བོད་ཀྱི་ཞེ་སའི་སྐོར་ལ་ཅུང་ཟད་གླེང་བའི་གཏམ་རྨ་བྱ་མྱོས་པའི་དབྱར་རྔ།
གཉིས་པ་། ཞེ་སའི་ཚིག་གི་གྲུབ་ཚུལ་རྣམ་པ།
སྤྱིར་ཞེ་སའི་ཚིག་ལ་གྲུབ་ཚུལ་རྣམ་པ་མང་དུ་ཡོད་ངེས་ཀྱང་འདིར་ཁོ་བོས་རང་གི་ཤེས་ཚོད་ཀྱིས་ཕྱོགས་དྲུག་གི་ཐོག་ནས་རགས་ཙམ་འཆད་རྒྱུ་ཡིན།
(1)དོ་མཉམ་གྱི་རྣམ་པ། དེ་ནི་ཕལ་སྐད་ཁྲོད་ཀྱི་བྱ་ཚིག་དང་མིང་ཚིག་རྒྱན་ཚིག་སོགས་ལ་བལྟོས་ནས་དེ་དང་འཚམ་པའམ་དོ་མཉམ་པའི་ཞེ་སའི་ཚིག་གྲུབ་ཚུལ་གྱི་རྣམ་པ་ཞིག་ལ་ཟེར་ཏེ་དཔེར་ན། ཕལ་སྐད་ཁྲོད་ཀྱི་བཤད་ལྟ་བུར་རང་དང་ཆ་མཉམ་པའི་ཞེ་ཚིག་གསུང་ལྟ་བུ་དང་། ཕལ་སྐད་ཁྲོད་ཀྱི་ཐ་སྙད་མིག་ལྟ་བུར་ཞེ་སའི་ནང་སྤྱན་ལྟ་བུ། དེ་བཞིན། ཉན་ལ་གསན། ཁ་ལ་ཞལ། སོ་ལ་ཚེམས། མགོ་ལ་དབུ། ཕ་ལ་ཡབ་དང་མ་ལ་ཡུམ། ཆུ་ལ་ཆབ་ལྟ་བུའོ། འོན་ཀྱང་དཔེར་ན། ཕལ་སྐད་ཀྱི་བཤད་ལ་གསུང་དང་ལག་ལ་ཕྱག ལྕེ་ལ་ལྗགས་ལྟ་བུ་དེ་ལྟར་འདོགས་དགོས་པའི་རྒྱུ་མཚན་གང་ཡང་དྲངས་རྒྱུ་མེད་པས་དེ་རིགས་བཏགས་མིང་འདོད་རྒྱལ་དུ་འདོད་སྙམ།
(2) ཁ་སྣོན་གྱི་རྣམ་པ། དེ་ནི་ཕལ་སྐད་ཐ་སྙད་ཅིག་ཞེ་སར་འགྱུར་དུས། ཕལ་སྐད་ཁྲོད་ཀྱི་མིང་ངམ་ཚིག་དེའི་གོང་འོག་གང་རུང་ཞིག་ཏུ་དེ་དང་འབྲེལ་བ་ཡོད་པའི་ཞེ་ཚིག་སྦྱར་ནས་ད་གཟོད་ཞེ་སར་གྲུབ་པའི་རྣམ་པ་ཞིག་ལ་ཟེར་ཏེ། དཔེར་ན། ཕལ་སྐད་ཀྱི་སྐྲ་ཞེས་པའི་མིང་དེའི་གོང་དུ་དེ་དང་འབྲེལ་བ་ཡོད་པའི་ཞེ་སའི་ཚིག་དབུ་ཞེས་སྦྱར་ན་དབུ་སྐྲ་ཞེས་ཞེ་སར་གྲུབ་པ་ལྟ་བུ་ལ་ཟེར། དེ་བཞིན། སྤོས་ལ་གཟིམ་སྤོས། དེབ་ལ་ཕྱག་དེབ། ཁྱི་ལ་གཟིམ་ཁྱི། ཁང་པ་ལ་གཟིམ་ཁང་། གདན་ལ་བཞུགས་གདན། ཇ་ལ་གསོལ་ཇ།ཞྭ་ལ་དབུ་ཞྭ། ཆང་ལ་མཆོད་ཆང་ལྟ་བུའོ།།
(3)ཚབ་བྱེད་ཀྱི་རྣམ་པ། དེ་ནི་ཕལ་སྐད་ཁྲོད་ཀྱི་མིང་ངམ་ཚིག་ཅིག་དེ་དང་འབྲེལ་བའི་ཞེ་ཚིག་ཅིག་གི་ཚབ་བྱས་པའམ་བརྗེས་ཏེ་ད་གཟོད་ཕལ་སྐད་དེ་ཞེ་ཚིག་ཏུ་གྲུབ་པའི་རྣམ་པ་ཞིག་ལ་ཟེར་ཏེ། དཔེར་ན། ཕལ་སྐད་སེམས་རྒྱུད་ཅེས་པ་ཞེ་ཚིག་གི་རྣམ་པའི་ཐོག་ནས་བཀོལ་སྤྱོད་བྱེད་དགོས་ཚེ། སེམས་ཞེས་པའི་ཐ་སྙད་དེ་དེ་དང་འབྲེལ་བ་ཡོད་པའི་ཞེ་ཚིག་ཐུགས་ཀྱིས་ཚབ་བྱེད་པའམ་བརྗེས་ན་ཐུགས་རྒྱུད་ཅེས་ཞེ་ཚིག་ཏུ་གྲུབ་པ་ཞིག་ལ་ཟེར་བ་ཡིན། དེ་བཞིན། ཁ་ཆེམས་ལ་ཞེ་ཚིག་ཏུ་བཀའ་ཆེམས་དང་ཞལ་ཆེམས། ལག་ཤུབས་ལ་ཕྱག་ཤུབས། ངོ་ཤེས་ལ་ངོ་མཁྱེན་པའམ་ཞལ་འཚོར་བ། ཁ་གྱེས་ལ་ཞལ་གྱེས། ངུ་སྐད་ལ་ཤུམས་སྐད། ངག་ལན་ལ་ཞལ་ལན། གླ་ཕོགས་ལ་གསོལ་ཕོགས། ལྟ་བུའོ།།
(4)མཉམ་འདུས་ཀྱི་རྣམ་པ། དེ་ནི་ཕལ་སྐད་ཀྱི་མིང་ངམ་ཚིག་དེ་ཞེ་སའི་ཐོག་ནས་བཀོལ་སྤྱོད་བྱེད་པའི་སྐབས་སུ། ཕལ་སྐད་དེ་ཉིད་ཞེ་སའི་ཚིག་གཉིས་སམ་གཉིས་ཡན་ཆད་མཉམ་དུ་འདུས་ནས་གྲུབ་པའི་རྣམ་པ་ཞིག་ལ་ཟེར་བ་ཡིན། དཔེར་ན། ཕལ་སྐད་ཁྲོད་ཀྱི་མ་བུ་ཞེས་པ་དེ་ཞེ་ཚིག་གི་རྣམ་པའི་ཐོག་ནས་བཀོལ་སྤྱོད་བྱ་དགོས་ཚེ། མ་ལ་ཞེ་ཚིག་ཏུ་ཡུམ་དང་། བུ་ལ་སྲས་ཞེས་བྱ་བས་མ་བུ་ཞེས་པའི་ཕལ་ཚིག་དེ་ཞེ་ཚིག་ཡུམ་དང་སྲས་གཉིས་མཉམ་དུ་འདུས་ནས་ཡུམ་སྲས་ཞེས་ཞེ་ཚིག་ཏུ་གྲུབ་པའི་རྣམ་པ་ཞིག་ལ་ཟེར། དེ་བཞིན་དཔེར་བརྗོད་དུ། སེམས་སྐྱིད་པོ་ལ་ཐུགས་མཉེས་པོའམ་ཐུགས་སྤྲོ་པོ། ཁ་བཏགས་གཡོགས་པ་ལ་མཇལ་དར་བསྒྲོན་པ། གཉིད་ཅོག་རྒྱག་པ་ལ་མནལ་ཅོག་སྐྱོན་པ་ལྟ་བུའོ།།
(5)མཉམ་འདྲེས་ཀྱི་རྣམ་པ།ཕལ་སྐད་ཁྲོད་ཀྱི་ཐ་སྙད་དེ་ཞེ་ཚིག་གི་རྣམ་པའི་ཐོག་ནས་འབྲི་དགོས་པའམ་འཆད་དགོས་ཚེ། ཕལ་སྐད་ཁྲོད་ཀྱི་ཐ་སྙད་དང་དེའི་ཞེ་ཚིག་གཉིས་ལྷན་དུ་འདྲེས་ནས་སྦྱར་ན། ད་གཟོད་ཕལ་སྐད་ཁྲོད་ཀྱི་ཐ་སྙད་དེ་ཞེ་ཚིག་ཏུ་གྲུབ་པ་ཞིག་ལ་ཟེར་བ་ཡིན། དཔེར་ན། ཕལ་སྐད་ཁྲོད་ཀྱི་ཐ་སྙད་མིག་ཞེས་པ་ཞེ་ཚིག་གི་རྣམ་པའི་ཐོག་ནས་བཀོལ་དགོས་ཚེ། མིག་ཞེས་པ་ཞེ་ཚིག་ཏུ་སྤྱན་ཟེར་བ་ཡིན་པས། ཕལ་སྐད་ཁྲོད་ཀྱི་ཐ་སྙད་མིག་དང་དེའི་ཞེ་ཚིག་སྤྱན་གཉིས་མཉམ་དུ་འདྲེས་ནས་སྦྱར་ན་སྤྱན་མིག་ཅེས་ཞེ་སར་གྲུབ་པའི་རྣམ་པ་ཞིག་ལ་བྱ་བ་ཡིན།དེ་བཞིན་སྐད་ལ་གསུང་སྐད།གཟུགས་ལ་སྐུ་གཟུགས་ལྟ་བུའོ།(མཉམ་འདུས་ཀྱི་རྣམ་པ་དང་མཉམ་འདྲེས་ཀྱི་རྣམ་པ་གཉིས་ཀྱི་ཁྱད་པར་ནི་མཉམ་འདུས་ནི་ཞེ་ཚིག་གཉིས་མཉམ་དུ་འདུས་པ་ལ་བྱ་ཞིང་། མཉམ་འདྲེས་ཀྱི་རྣམ་ པ་ནི་ཕལ་སྐད་ཁྲོད་ཀྱི་ཐ་སྙད་དེ་དང་དེའི་ཞེ་ཚིག་གཉིས་མཉམ་དུ་འདྲེས་ནས་ཞེ་སའི་ཚིག་ཏུ་གྲུབ་པ་ཞིག་ལ་ཟེར་བ་ཡིན)
(6)གྲུབ་ཚུལ་རྣམ་པ་གཞན། ཞེ་སའི་ཚིག་གི་གྲུབ་ཚུལ་རྣམ་པ་གཞན་ཞིག་ནི། སྤྱིར་བཏང་དུ་དཔེར་ན་ལུས་དང་འབྲེལ་བ་ཡོད་པའི་དབང་པོའམ་ཆ་བྱད་སོགས་ལ་ཕལ་ཆེ་བར་མདུན་དུ་སྐུ་ཞེས་སྦྱོར་བ་སྟེ། དཔེར་ན་སྐུ་གཟུགས་དང་སྐུ་སྐེད། སྐུ་བྱད་དང་སྐུ་ཤ། སྐུ་བསོད་དང་སྐུ་རུས།སྐུ་གདུང་སོགས་དང་། ཡང་རྐང་པ་དང་འབྲེལ་བ་ཡོད་པའི་ཐ་སྙད་ཀྱི་མགོར་ཞབས་ཞེས་སྦྱོར་སྲོལ་ཡོད་དེ། དཔེར་ན། ཞབས་ལྷམ་དང་ཞབས་པུས།ཞབས་སེན་དང་ཞབས་སུག ཞབས་བྲོ་དང་ཞབས་ཕྱག་ལྟ་བུ། དེ་བཞིན་མིག་དང་འབྲེལ་བ་ཡོད་པར་སྤྱན་མིག་དང་སྤྱན་ཤེལ། སྤྱན་ཆབ་དང་སྤྱན་གཟིགས་ལྟ་བུའོ།།
གསུམ་པ། ཞེ་སའི་དབྱེ་བ་ཕྲན་བུ་བཤད་པ།
སྤྱིར་བོད་ཡུལ་སྟོད་སྨད་བར་གསུམ་ཕལ་ཆེ་བར་ཞེ་ས་བཀོལ་སྤྱོད་བྱེད་ཀྱི་ཡོད་ཅིང་།དེའི་ནང་ནས་བོད་ལྗོངས་ཁུལ་ཀྱི་ལྷ་ས་དང་གཞིས་ཀ་རྩེ། ལྷོ་ཁ་སོགས་ཀྱི་སྐད་ཆའི་ཁྲོད་ཞེ་ས་དེ་བས་ཕུན་སུམ་ཚོགས་ཤིང་བེད་སྤྱོད་བྱེད་མཁན་ཅུང་མང་བ་དང་ཨ་མདོའི་སྐད་དང་ཁམས་སྐད་ནང་ཞེ་ས་བེད་སྤྱོད་ཅུང་ཉུང་བ་རེད།
ཞེ་ས་ལ་ཁ་ཐོག་དང་ཡིག་ཐོག་ཁག་གཉིས་སུ་དབྱེ་ཞིང་། ཁ་ཐོག་གི་ཞེ་ས་བོད་ཡུལ་ས་ཆ་སོ་སོར་མི་འདྲ་བའི་གནས་ཅུང་མང་ཞིང་།ཡིག་ཐོག་གི་ཞེ་ས་བོད་ཡོངས་གཅིག་གྱུར་ཀྱི་ཆ་ཅུང་མང་བ་ཡིན། བོད་ཀྱི་ཞེ་ས་ལའང་བྱ་ཚིག་དང་མིང་ཚིག ཚབ་ཚིག་དང་རྒྱན་ཚིག་སོགས་ཀྱི་དབྱེ་བ་དུ་མ་ཡོད་ཀྱང་དེའི་ནང་ནས་མིང་ཚིག་དང་བྱ་ཚིག་གིས་ཞེ་ཚིག་ཁྱོན་ཡོངས་ཀྱི་བརྒྱ་ཆ་བརྒྱད་བཅུ་ཙམ་ཟིན་ཀྱི་ཡོད། དེའང་བརྗོད་ས་བརྗོད་ཡུལ་མི་འདྲ་བར་གཞིགས་ཏེ་ལ་ལ་ནི་གུས་བཀུར་བརྩི་འཇོག་ཞུ་ཚུལ་མཚོན་པ་དང་། ལ་ལ་ནི་ཉམས་བརྗིད་སྒམ་བརླིང་ལྡན་པའི་གཟི་ཉམས་མཚོན་པ། ལ་ལ་ནི་མཛའ་ཞིང་བརྩེ་བའི་ངང་ཚུལ་མཚོན་པ་དང་ཁེངས་སྐྱུངས་ཉམ་ཆུང་འཛིན་པའི་ཁྱད་རྟགས་མཚོན་པ་སོགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད།
(1)མིང་གི་ཞེ་ས།སྤྱིར་གདགས་གཞི་ཕུང་པོ་ལྔ་ཚང་བའི་གང་ཟག་མི་དང་འབྲེལ་བ་ཡོད་པའི་བྱ་སྤྱོད་དང་རྣམ་འགྱུར། ངང་ཚུལ།འགྲོ་བ་མིའི་ཟས་གོས་འགྲོ་སྡོ་དང་ལུས་ཀྱི་དབང་པོ། སེམས་ཁམས་དང་ལག་ཆ་ལ་སོགས་ཕལ་ཆེ་བར་ཞེ་ས་འཇུག་སྲོལ་ཡོད། མིང་གི་ཞེ་ས་ནི་ཕལ་སྐད་ཁྲོད་ཀྱི་མིང་ལ་ཞེ་ཚིག་ཀྱང་མིང་སྦྱར་བ་དཔེར་ན། ཁ་པར་ལ་ཞལ་པར་དང་། མིག་ཆུ་ལ་སྤྱན་ཆབ།སྡོད་ཁང་ལ་གཟིམ་ཁང་། གདན་ཁྲི་ལ་བཞུགས་ཁྲི། སྐེད་པ་ལ་སྐུ་སྐེད། ཉི་མ་ལ་ཞུགས་ཉི་ལྟ་བུའོ།
(2)བྱ་ཚིག་གི་ཞེ་ས།འགྲོ་བ་མིའི་བྱ་བྱེད་ཀྱི་འགུལ་སྐྱོད་རྣམ་པ་མཚོན་པ་ཡིན་ཏེ། ཉན་པ་ལ་གསན་པ། བལྟས་པ་ལ་གཟིགས་པ། བསྡད་པ་ལ་བཞུགས་པ། སྐྱེས་པ་ལ་འཁྲུངས་པའམ་སྐུ་བལྟམས་པ། མནའ་སྐྱེལ་བ་ལ་དབུ་མནའ་བཞེས་པ། གྲོད་ཁོག་ལྟོགས་པ་ལ་གསོལ་གྲོད་བཅོམས་པ་ལྟ་བུའོ།།
(3)རྒྱན་ཚིག་གི་ཞེ་ས། དཔེར་ན། རྒ་བ་ལ་བགྲེས་པ།རྒྱགས་པ་ལ་སྐུ་ཤ་འབྱོར་པོ། དགའ་ཚོར་ལ་དགྱེས་ཚོར་རམ་མཉེས་ཚོར། མཛེས་པོ་ལ་མཚར་པོ། ལྟ་བུའོ།།
(4)ཚབ་ཚིག་གི་ཞེ་ས། ཁྱོད་ལ་ཁྱེད། ཁྱོད་རང་ལ་ཁྱེད་རང་ངམ་སྐུ་ཉིད། ཁྱོད་གཉིས་ལ་རྣམ་པ་གཉིས།
བཞི་བ། ཞེ་སའི་བཀོལ་སྤྱོད་བྱེད་གནས།
སྤྱིར་ཞེ་སའི་བཀོལ་སྤྱོད་བྱ་ཡུལ་གྱི་ཁྱབས་ཁོངས་ཧ་ཅང་ཆེ་ཡང་འདིར་རྒྱུན་ལྡན་སྤྱི་ཚོགས་ཁྲོད་བེད་སྤྱོད་བྱ་ཡུལ་ཅུང་མང་བའི་གནས་འགའ་འཆད་རྒྱུ་ཡིན།དང་ཐོག་མི་ཕན་ཚུན་འབོད་ཚུལ་ཐད། སྤྱིར་རང་གི་རང་ལ་ཞེ་ས་འཇུག་སྲོལ་མེད་ཀྱང་ས་ཆ་ལ་ལར་མིང་བརྡ་དང་པོའི་སྐབས་སུ་ང་ལ་བདག་དང་། གུས་པ། ཕྲན་ལྟ་བུ་དང། ང་ཚོ་ལྟ་བུར་བདག་ཚོ་ཞེས་འཇུག་སྲོལ་ཡོད་པ་དཔེར་ན། བདག་དེ་རིང་གཉེན་སྒྲིག་མཛད་སྒོར་བཅར་ཐུབ་པ་མིན་འདུག་ལྟ་བུ་གུས་ལུགས་ཚུལ་དུ་འཇུག་པའོ།། མིང་བརྡ་གཉིས་པའི་སྐབས་ཁྱོད་ལ་ཁྱེད་དང་ཁྱོད་རང་ལ་སྐུ་ཉིད། ཁྱོད་གཉིས་ལྟ་བུར་རྣམ་པ་གཉིས་སམ་ཁྱེད་གཉིས་ལྟ་བུ་དང་། མིང་བརྡ་གསུམ་པ་ཁོ་ལྟ་བུར་ཁོང་དང་ཁོ་ཚོ་ལྟ་བུར་ཁོང་ཚོ་དང་ཁོང་རྣམས་པ་ལྟ་བུ། དེ་མིན་འབོད་སྒྲའི་སྐབས། རང་ལས་མཐོ་བའི་མཁས་མཆོག་དམ་པ་ལྟ་བུར་ཀྱེ་ཞེས་འབོད་དགོས་ཏེ། དཔེར་ན། ཀྱེ། སློབ་དཔོན་རིན་པོ་ཆེ་མཆོག་ལྟ་བུ་དང། རང་དང་མཉམ་པར་ཀྭ་ཡེ་ཞེས་འབོད་དགོས་པ། དཔེར་ན། ཀྭ་ཡེ། སློབ་གྲོགས་དོན་གྲུབ་ཚེ་རིང་ལགས།ཁྱེད་བདེ་མོ་ཨེ་ཡིནལྟ་བུ། (ས་ཆ་ལ་ལར་མིའི་མིང་གི་རྗེས་སུ་ལགས་ཞེས་སྦྱོར་སྲོལ་ཡོད་དེ། བཀྲ་ཤིས་ལགས་དང་ལྷ་མོ་ལགས། རྒན་ལགས་དང་ཨ་མ་ལགས་ལྟ་བུ)རང་ལས་དམའ་བར་ཝ་ཡེ་ཞེས་འབོད་སྲོལ་ཡོད་པ། དཔེར་ན་ཝ་ཡེ། བུ་ཆུང་ཁྱོད་གང་ལ་འགྲོའམ་ལྟ་བུ། དེ་མིན་སྐུ་མགྲོན་སོགས་ཡར་བསུ་མར་སྐྱེལ་དང་གསོལ་སྟོན། གཉེན་སྒྲིག་མཛད་སྒོ། འདུ་ཚོགས་དང་གུས་ལུགས་མཛད་སྒོ་སོགས་དང། བསྟན་བཅོས་དང་རྣམ་ཐར་སོགས། ཕན་ཚུན་བཀའ་མོལ་དང་ཁ་བརྡ་། བགྲོ་གླེང་སྐོར་གྱི་འབྲེལ་འདྲིས་སོགས་སུ་གཞོན་པས་རྒན་པར་ཞེ་ས་དང་རིམ་པ་དམའ་བས་ མཐོ་བར་དང་། སློབ་ཕྲུག་གི་དགེ་རྒན་དང་ཕ་མ་སོགས་ལ་ཞེ་ས་བཀོལ་སྤྱོད་བྱེད་སྲོལ་ཡོད་ལ་དམིགས་བསལ་གྱི་ཁོར་ཡུག་ལ་ལར་ཕ་མས་བུ་ལ་ཞེ་ས་སྤྱོད་དགོས་པའང་ཡོད་ལ་མཐོ་བས་དམའ་བར་ཡང་ཞེ་ས་བཀོལ་སྤྱོད་བྱེད་སྲོལ་ཡོད་དོ།
ལྔ་པ། ཞེ་ས་བེད་སྤྱོད་བྱེད་སྐབས་དོ་སྣང་བྱེད་དགོས་པའི་གནད་དོན་འགའ།
(1)ཞེ་ས་རྐང་ཆག་རྒྱགས་རྒྱུ་མེད་པ།ཞེ་ས་རྐང་ཆག་ཞེས་པ་ནི་གཞན་ལ་ཞེ་ས་བཀོལ་སྤྱོད་བྱེད་སྐབས་རང་གི་བཤད་པའི་སྐད་ཆ་དུམ་བུ་དེའི་མགོ་གཞུག་བར་གསུམ་དུ་ཞེ་ཚིག་བཀོལ་སྤྱོད་བྱེད་པ་ལས། དུམ་བུ་སྔ་མར་ཞེ་ཚིག་སྤྱད་ཅིང་དུམ་བུ་གཞུག་མར་ཞེ་ས་མི་བྱེད་པའམ། ཡང་ན་དུམ་བུ་སྔོན་མར་ཞེ་ཚིག་མ་སྤྱད་ཅིང་དུམ་བུ་ཕྱི་མར་ཞེ་ཚིག་བེད་སྤྱོད་བྱེད་པའི་མགོ་མཇུག་མེད་པའི་རྐང་ཆག་ལྟ་བུའི་ཞེ་ས་བཀོལ་སྤྱོད་བྱ་མི་རུང་བ་ཞིག་ལ་ཟེར། དཔེར་ན། གསོལ་ཇ་མཆོད་ལྟ་བུར་ཇ་མཆོད་ཟེར་བའམ་གསོལ་ཇ་འཐུང་ཟེར་བ་ལྟ་བུ་ལ་ཞེ་ས་རྐང་ཆག་ཟེར་བའོ།།
(2)ཞེ་ས་ཐལ་རྒྱུ་མེད་པ། དེ་ནི་ཕ་རོལ་ལ་མཐུན་པའི་ཞེ་ས་འོས་མཚམས་བཀོལ་སྤྱོད་བྱ་དགོས་པ་ལས། གང་བྱུང་དུ་ཞེ་ས་བེད་སྤྱོད་བྱ་རྒྱུ་མེད་པ་ཞིག་ལ་ཟེར་ཏེ། རང་ལས་དམན་པའི་མི་ལ་ཞེ་ས་གང་བྱུང་བྱས་ཚེ་ཕ་རོལ་པོ་ལ་གུས་ཞབས་མཚོན་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་མཐོང་ཆུང་དང་མ་འདོད་པའི་ཚུལ་དུ་འགྲོ་ངེས་ཤིང་། ཡང་ཞེ་ས་དགོས་ངེས་ཀྱི་མཁས་མཆོག་དམ་པ་ལྟ་བུ་རང་ལས་མཐོ་བའི་སྐྱེ་བོར་ཞེ་ས་མ་བྱས་ན། དེས་ཕ་རོལ་པོ་ལ་བརྩི་བཀུར་དང་དད་པ་མེད་པར་འགྲོ་ངེས་ པས་འོས་མཚམས་ཀྱི་ཞེ་ས་བེད་སྤྱོད་བྱ་ཤེས་པ་ཞིག་དགོས།
(3)སྤྱིར་བཏང་དུ་། རང་གིས་རང་ལ་ཞེ་ས་བྱ་མི་རུང་བ་ཡིན། གལ་ཏེ་རང་གིས་རང་ལ་ཞེ་ས་བྱས་པ་ཡིན་ན། ཧ་ཅང་དགོད་བྲོ་བའིགནས་སུ་གྱུར་ངེས་ཤིང་། གཞན་གྱི་འཕྱ་སྨོད་དང་མཐོང་ཆུང་། ཁྲེལ་དགོད་བྱ་ཡུལ་གྱི་གནས་སུ་གྱུར་ངེས་ཡིན་པས་རང་ལ་ཞེ་ས་བྱ་མི་རུང་།
(4) ཕལ་སྐད་དང་ཞེ་ས་མི་ནོར་བ་བྱ་དགོས། དེ་ཡང་དཔེར་ན། ཕལ་སྐད་ཁྲོད་ཀྱི་མཚན་མོའི་མཚན་དང་ཞེ་སའི་ཁྲོད་ཀྱི་མཚན་སྙན་གྱི་མཚན་ལྟ་བུ་ཕན་ཚུན་མ་མཛོལ་བ་བྱེད་དགོས། དེ་ལྟ་བུའི་སྣང་ཚུལ་སྐད་ཆ་ཁ་ཤས་ཁྲོད་འཁྲུལ་སོང་ན་གོ་དོན་ཡང་ལོག་ངེས་ཡིན་པས་ཡིད་གཟབ་བྱ་དགོས་པ་ཞིག་ཡིན།
(5)ཕལ་ཚིག་ཐ་སྙད་ལ་དུས་གསུམ་གྱི་དབྱེ་བ་ཡོད་ཚེ་ཞེ་ཚིག་ཐ་སྙད་ཀྱང་དེ་དང་བསྟུན་ནས་དུས་གསུམ་དབྱེ་དགོས།
(6)དབུས་གཙང་སྐད་དུ་ཞེ་ས་ལ་རབ་འབྲིང་མཐའ་གསུམ་གྱི་ཁྱད་པར་ཡོད་དེ། དཔེར་ན། ལམ་སོགས་ལ་སྤྱིར་བཏང་དུ་འགྲོ་དང་། ཞེ་ས་འབྲིང་བ་ལ་ཕེབས། ཞེ་ས་རབ་ལ་ཆིབས་སྒྱུར་གནང་ལྟ་བུ། དེ་བཞིན། ཞེ་ས་སྤྱིར་བཏང་བ་ལ་ཁ་ལག་དང་། ཞེ་ས་འབྲིང་ལ་ཞལ་ལག ཞེ་ས་རབ་ལ་གསོལ་ཚིགས་ལྟ་བུའོ།
(7)ཞེ་སའི་ཚིག་གཅིག་ཕྱོགས་འགར་བཀོལ་སྤྱོད་བྱ་རུང་བས་དེའི་གོ་དོན་རྟོགས་ཐུབ་པ་དགོས། དཔེར་ན། གསོལ་ཇ་མཆོད། བཞེས་ཐག་མཆོད། ན་བཟའ་མཆོད། དེ་ལྟ་བུའི་མཆོད་ཅེས་པའི་ཞེ་ཚིག་གི་གོ་དོན་རྟོགས་ཐུབ་པ་དགོས་སོ། །
(8)ཕལ་སྐད་ཐ་སྙད་གཅིག་ལ་ཞེ་ཚིག་དུ་མ་སྦྱར་རུང་བ་ཡོད་པས་ཐ་སྙད་དེ་དག་ཞོར་དུ་ཤེས་དགོས་པ་ཡིན། དཔེར་ན། ཕལ་སྐད་སྐེ་དཀྲིས་ལ་ཞེ་ཚིག་ཏུ་མགུལ་ཆིངས་དང་ཞལ་དཀྲིས། ཕལ་སྐད་རིག་པ་ལ་ཞེ་ཚིག་ཏུ་ཐུགས་རིག་དང་མཁྱེན་པ། གཟིགས་པ་དང་། ཕལ་སྐད་ཁྲོད་ཀྱི་ཐ་སྙད་སྐྱེལ་དངོས་ལ་ཞེ་ཚིག་ཏུ་ཕྱག་རྟགས་དང་ཕྱག་རྟེན། འབུལ་མཚན་དང་འབུལ་རྟེན་ལྟ་བུའོ།
(9)སྤྱིར་བཏང་དུ། ཅུང་རྒྱུས་མངའ་ཆུང་བའམ་འབྲེལ་འདྲིས་ཉུང་བའི་མི་དང་སྐད་ཆ་ཤོད་སྐབས་ཞེ་ས་བེད་སྤྱོད་པ་ཅུང་མང་ཞིང་། འབྲེལ་འདྲིས་མང་ཞིང་རྒྱུས་མངའ་ཆེ་བའི་སྐྱེ་བོར་ཞེ་ས་བེད་སྤྱོད་པ་ཅུང་ཉུང་བ་ཡིན།
(10)ཞེ་ས་ལ་རིམ་པའི་ཁྱད་ཆོས་ཡོད་དེ། དཔེར་ན། སྐྱེ་བོ་ཕལ་པ་ཞིག་ཚེ་ལས་འདས་སོང་ན་སྐྱེ་བོ་ག་གེ་མོ་ཞིག་གྲོངས་སོང་ངམ་དགོངས་པ་རྫོགས་སོང་ཟེར་བ་དང་། བླ་མ་སོགས་སྐྱེས་བུ་ཁྱད་འཕགས་དམ་པ་ཞིག་སྐུ་མྱ་ངན་ལས་འདས་སོང་ན་དགོངས་པ་ཆོས་དབྱིངས་སུ་འཐིམས་སོང་ཟེར་བའོ།།
དྲུག་པ། ཞེ་སའི་ཁྱད་ཆོས་སམ་ནུས་པ།
ཞེ་སའི་ནུས་པའམ་ཁྱད་ཆོས་གཙོ་བོ་ནི་མི་སྒེར་རམ་མི་རིགས་ཤིག་གི་གཞན་ལ་གུས་ལུགས་ཀྱི་རྣམ་འགྱུར་མཚོན་པའི་རང་བཞིན་ལྡན་ཞིང་། ཡ་རབས་ཁེངས་སྐྱུང་གི་སྤྱོད་བཟང་མཚོན་པ། མཛའ་ཞིང་བརྩེ་བའི་རང་བཞིན། ཚིག་མཛེས་པར་བྱེད་པའི་རྒྱན་གྱི་རང་བཞིན། དེ་བཞིན་ཞེ་ས་ལ་རིམ་པའི་རང་བཞིན་དང་ཡོངས་ཁྱབ་ཀྱི་རང་བཞིན། མི་རིགས་ཀྱི་རང་བཞིན། སྙན་འཇེབས་ལྡན་པའི་རང་བཞིན་དང་གཏན་ཆགས་ཀྱི་རང་བཞིན་སོགས་ཁྱད་ཆོས་སམ་ནུས་པ་དུ་མ་ཡོད་པའོ། །
མཇུག་བསྡུའི་གཏམ།
མདོར་ན་གོང་དུ་སྨྲས་པ་བཞིན་ཞེ་ས་ནི་རང་ཅག་གངས་རིའི་འདབས་སུ་འཚོ་བའི་ཁ་བ་རི་པའི་བུ་རྒྱུད་ཀྱི་སྨྲ་བརྗོད་ཀྱི་ངག་ལས་འཁྲུངས་པའི་གུས་ལུགས་མཚོན་པའི་ཁྱད་འཕགས་ཀྱི་ཡོན་ཏན་བླ་ན་མེད་པ་ཞིག་ཡིན་པས། དེས་མི་རིགས་ཤིག་གི་བསམ་པའི་དཔལ་ཡོན་དང་བསམ་བློའི་འདུ་ཤེས། ཁྱད་འཕགས་ཀུན་སྤྱོད་དང་ཡང་ན་མི་རིགས་ཤིག་གི་སྣང་བརྙན་ཕྲན་བུ་ཚུར་སྣང་བྱེད་ཐུབ་པས།རང་ཅག་ཕ་སྤྲེལ་མ་སྲིན་གྱི་རྒྱུད་ལས་མཆེད་ཅིང་། གངས་ཆབ་སྔོན་མོ་བཏུང་ནས་ལག་ཆགས་པའི་གངས་ཕྲུག་ཚོས་རྒྱུན་ལྡན་སྤྱི་ཚོགས་འཚོ་བའི་ཁྲོད་རང་མི་རིགས་ཀྱི་ཕུལ་བྱུང་ཞེ་ས་དེ་མི་ཉམས་གོང་སྤེལ་དང་འཛིན་སྐྱོང་བདག་འཛིན་ལ་འཇུག་ནས། སྔོན་བྱོན་མེས་པོའི་རྔུལ་ཆུ་དང་ཁྲག་རྒྱུན་ལས་བལྟམས་པའི་སྲོལ་རྒྱུན་བཟང་པོ་དག་གངས་ཅན་ཨ་སྔོན་གྱི་ལྷ་ལམ་ཡངས་མོའི་ངོས་སུ་བཀྲག་མདངས་ཀྱི་གཟི་བྱིན་ཕྱོགས་བཅུར་འཕྲོ་ཐུབ་རྒྱུར་བརྩོན་བརྒྱ་འབད་སྟོང་གནང་རྒྱུའི་འདུན་པ་ལྟོགས་པ་བཟས་འདོད་དང་སྐོམ་པ་ཆུ་འདོད་བཞིན་བཅངས་བཞིན་ཡོད། ཐེངས་འདིར་གླེང་བའི་བོད་ཀྱི་ཞེ་སའི་་སྐོར་ལ་ཅུང་ཟད་གླེང་བ་ཞེས་པའི་བརྗོད་བྱའི་ནང་དོན་རེ་ཞིག་རྫོགས་པར་བྱས་སོ།།
དཔྱད་གཞིའི་ཡིག་ཆ།
①《ཞེ་སའི་ཚིག་མཛོད་རབ་གསལ་མེ་ལོང》
བསོད་ནམས་རྡོ་རྗེ། བློ་བསྟན་སོགས་ཀྱིས་བསྒྲིགས་ཤིང་བསྒྱུར་བ།
མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ཞིང་འགྲེམ་སྤེལ་བྱས།
1993ལོའི་ཟླ12པར་པར་གཞི་དང་པོ་བསྒྲིགས།
2005ལོའི་ཟླ11པར་པེ་ཅིན་དུ་པར་ཐེངས་གཉིས་པ་བརྒྱབ།
ཤོག་ངོས415
②《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན》
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
རྒྱ་ཡེ་བཀྲ་བྷོ་སོགས་ཀྱིས་སྒྲིག ཤོག་ངོས་༧༡
③④བོད་ལྗོངས་ཞིབ་འཇུག》 2011/1
བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་གཙོ་གཉེར་བྱས།
རུས་མིང་། རྣམ་གླིང་རིན་ཆེན།
སློབ་གྲྭ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ2009ལོའི་བོད་ཡིག་རྩོམ་རིག་ཚན་ཁག་འཛིན་གྲྭ་དང་པོ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com