འདུ་ཤེས་དེ་སད་རྟོགས་ཀྱི་གོ་རིམ་ཞིག་ཏུ་བསྙེས་ཏེ་བོད་མི་རིགས་ཀྱི་རིག་གནས་ཀྱི་འགན་ཁུར་ལ་སོ་ལྟ་བྱས་དུས་འགན་ཁུར་དེ་དོན་གྱིས་གཉིས་ཏེ།  ཪྙིང་བ་ཉམས་ཟིན་པ་དེ་སླར་གསོ་དང་།  མི་རིགས་དེ་མུ་མཐུད་མདུན་དུ་བསྐྱོད་དགོས་ན་ཪྙིང་བ་ཁོ་ནས་དོན་བྱེད་དུ་མེད་པར་གསར་བའང་ནང་འདྲེན་བྱེད་དགོས་པ་དེ་དུས་རབས་དང་མཐུན་པ་ཞིག་རེད་འདོད།  གནས་ཚུལ་འདི་ལྟ་བུ་ཞིག་གི་ངོས་ནས་དོན་གྲུབ་རྒྱལ་གྱི་རླབས་ཆེ་ས་དེ་དང་ཐུན་མོང་མ་ཡིན་པའི་དགེ་མཚན་དེ་རྟོགས་ཐུབ་ཀི་བསམ་ཞིང་། དུས་དེབ་འདིའི་མིང་ལ《རང་གྲོལ》ཞེས་གསོལ་བའང་དོན་སྙིང་དང་ལྡན་པ་ཞིག་རེད་འདོད་དོ། ། 

        གསལ་བཤད།  སྒྲ་ལས་ཕབ་ཞུ་བྱས་པ་ཡིན་ཙ་ན་སྐྱོན་ཆ་ཅི་ཡོད་ཡི་གེ་བ་རང་གི་སྐྱོན་དུ་བལྟ་བ་ལས་རྒན་ཁོང་གི་ནོར་འཁྲུལ་དུ་ངོས་འཛིན་མི་རུང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།