སྙན་ངག་གི་ཐ་སྙད་བཙོ་སྦྱང་སྐོར་གྱི་བགྲོ་གླེང་།
རྩོམ་སྒྲིག་པའི་གཏམ།
བོད་ཀྱི་སྙན་ངག་འཕེལ་འགྱུར་ལ་བློས་བསླངས་བྱེད་ཅིང་དུངས་པ་ཟབ་པའི་སྐྱེ་བུ་རེ་འགས་མཚོ་སྔོན་པོ་ཟིན་བྲིས་བརྒྱུད་ནས་སྙན་ངག་གི་ཐ་སྙད་བཙོ་སྦྱང་ཞེས་པའི་བརྗོད་གཞི་ཞིག་ལ་སྲེག་བཅད་བརྡར་བཞིན་པས་ན། བོད་ཀྱི་སྙན་ངག་གི་འཕེལ་རྒྱས་ལ་ཅུང་སྨན་པར་འདོད་ནས། འདིར་འདྲེན་བཀོལ་བྱས་པ་ཡིན།
སྐུ་ཞབས་མེ་སྟག་དང་འབྲོང་། ལྷམ་ཀོག་སོགས་ལ་འདྲི་འདོད་པ་ཞིག
ཞོགས་ལྗང་།
ཐོག་མར། བོད་ཀྱི་སྙན་ངག་ལ་བློ་སེམས་རབ་ཏུ་དཀར་ཞིང་། བརྩོན་པ་རྒྱ་ཆེར་གནང་མྱོང་བའི་ཁྱོད་ཚོའི་རྒན་རབས་པ་དག་ལ་སྐུ་ཁམས་བཟང་ཞེས་འདྲི་འདོད་ཅིང་། ཞོར་ནས། དེང་སྐབས་བོད་ཀྱི་སྙན་ངག་ལ་དུངས་པ་བླ་ལྷག་ཏུ་ཆེ་ཞིང་། བློ་སེམས་བརྩེ་གཅིག་ཏུ་འབད་ཀྱིན་པའི་ན་གཞོན་རྩོམ་དགའ་སྐོར་ཞིག་ལ་ཡང་ཡི་རང་ཡོད་ཅེས་བརྗོད་འདོད།
དེ་ནས་སྐབས་བབས་ཀྱི་བརྗོད་དོན་ཕྲན་ཚགས་པའམ། བསམས་ཤིང་བསམས་ན་བརྗོད་བྱ་རྒྱ་ཆེན་པོ་འདི་ཉིད་ཀྱི་སྟེང་དུ་དབབ་པར་བྱ་སྟེ། ཁོ་བོ་རྒྱུན་དུ་འདི་ལྟ་བུའི་དཀའ་ཁག་ལ་ཕྲད་ཅིང་འཕྲད་འོང་། དེ་ཡང་ཁྱོད་ཚོས་བརྗོད་ཅིང་རྗོད་ཀྱིན་པའི་ཐ་སྙད་བཙོ་སྦྱངས་ཞེས་པ་དེ་རེད། སྐད་ཆ་བཤད་ཕྱོགས་འདི་ནི་བོད་ཀྱི་ཆེ་མ་ཆུང་གསུམ་གྱི་རྩོམ་དགའ་དག་གི་ཁ་ན་རླུང་ལྟར་དུ་གྲགས་ཤིང་། ཐ་ན། གཞུང་ལུགས་བརྐུ་བཤུ་དང་སྐམ་བཤད་རྒྱག་གིན་པའི་མཁས་རྒན་དག་དང་སློབ་དཔོན་ཆེན་མོ་དག་གི་ཁ་ན་ཡང་ཤིན་ཏུ་བྲིན། ཡིན་ན་ཡང་། བདག་གིས་མཉན་ཅིང་མཉན་མཐར་ཁྲུན་ཐག་ཁྱོན་ནས་ཆོད་མ་སོང་བ་དང་བློ་ཁ་རྦད་དེ་བདེ་མ་མྱོང་བ་ཡང་འདི་ཉིད་ཡིན།
ཁོ་བོས་རྒྱུན་དུ་ཁྱོད་རང་ཚོའི་བརྩམས་ཆོས་དང་འབྲེལ་ཡོད་གཏམ་བཤད་རེ་གཉིས་ལ་བལྟས་ཤིང་བལྟས་ན། འདི་འདྲའི་ཚོར་བ་ཞིག་སྦྱིན་ཞིང་འོང་། ཐ་སྙད་བཙོ་སྦྱངས་ཞེས་པ་ནི་ཚིག་རྐང་ལེགས་པོ་ཞིག་སྒྲིག་སྦྱོར་བྱ་རྒྱུ་དེ་ལ་ཟེར་བ་ཡིན་ནམ། ཡང་ན། ཚོར་བ་གསོན་པོ་ཞིག་སྟོན་པར་བྱེད་པ་དེ་ཡིན་ནམ། འོ་ན། གཞན་ཞིག་ཡིན་ནམ་སྙམ། ཆུང་ངུའི་དུས་སུ། དམའ་འབྲིང་དང་མཐོ་འབྲིང་གི་དགེ་རྒན་ཚོས༼མེ་ལོང་མ༽དང༼ཚིག་རྒྱན་རིག་པ༽སོགས་ཀྱི་ནང་ནས༼ཚིག་གི་སྡེབ་ལེགས་པོ༽ཞེས་དྲངས་སྟེ་བཤད་ཅིང་། ཁོ་ཚོའི་བཤད་ཚུལ་ལ་མཉན་ན། ཚིག་གི་སྡེབ་ལེགས་མིན་ནི་མངོན་བརྗོད་དང་དཔེ་གཟུགས་ཀྱི་འགོད་སྟངས་ལ་བཤད་ཀྱིན་པ་འདྲ། བཤད་སྟངས་འདི་ནི་ཐ་སྙད་བཙོ་སྦྱངས་དང་འབྲེལ་བ་ཅི་ཞིག་ཡོད་དམ། ཡང་ན། ཐ་སྙད་བཙོ་སྦྱངས་ནི་ངེས་དོན་འདི་འདྲ་ཞིག་རེད་དམ། ཁོ་བོ་སློབ་ཆེན་དུ་བསླེབས་རྗེས། ཆེ་མིང་འཛིན་པའི་དགེ་རྒན་སྐོར་ཞིག་གིས་ད་དུང་བྱིས་དུས་ཀྱི་སྐད་ཆ་དེ་དག་རྣ་ལམ་དུ་དྲངས་འོངས་ཤིང་། བཀའ་དྲིན་ཅན་གྱི་དགེ་རྒན་སྐོར་ཞིག་གིས། ཡིད་ཡུལ་ཅན་དུ་འགོད་པའམ། ཡུལ་ཡིད་ཅན་དུ་དགོད་པ་སྟེ། གང་ལྟར། ཡུལ་ཡིད་གཉིས་ཀྱི་འགོད་སྟངས་ཐུན་མོང་མ་ཡིན་པ་ཞིག་ནི་སྙན་ངག་ལ་ངེས་པར་མཁོ་ཚུལ་རྟག་ཏུ་བརྗོད་ཅིང་། སྐད་ཆ་འདིའི་ངོས་ནས་བསམས་ན། ཐ་སྙད་བཙོ་སྦྱངས་ཞེས་པ་ནི་ཡིད་གཟུགས་ཀྱི་འགོད་སྟངས་ཁྱད་པར་པ་ཞིག་ཨེ་ཡིན་ནམ་སྙམ་འོང་། གལ་ཏེ་དེ་འདྲ་ཞིག་ཡིན་པའི་དབང་དུ་བཏང་ན། འདི་ཡང་ཅིས་ཀྱང་རྒྱས་བཤད་མི་བཤད་ཐུ་མེད་ཀྱི་གསང་བ་ཞིག་ཏུ་ཆགས་འདུག་པའི་ཚོར་སྣང་ཞིག་ང་ལ་སྐྱེས་འོང་།
ཡང་། ཁྱོད་ཚོ་སྐོར་ཞིག་གི་བརྩམས་ཆོས་ལ་མཇལ་ན། གོང་གི་ཐ་སྙད་བཙོ་སྦྱངས་ནི། ཆང་འཐུང་སྐབས་ཐོལ་གྱིས་བརྡོལ་འོང་བའི་ཐ་སྙད་རྫིགས་པོ་འགའ་མཉམ་དུ་བསྡུས། ཇ་འཐུང་སྐབས་དྲན་འོང་བའི་ཐ་སྙད་འཇམ་པོ་འགའ་མཉམ་དུ་བསགས་ནས། མཐར་འཇམ་རྩུབ་དོ་མཉམ་ཞིང་། བརྗོད་བདེ་འགུགས་བདེ་ཞིག་ཡིན་པར་མ་ཟད། བརྗོད་བྱ་ངེས་ཅན་ཞིག་ཀྱང་ཞར་ལ་སྟོན་ནུས་པ་ཞིག་ཨེ་ཡིན་ནམ་སྙམ་འོང་། བརྒྱ་ལ་དེ་འདྲ་ཞིག་ཡིན་ན། སྙན་ངག་གི་ཚོར་བ་ཞེས་པ་ནི་ཟོལ་བཅོས་དང་སྒྲིག་བཟོ་བྱེད་ཆོག་པ་ཞིག་ཀྱང་མ་ཡིན་ནམ་འདོད་ཅིང་། འདི་འདྲ་ཞིག་ཡིན་དུས། དྭངས་ཤིང་གཙང་བའི་སྙན་ངག་པའི་སེམས་ཁམས་ཞེས་པ་དེ་ལ་ཡང་དོགས་པ་བླ་ལྷག་ཏུ་སྐྱེས་འོང་།
གལ་ཏེ་དེ་དག་ཅི་ཡང་མ་ཡིན་ན། ཐོལ་གྱིས་འཕྱོ་ཞིང་ཤུགས་ཀྱིས་འཕྱུར་ལ། འཇམ་གྱིས་བཞུར་འོང་བའི་སྙན་ངག་གི་ཚོར་འདུ་སྣ་ཚོགས་པ་དེ། འཕྱོ་འཇགས་ཅི་རིགས་ཀྱི་སེམས་ཚོར་ལ་བརྟེན་ནས་བཀོད་ཅིང་། ཡིད་གཟུགས་འགོད་སྟངས་ཏེ། ཡུལ་གྱིས་ཡིད་སྟོན་ཐུབ་མིན་གྱི་ཚོགས་པ་དེ་ལ་བཟོ་བཅོས་ཨེན་ཙམ་བཏང་བ་ཞིག་ལོས་ཡིན་འདོད་མོད།
ཡང་། དེང་སྐབས་ཀྱི་ན་གཞོན་རྩོམ་མཁན་སྐོར་ཞིག་གིས། གཟུགས་ཚོགས་དང་གཟུགས་ཚོགས་བསྡུས་ཏེ། གྱོང་ཞིང་མཁྲེགས་པ་ཞིག་ཏུ་བཅོས་རྗེས། སྔོན་པོ་དང་དམར་བོ། མེ་དང་ཆུ་སོགས་ཀྱི་ངོ་བོ་སྣ་ཚོགས་ལ་བཙན་གྱིས་སྦྱོར་གྱིན་འདུག་པས། ཡིད་གཟུགས་ཀྱི་སྟེང་དུ་ཡིད་གཟུགས་བརྩེགས་ན། དེ་ནི་སྲོལ་རྒྱུན་རྩོམ་སྟངས་སམ་ཚིག་རྒྱན་རིག་པའི་ཁྲོད་ཀྱི་གཟུགས་ཅན་འཕར་མ་ཨེ་ཡིན་ནམ་སྙམ་སྟེ་ཕྱིར་བཀྱེད་དབང་མེད་དུ་བྱེད་དགོས་པའི་སྐབས་ཀྱང་མཆིས།
ཞོར་ནས། ཁོ་བོས་སྙན་ངག་འབྲི་སྐབས། ཐོག་མར་ཅི་ཞིག་བརྗོད་འདོད་དང་གང་ཞིག་རྗོད་བྱེད་ཀྱི་སེམས་ཚོར་ཐོལ་བྱུང་བ་ཞིག་ཤུགས་ཀྱིས་འཕྱུར་ཞིང་། གང་ལྟར། ཚོར་བ་འདྲ་མིན་པ་དང་སྐྱེས་སྟངས་འདྲ་མིན་པ་དེ་དག་ཕབ་ཚར་རྗེས། སེམས་ནས་བདེ་ཅག་གེར་བུད་འགྲོ་བས་དགའ་ཚོར་བྱུང་། ཡིན་ན་ཡང་། འབོལ་རྩོམ་དང་བརྩམས་སྒྲུང་འབྲི་སྐབས་དེ་འདྲ་ཞིག་རྦད་དེ་མ་རེད། བྲི་བྱ་གང་དེ་བྲིས་ཚར་ན་ཡང་། སེམས་ངལ་ཅི་ཞིག་ད་དུང་ལྗིད་ཏིག་གེར་གནས་ཤིང་འདུག་པས། དེ་ཉིད་ག་རེ་ཡིན་ནམ་སྙམ་མོ། ། འབོལ་རྩོམ་པ་རེ་གཉིས་ཤིག་གིས་སྙན་ངག་ནི་ཟ་འཕྲུག་ལངས་པ་དང་འདྲ་བོ་འདུག་ཅེས་བརྗོད་ན། སྐབས་འདིར་རྣམ་པ་ཚོར་དྲན་ཚུལ་དང་གསེད་དགྲོལ་ག་འདྲ་འདུག་གམ།
གསང་བ་འདི་དག་བདག་གིས་ཁྲུན་ཐག་ཡེ་ནས་མ་ཆོད་པས་རྣམ་པ་ཚོར་བློ་འདྲི་བྱས་པ་ཡིན་ཞིང་། འུ་ཅག་གི་གསར་བུ་དག་ལ་མཚོན་ན་ཡང་། བརྒྱ་ཆའི་མང་ཕྱོགས་དེ་འདྲ་ཡིན་པར་འདོད་ན། འདི་ཡང་རྣམ་པ་ཚོའི་འགན་འཁྲི་ཞིག་ཏུ་སེམས་ནས་བརྗོད་པར་སྙིང་ནས་རེ།
དྲི་བ་འདི་ནི་རྣམ་པ་ཚོ་སྙན་ངག་ལ་དུངས་པ་ཤིན་ཏུ་ཆེ་ཞིང་། རྩོམ་སྟངས་ཡན་གར་བ་གསུམ་འབྲི་མཁན་ཡིན་པའི་ངོས་ནས་དམིགས་སུ་མིང་ནས་བཟུང་ཞིང་། གཞན་ཡང་། སྐུ་ཞབས་སྐྱབས་ཆེན་དང་གྲོགས་རྐང་གླིང་སོགས་ཀྱིས་ཀྱང་འདི་དང་འདི་ལྟ་བུའི་ངོས་ཐད་ནས་སྐད་ཆ་རེ་གཉིས་བཤད་ཐུབ་ན་དགའ་ཞིང་དགའ་འོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com