སྙན་ངག་པ་ན་རོའི༼སྙན་ཞུ༽ལ་ཕྲན་ཙམ་དཔྱད་པ།

རྩོམ་པ་པོ།:ས་དམར་གྲགས་པ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-03 13:50:00 ཀློག་གྲངས།:

བློ་ལ་ཉེ་བའི་སྐད་ཆའི་ཁ་དོག

སྙན་ཞུ།

ན་རོ། ༼ལྷ་ས༽

ཕ་ཡུལ་ནི་སྲིད་གཞུང་གི་ཡིག་ཚགས་ནང་མེད་པའི་མིང་ཡིག་དེ་དང

ལོ་རྒྱུས་ཀྱི་མེ་ཏོག་ལ་རྒྱང་ཐག་རིང་བའི་བུང་བ་དེ་ཡིན

ནམ་ཡང  ལོ་ཏོག་གི་མཛེས་སྡུག

སེམས་ཁུར་དང་དུས་ཚོད་ཀྱི་ར་བ་ནས་བཟུང་སྟེ

སྲིད་གཞུང་གི་བསྡོམས་རྩིས་ལ

ལོ་ལེགས་ཕུལ་བཞིན་ཡོད་ཅིང

རྐུ་བྱས་པ་དང

ཤོབ་གཏམ་པ་དང

ཁྲལ་ལ་བཀྱེད་པ་དང

རྨོངས་པའི་ཚུལ་འཛིན་པ་སོགས་ནི

གཉོམ་ཆུང་གི་མི་དེ་དག་གི

ཡིད་དུ་འོང་བའི་འདུ་བྱེད་ཀྱི་རྒྱ་ཁྱོན་ལགས་པས

ངས  ཕྱུག་པོ་དག  ཇེ་ཕྱུག་ཏུ་འགྱུར་བར་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད་ལ

མེད་པོ་དག  ཇེ་མེད་དུ་གྱུར་བ་ཡང

བྱས་རྗེས་ལ་སྙན་ཞུ་འབུལ་བཞིན་ཡོད    

 

        སྤྱིར་སྙན་ངག་ཅིག་ལ་ཕྲན་དཔྱད་འབྲི་བ་ནི་སྙན་ངག་དང་སྙན་ངག་པའི་སེམས་པའི་ནང་དུ་འཚངས་ནས་དེའི་བླ་སྲོག་ལ་དཔྱད་དགོས་པའི་རླབས་ཆེན་གྱི་བྱ་བ་ཞིག་ཡིན་པས།ཁུངས་མེད་བབ་ཅོལ་དང་མུན་ནང་ལག་སྙོབ་བྱས་པ་ལྟ་བུཞིག་ཡིན་མི་རུང་བའི་དབང་གིས།བདག་གིས་མིག་སྔར་སྙན་ངག་མང་པོ་ཞིག་ཁ་ལྕེའི་བར་ནས་སྐྱུག་ལྡད་བྱས་མོད།འོན་ཀྱང་དེ་དག་གི་རོ་བྲོ་མྱོང་བྱེད་ཀྱི་བདག་གི་ལྕེ་དབང་རྟུལ་དྲགས་པས་མིན་ན་ངའི་སེམས་ངོར་ཚོར་བ་གཞན་སྟེར་བའི་སྙན་ངག་གཅིག་གཉིས་ཤིག་ལས་རྙེད་མ་ཐུབ།སྙན་ངག་པ་ན་རོའི༼སྙན་ཞུ༽ཟེར་བ་འདི་ནི་སྙན་ངག་དེ་དག་གི་ནང་གི་གཅིག་ཡིན་པས །སྙན་ངག་འདིས་རང་གི་བློ་ངོར་ཕབ་པའི་མྱོང་ཚོར་གྱི་ཚོན་རིས་སམ་ཡང་ན་མིག་དབང་གཞན་ཞིག་དང་ལྕེ་དབང་གཞན་ཞིག་གིས་ལོངས་སྤྱོད་བྱས་པའི་མྱོང་བ་ཙམ་བརྗོད་པར་སྤྲོ་སོང་།

        སྙན་ངག་པ་ནི་མི་དམངས་ཀྱི་མགྲིན་ཚབ་པ་ཞིག་ཡིན་དགོས་པ་ནི་ང་ཚོའི་ཁ་མིག་ཡོད་ཡོད་ཚང་མས་བཤད་དང་བཤད་བཞིན་པའི་སྐད་ཆ་ཞིག་ཡིན་པས་ན།ཀློག་པ་བོ་ངོ་མ་ཞིག་ཡིན་ན་སྙན་ངག་པའི་ཁ་སེམས་གཉིས་ལ་ཉེ་རུ་གཅར་རྒྱུ་ང་ཚོའི་བོད་ཀྱི་རྩོམ་རིག་གི་སྐབས་སུ་བབས་པའི་གནད་དོན་གཙོ་བོ་ཞིག་ཏུ་གྱུར་འདུག་པ་བཤད་མ་དགོས་པ་ཞིག་རེད།རྒྱུ་མཚན་སྙན་ངག་གསར་རྩོམ་གྱི་ལམ་ལ་ཞུགས་མཁན་གྱི་མི་རྒྱལ་ཁབ་ཆུང་ཆུང་ཞིག་གི་དམག་མིའི་གྲངས་ཀ་འདྲ་ཞིག་ཡོད་པ་འདིའི་ནང་དང་ནང་ན།སེམས་པ་ན་སྟེ་མིད་པ་ངུས་པའི་སྙན་ངག་བརྩམས་ཆོས་འདི་དག་ལ་གོ་བ་གཏིང་ཟབ་ལོན་མཁན་གྱི་མི་ག་ཚོད་ཡོད་ན་བསམ་གྱིན་ངས་ཁེར་རྐྱང་དུ་ལུས་པའི་སྙན་ངག་པ་དག་གི་མིག་ཆུ་ཧུབ་གང་མི་བཏུང་ག་མེད་བྱུང་སོང་།༼ལག་གསུམ་པ༽མ་ཡིན་པའི་སྙན་ངག་པ་དག་གི་འཁུན་སྒྲ་ཐེངས་ཤིག་ཉན་དགོས་བྱུང་སོང་བས་ངས་སྙན་ངག་པ་ན་རོ༼ཕ་ཡུལ༽ནས་ཆས་ཏེ༼སྲིད་གཞུང༽གི་སྒོ་ཁ་ན་མིང་བྱང་གིས་གང་བའི༼ཡིག་ཚགས༽བོར་སོང་བ་ཞིག་འཚོལ་བཞིན་བའི༼བློ་ལ་ཉེ་བའི་སྐད་ཆའི་ཁ་དོག༽སྣ་ཚོགས་ཤིག་ཀློག་པ་བོ་དག་གི་མིག་ངོར་བཤམས་ན།   

 ༼ཕ་ཡུལ་ནི་སྲིད་གཞུང་གི་ཡིག་ཚགས་ནང་མེད་པའི་མིང་ཡིག་དེ་དང

ལོ་རྒྱུས་ཀྱི་མེ་ཏོག་ལ་རྒྱང་ཐག་རིང་བའི་བུང་བ་དེ་ཡིན༽

ཟེར་བའི་ན་ཟུག་གི་ཨག་སྐད་འདི་ང་ཚོས་སྙན་ངག་འདི་ཀློག་མ་ཐག་རྣ་ལམ་དུ་འཛུལ་མི་འོང་ངམ།ང་ཚོའི་མི་རིགས་སུ་དང་གང་ཡིན་ཡང་དོན་དངོས་ཀྱི་སྐད་ཆ་ཞིག་རྒྱུན་པར་བཤད་ཀྱིན་ཡོད་པ་ནི།༼རྒྱལ་བོའི་རྒྱལ་ས་མ་བདེ་ན་དབུལ་བོའི་མལ་ས་མི་བདེ་ཟེར་བ་དེ་རེད།༽སྲིད་གཞུང་གི་ལག་ནང་དུ་མེ་ཏོག་བཞིན་སྐྱེས་པའི་མི་དམངས་འདི་སྲིད་གཞུང་ཞིག་གི་ཡིག་ཚགས་ནང་ནས་འབོར་གྱིན་པ་ནི་གནད་དོན་གཙོ་བོར་བཟུང་སྟེ་སྙན་ངག་པས་སྲིད་གཞུང་ལ༼སྙན་ཞུ༽འབུལ་གྱིན༼བོང་བའི༽གཟུགས་སུ་གྱུར་བའི་མི་དམངས་འདིའི་སེམས་ཀྱི་སྐད་ཆ་བཤད་ཀྱིན་སྙན་ངག་པ་ཁོང་གིས་ཀྱང་མང་ཚོགས་དཀྱུས་མ་ཞིག་གི་ན་ཟུག་རུམ་ནས་སྲིད་གཞུང་ལ༼བུང་བའི༽གཟུགས་སུ་གྱུར་པའི་མི་དམངས་ཀྱི་ལས་དབང་བརྗོད་ཀྱིན་འདུག་པས་ན་སྙན་ངག་པ་ཁོང་མི་དམངས་ལ་ཁ་ཐག་དང་སེམས་ཐག་ཉེ་བ་ཚོར་ཐུབ།

༼ནམ་ཡང  ལོ་ཏོག་གི་མཛེས་སྡུག 

སེམས་ཁུར་དང་དུས་ཚོད་ཀྱི་ར་བ་ནས་བཟུང་སྟེ 

སྲིད་གཞུང་གི་བསྡོམས་རྩིས་ལ་ལོ་ལེགས་ཕུལ་བཞིན་ཡོད་ཅིང༽

ཟེར་བའི་སྐད་ཆ་ཐེ་ཚོམ་ཅན་འདིས་མང་ཚོགས་ཀྱི་དཀའ་སྡུག་གི་ལས་དབང་དང་བཟོད་ཐབས་དཀའ་བའི་ངལ་རྩོལ་ཀྱི་གཉའ་ཤིང་ལྗིད་པོ་དེ་རྗོད་ཀྱིན་ཡོད་ལ།མི་དམངས་མང་ཚོགས་ཀྱིས་རང་གི་ལུས་ངག་ཡིད་གསུམ་འབྲོག་པའི་ནོར་ལུག་དང་ཞིང་བའི་ས་ཞིང་གི་ཁྲོད་ན་རྔུལ་ཆུ་ལག་པས་ཕྱི་ཁོམ་མེད་པར་སྲིད་གཞུང་གི་བསྡོམས་རྩིས་ལ་ལོ་ལེགས་ཕུལ་བཞིན་པ་ཡང་གསལ་བཤད་བྱས་འདུག་པས།འདི་ནི་བདག་གིས་སྙན་ངག་པ་འདིའི་མིག་ཟུང་གང་ཞིག་གིས་མི་ཚོགས་ཀྱི་སེམས་པ་ནག་ནོག་གི་བར་ནས་ཅི་ཞིག་རིག་ནས་གང་ཞིག་རྟོགས་བྱེད་ཀྱི་བླ་སྲོག་ཡིན་པར་འདོད་བྱུང་།

༼རྐུ་བྱས་པ་དང

ཤོབ་གཏམ་པ་དང

ཁྲལ་ལ་བཀྱེད་པ་དང

རྨོངས་པའི་ཚུལ་འཛིན་པ་སོགས་ནི

གཉོམ་ཆུང་གི་མི་དེ་དག་གི

ཡིད་དུ་འོང་བའི་འདུ་བྱེད་ཀྱི་རྒྱ་ཁྱོན་ལགས་པས༽

ཟེར་བའི་དུམ་བུ་འདིས་ནི་མི་དམངས་མང་ཚོགས་ཀྱི་དཔལ་འབྱོར་དང་མི་གཤིས་ལ་བཟུང་བའི་རྣམ་འགྱུར་གསལ་བོ་ཞིག་བརྗོད་ཀྱིན་ཡོད་ལ།དེ་བས་ཀྱང་གསལ་བོ་ཞིག་ཡོད་པ་ནི་དམིགས་བསལ་གྱི་མིང་ཚིག་འདི་དག་གི་བཙོ་སྦྱང་འོག་ན་ལུས་འདུག་བསམ་བྱུང་།༼རྐུ༽༼ ཤོབ༽༼ ཁྲལ༽སོགས་ཀྱི་ལས་འདི་གང་ནས་བྱུང་བའི་གནད་དོན་ངོ་མ་དེ་ལ་འགྲེལ་བཤད་ཡག་པོ་ཞིག་བྱས་འདུག་པ་ནི་ཆུ་ནང་གི་ཟླ་གཟུགས་བཞིན་འཛིན་མི་ཐུབ་པ་ཞིག་མིན་ན་ཡང་སྙན་ངག་པས་སྙན་ངག་གི་བརྗོད་པའི་ཁྲོད་ན་ཅུང་ཙམ་མག་མོག་ཏུ་བསྐྲུན་འདུག་པར་འདོད་བྱུང་།འདི་ནི་ཡི་གེ་འབྲི་ཤེས་མཁན་ཚང་མས་འབྲི་མི་ཐུབ་པ་ཞིག་ཡིན་པས་ན།༼ཡིད་དུ་འོང་བའི་འདུ་བྱེད་ཀྱི་རྒྱ་ཁྱོན༽འདི་གང་ནས་བྱུང་བའི་ཉེས་པ་དང་དགོས་མཁོ་དག་སྙན་ངག་པས་རང་གི་སྙན་ངག་འདིའི་ཆེས་ཟབ་ས་དེར་སྦས་འདུག་སྟེ་སྙན་ངག་འདིའི་བླ་སྲོག་དང་འདྲེས་སུ་བཅུག་ཡོད་པས།སྙན་ངག་འདིའི་རི་མོ་གྲུབ་ཚུལ་ལེགས་པོ་དེ་འདི་ནས་བྱུང་བར་འདོད་བྱུང་།

༼ངས  ཕྱུག་པོ་དག  ཇེ་ཕྱུག་ཏུ་འགྱུར་བར་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད་ལ

མེད་པོ་དག  ཇེ་མེད་དུ་གྱུར་བ་ཡང

བྱས་རྗེས་ལ་སྙན་ཞུ་འབུལ་བཞིན་ཡོད༽

མཐའ་འཇུག་གི་སྐད་ཆ་འདི་དག་གིས་ང་དང་ཁྱོད་ཀྱི་སེམས་པའི་ནང་དུ་ལག་སྙོབ་བྱེད་ཀྱིན་མི་འདུག་གམ།སྙན་ངག་པའི་སྨྱུག་ཁ༼ཕྱུག་པོ༽དང༼དབུལ་བོ༽གཉིས་ཀྱི་བར་ནས་ངུས་ཏེ།སྙན་ངག་པས་རང་གི་ལྷག་བསམ་གཙང་མའི་ངོགས་སུ་བཏབ་པའི་ཞིང་གྲོང་གི་འཚོ་བ་དང་འབྲོག་པ་མང་ཚོགས་དག་གིས་བཟོད་ཐུབ་ཀྱིན་མེད་པའི་བརྙན་རིས་ཤིག་གིས་སྙན་ངག་འདིའི་མགོ་འཇུག་བར་གསུམ་གྱི་སྐད་ཆ་དག་སྤྱི་བསྡོམས་བྱས་འདུག་ལ།ང་ཚོའི་བོད་སྤྱི་ཚོགས་ཡོངས་ཀྱི་དཔལ་འབྱོར་གྱི་ཕྱོགས་སུ་ཡང་སྙན་ངག་པས་བསམ་གཞིག་མི་དམན་པ་ཞིག་བྱས་འདུག་པས་ན།ང་ཚོའི་སྙན་ངག་ཟེར་བའི་བུ་ཆུང་འདི་བཅོས་འོས་པ་ཞིག་དང་སྙིང་ཉེ་དགོས་པ་ཞིག་ཡིན་པ་ཡང་བཤད་འདུག་པ་རེད་པས།ད་དུང༼ཕྱུག་པོ་དག་ཇེ་ཕྱུག་ཏུ་འགྱུར་བར་བཀྲ་ཤིས་བདེ་ལེགས་ཞུ༽ཟེར་བའི་སྐད་ཆ་འདི་ནི་སྙན་ངག་ཐུང་ཐུང་འདིའི་སྤྱིའི་ཆ་ནས་མི་རིགས་ཀྱི་འདུ་ཤེས་དང་རིག་གནས་ཀྱི་འདུ་ཤེས་ཟད་དུ་མེད་པ་ཞིག་དང་སྙན་ངག་པ་དང་ཁོང་གི་སྙན་ངག་འདི་གྲུབ་བྱེད་ཀྱི་ན་ཟུག་ཏུ་མངོན་འདུག་པས། ༼མེད་པོ་དག༽གི་སང་ཉིན་གྱི་ཉི་འོད་ལ་རེ་ལྟོས་བྱས་འདུག་པ་ཚོར་འོང་བས།ངས་ནི་སྐུ་ཞབས་ལྗང་བུའི་སྙན་ངག་༼མི་སེར་གྱི་ཚབ་བྱས་ཏེ་གྲོང་ཁྱེར་སྲིད་གཞུང་ལ་ཕུལ་བའི་སྙན་ཞུ༽དང་ན་རོའི༼སྙན་ཞུ༽གཉིས་ཀྱི་ཧེ་བག་ཆེན་པོ་དེ་བསམ་བློའི་ཁྱབ་ཆེ་ཆུང་གི་བར་ན་འདུག་སྙམ་བྱུང་བས།ལོ་ཚོད་ལས་བརྒལ་བའི་སྙན་ངག་འདི་ལ་ཕྲན་དཔྱད་འདི་བྲིས་པའོ།།

སྤྱི་ལོ༢༠༡༡ལོའི་ཟླ༤ཚེས༢༦ཉིན་རྫོགས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།