《ང་རང་རྒྱ་མཚོ་ཆེན་པོ་ཞིག་གི་ནང་དུ་ལྷུང་སོང་》ཞེས་པའི་ཕྲན་དཔྱད།
ང་རང་རྒྱ་མཚོ་ཆེན་པོ་ཞིག་གི་ནང་དུ་ལྷུང་སོང་།
རི་སྔོན་བླ་མ་ཐར།
ཡུན་རིང་ལ་བྱི་དོར་མ་བྱས་པའི་གྲུ་གཟིངས་ཤིག་ལ་ཁ་ལོ་བསྒྱུར་ཏེ
སྔོ་ལྗང་གི་གླིང་ཕྲན་ཞིག་གི་ཕྱོགས་སུ་བསྐྱོད་དུས
མཚོ་ཐོག་གི་གྲུ་ཁ་འདི་ནས ངས
དྲོད་འཇམ་གྱི་ཉི་འོད
ཡང་ན་མཛེས་སྡུག་གི་མཚམས་སྤྲིན་དལ་བུར་གཡོ་བ་མཐོང་བྱུང
ཀྱག་ཀྱོག་གི་ཆུ་བོ་འགའ་རྒྱ་མཚོར་བབས་ནས
སླར་ཡང་ཕྱི་མིག་ཡང་ཡང་ལྟ
ཟླ་འོད་དང་སྐར་མ་ཁ་ཤས
ཆུ་ངོས་སུ་ལྡོག་འོད་ལམ་ལམ་འཚེར
དེ་རིང་གི་མཚོ་ཁུག་དང་གླིང་ཕྲན་འདི་དག
སྔར་ལས་ཀྱང་ཡིད་དུ་འོང
འདིའི་སྐབས་སུ
ང་རང་ནི་མཚོ་ཐོག་གི་གྲུ་ལམ་རེ་རེ་བརྒྱུད་ནས
མི་མངོན་པའི་ཡུལ་ཕྱོགས་གང་ཞིག་ལ
གསེར་དངུལ་ཟགས་ལྕགས་ཀྱི་གཏེར་ཁ་རེ་འཚོལ་དུ་འགྲོ་བཞིན་ཡོད་པ་འདྲ
འདི་ནི་རྒྱང་རིང་གི་གནམ་ས་འདྲེས་མཚམས་ཤིག་རེད
འདི་ནི་སྔོ་ལྡེམ་མེར་འཁྱིལ་བའི་རྒྱ་མཚོ་ཆེན་པོ་ཞིག་རེད
ཕ་རོལ་གྱི་དམིགས་སར་སླེབས་རག་བར་དུ
ཁེར་རྐྱང་གི་གྲུ་གཟིངས་འདིས
རླབས་རྒྱུན་དང་གཙུབ་བརྡར་ཡང་ཡང་བྱས་ཏེ
ད་ལྟ་ཡང་ད་དུང་ཡུལ་ཕྱོགས་གང་ཞིག་ལ་འགྲོ་བཞིན་ཡོད
མཚོ་ངོས་ཧྲིལ་བོ་དབེན་སིམ་མེར་ལུས་པའི
མུ་མཐའ་བྲལ་བའི་ཡུལ་འདི་ནས་ཀྱང
འཆར་ཀའི་ཉི་གཞོན་ནམ
གཤོག་འགྱུར་རྩེན་པའི་འདབ་ཆགས་ཁ་ཤས་མཐོང་གིན་འདུག
གྲུ་ཁེམ་དང་ཕར་བའི་རོགས་འདེགས་འོག
ང་རང་ཡང་དང་བསྐྱར་དུ་མདུན་ཕྱོགས་སུ་ཉེ་བར་བཅར
རྒྱ་མཚོའི་མུ་མཐའ་ཇེ་ཆེ་ནས་ཇེ་ཆེ
ངའི་འགྲུལ་བཞུད་ཀྱི་ཁ་ཕྱོགས་ཇེ་མོག་ནས་ཇེ་མོག
སྐབས་དང་སྐབས་སུ
ང་རང་མུ་མཐུད་མདུན་ལ་སྐྱོད་རྒྱུར་སྐྲག་སྣང་ཡང་སྐྱེས
འཐོར་རླུང་ཞིག་དྲག་ཏུ་ལྡང་བ་དང་མཉམ་དུ
ཆ་རྒྱུས་མེད་པའི་རྦ་རླབས་དང་སྨིག་རྒྱུ་རབ་རིབ་འགའ་ཡང
དེ་མ་ཐག་ཕྱོགས་བཞི་མཚམས་བརྒྱད་ནས་འཕྱུར་ཡོང་དུས
རྒྱ་མཚོ་ཆེན་པོ་འདི་གཡོ་སྐྱོམ་ཐེངས་ཤིག་བྱེད
གྲུ་གཟིངས་ལ་གློ་བུར་ཆག་སྐྱོན་བྱུང་བ་འདྲ་བའི་དབང་གིས
དུས་རབས་ཉེར་གཅིག་པའི་ལོ་དང་ཟླ་ཚེས་ག་གེ་མོ་ཞིག་ལ
བདག་མེད་ཀྱི་གཤོག་སྒྲོ་བར་སྣང་དུ་ཐོར་བ་ཇི་བཞིན
ང་རང་རྒྱ་མཚོ་ཆེན་པོ་ཞིག་གི་ནང་དུ་ལྷུང་སོང
ང་ཚོའི་མཐའ་མཇུག་གི་དབུགས་ཀྱི་རྒྱུ་བ་འགག་རྒྱུར
ད་དུང་དུས་ཡུན་ག་ཚོད་དགོས་སམ
༢༠༠༡ལོའི་ཟླ་༡༠བའི་ཚེས་༣ཉིན།
༼ཕྲན་དཔྱད། རེ་རྐང་གླིང་།༽ སྙན་རྩོམ་འདི་མགོ་བརྩམས་མ་ཐག་མིག་ལ་འཆར་རྒྱུ་ཞིག་དང་སེམས་ལ་འཛིན་རྒྱུ་ཅན་གྱི་ཡུལ་ལྗོངས་མཛེས་པོ་ཞིག་དངོས་བཤུས་ཀྱི་ཚུལ་དུ་བཀོད་པ་ནས་རྩོམ་པ་པོའི་ཕུགས་བསམ་གྱི་འདེགས་ཤུགས་དེ་གྲུ་གཟིངས་ཀྱི་གཡོ་སྐྱོམས་ལྟར་སྣང་མིན་གསལ་མིན་དུ་བསྟན་ནས་ཡོད་པ་དེ་རེད་ལ། འཚོ་བའི་རྟོག་འཆར་གྱི་འགལ་འདུ་དེས་ད་གཟོད་སེམས་ཀྱི་རི་རབ་ཡོད་ཅོག་འགུལ་དུ་བཅུག་པ་ནས་ཀྱག་ཀྱོག་གི་ཆུ་བོའི་ཕྱི་མིག་བལྟ་བའི་འཁྲེང་སེམས་དང་། ཆུ་ངོས་སུ་ལྡོག་འོད་ལམ་ལམ་འཚེར་གྱིན་པའི་སྐར་མ་དང་ཟླ་བ་སོགས་ཀྱིས་སྲིད་པའི་འཇིག་རྟེན་གྱི་སྣང་བ་མཐའ་དག་སེམས་ལ་བྲིས་པ་དེས་ད་གཟོད་རང་ཉིད་ཀྱི་དམིགས་འདུན་བྱེ་བྲག་པ་དེ་ལྷིང་ལ་ཕུད་ཡོད་པ་ནི་རང་ཉིད་མ་གཞི་ནས་གསེར་དངུལ་ཟགས་ལྕགས་ཀྱི་གཏེར་ཁ་རེ་འཚོལ་དུ་འགྲོ་བཞིན་པའི་དེད་དཔོན་ཞིག་གམ་སྤྲང་བོ་ཞིག་ཡིན་པ་བསྟན་ནས་ཡོད་པ་དེ་རེད། མཚམས་འདི་ལ་སྙན་ངག་པས་འདོད་མོས་ཀྱི་རྟ་ཁ་སྒེག་སྟེ་ཡང་བསྐྱར་བསམ་གཞིགས་ཀྱི་ཕྲེང་རིམ་བརྒལ་བ་ནི་སྔར་གྱི་རྒྱ་མཚོ་ཆེན་པོའི་མཛེས་སྡུག་གི་རང་བཞིན་དེ་བརྒལ་བར་དཀའ་བའི་མྱ་ངམ་ཐང་ཞིག་ཏུ་བལྟས་ནས་རྒྱ་མཚོའི་མུ་མཐའ་ཇེ་ཆེ་ནས་ཇེ་ཆེར་གྱུར་བ་དང་སྦྲགས་རང་གི་འགྲུལ་བཞུད་ཀྱི་ཁ་ཕྱོགས་ཇེ་མོག་ནས་ཇེ་མོག་ཡིན་པའི་ལྟ་ཚུལ་བཀོད་པ་དེས་སྤྱིར་ན་སྔ་ཕྱི་འགལ་བའི་ཉམས་ཐོན་པར་བྱས་ཡོད་མོད། དེ་ཡང་རྩོམ་པ་པོས་བསམ་གཟས་ཏེ་རང་གི་དམིགས་མེད་ལམ་མེད་ཀྱི་འགྲུལ་བཞུད་དེའི་མཐར་ཐུགས་སྟོང་བའི་དབྱིངས་རིམ་དུ་སིམ་པ་ནས་སྙིང་བོ་མེད་པ་ཞིག་ཏུ་སྟོན་རྒྱུའི་ཐབས་སུ་དེ་ལྟར་བཞག་པར་ངེས་ལ། འཐོར་རླུང་ཞིག་དྲག་ཏུ་ལྡང་བ་དང་མཉམ་དུ་གྲུ་གཟིངས་ལ་གློ་བུར་ཆག་སྐྱོན་བྱུང་བ་འདྲ་བའི་སྐབས་འཕྲལ་གྱི་བྱུར་ཉེས་དེ་ཡང་རང་གིས་རང་ལ་དྲན་སྐུལ་ཞིག་གམ་ཡང་ན་བསམ་ཤེས་ཀྱི་འཕེལ་རིམ་ཞིག་ཏུ་སྟོན་ཐུབ་ཡོད་པ་རེད། བསམ་བློའི་འགེབས་ཤུགས་ཆེ་བའི་སྙན་ངག་འདིའི་བསྟན་དོན་ངོ་མ་དེ་མཇུག་མཐའི་ཚིག་རྐང་ཁྲོད་བརྗོད་ཐུབ་ཡོད་པ་ནི་སྣང་བ་འཕྲུལ་བའི་འགྲུད་བསྐྱོད་པ་ཞིག་གི་དམིགས་ས་རང་ནོག་པར་གྱུར་བས་ཀྱང་ད་དུང་མཚོ་ནང་དུ་ལྷུང་བའི་འགལ་རྐྱེན་ཙམ་དུ་རང་ཉིད་ཤི་མེད་པ་གསལ་བཤད་བྱེད་ཀྱིན་ཡོད་ལ། ང་ཚོའི་མཐའ་མཇུག་གི་དབུགས་ཀྱི་རྒྱུ་བ་འགག་རྒྱུར་སེམས་ཁྲེལ་གཏོང་མཁས་ཀྱིས་རྟོག་སད་པ་ངོ་མ་ཞིག་གི་བགྱི་བ་ལྷུར་བླངས་པ་དེས་ད་གཟོད་དམིགས་སའི་རྒྱུད་དུ་ཐེ་བའི་ཐག་རིང་གི་ཡུལ་ལྗོངས་དེ་ཡང་སྟོང་བ་ཞིག་ནི་མ་ཡིན་པར་ཐབས་དང་ཤེས་རབ་ཀྱི་ལམ་ཁ་དེས་ཐག་གཅོད་དགོས་པར་བློ་གསལ་རྒྱག་གིན་ཡོད་ལ། རྩོམ་པ་པོ་རང་ཉིད་རྨོངས་འཐོམ་གྱི་དུས་རབས་ཤིག་གིས་ཡོངས་སུ་འཁྱུར་མིད་གཏོང་བར་འཇིགས་ཤིང་སྐྲག་ནས་ཡོད་པ་དེ་ཤུགས་བསྟན་དུ་སྦྱར་ནས་ཡོད།
སྙན་རྩོམ་འདི་ལ་ལྡན་ངེས་ཀྱི་ཡོན་ཏན་གཞན་ཞིག་ནི་གཙོ་བོ་འཕྲོ་རིམ་འཕྲོར་མུ་ཏིག་གི་ཕྲེང་བ་བཞིན་བསྟར་ལ་རྒྱུས་ནས་ཡོད་པའི་སྣང་བཪྙན་དེ་དག་རེད་ལ། སྣང་བཪྙན་དེ་དག་རི་མོ་མཁན་ཞིག་གི་པུར་རྩེ་ནས་བཏོན་པ་ཇི་བཞིན་བབ་ཆགས་དང་བསྟུན་མཁས་ཀྱིས་རྒྱ་མཚོའི་སྟེང་གི་བཀོད་པ་དང་སྙན་ངག་པའི་ནང་སེམས་ཀྱི་འགྱུར་བའི་ཉམས་ཚུལ་ལྟར་འགྱུར་ལྡོག་འབྱུང་གིན་ཡོད་པས། ཀློག་མཁན་གྱི་སེམས་ཚོར་དེ་སྙན་རྩོམ་གྱི་དབྱངས་འགྲོས་དང་བསྟུན་མདུན་ཕྱོགས་སུ་བཞུར་ཆོག་པའི་བླ་མེད་ཀྱི་འདེགས་ཤུགས་ཤིག་བཏོན་ནས་ཡོད་པ་དེ་རེད།
སྙན་རྩོམ་འདི་ཀློག་སྐབས་ང་ཚོས་སེམས་སུ་ཧྥ་རན་སིའི་སྙན་ངག་པ་ཆེན་མོ་ལན་པའོ་ཡི་བརྩམས་ཆོས་གྲགས་ཅན་༼གྲུ་ཤན་བཟི་བོ༽ཞེས་པ་དེ་འཆར་ཡོང་ཞིང་། སྙན་རྩོམ་འདི་གཉིས་བསྡུར་བའི་ཚུལ་དུ་བཀླགས་ན་འདྲ་ས་དེ་གཙོ་བོ་སྣང་བཪྙན་སློང་ཚུལ་གྱི་སྟེང་ན་གནས་ཡོད་མོད། ཁ་བྱང་གི་ཚད་བཀག་དེས་ད་གཟོད་སྙན་རྩོམ་འདི་༼གྲུ་ཤན་བཟི་བོ༽ལས་ཅུང་དོག་སྣང་ཅན་གྱི་བབས་སུ་དེད་ཡོད་ཅིང་། མི་འདང་ས་དེ་ཡང་དབུགས་ལྒང་གི་སྐུད་པ་ཆད་པ་བཞིན་ཚོར་བའི་འགྲུལ་བཞུད་དེ་ཁ་བྱང་དང་ཐོད་གཏུག་པའི་ཚུལ་གྱིས་གློ་བུར་མཚམས་བཅད་ཡོད་པ་དེ་ལན་ནས་འདུག་བསམ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com