ཨ་ཀྱ་ཁ་པ་ཞེ་བརྒྱད་ཅེས་པའི་འཚོལ་ཞིབ།
གཅིག དར་མདོ་ཨ་ཀྱ་ཁ་པའི་ལོ་རྒྱུས་སྐོར་ལ་ཞིབ་འཇུག་གི་རྨང་གཞི།
ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་དར་མདོའི་མགུར་གླུ་ཞེས་པའི་གློག་བརྙན་མུ་འབྲེལ་ཅན་དེ་བསྒྲགས་སྟོན་བྱས་པ་ནས་བཟུང༌། དར་མདོའི་ཨ་ཀྱ་ཁ་པ་ཞེ་བརྒྱད་ཅེས་པའི་སྐོར་ལ་གླེང་མོལ་དང༌། དོ་སྣང་བྱེད་མཁན་དེ་རྒྱལ་ཁབ་ཕྱི་ནང་ཐམས་ཅད་ཀྱི་ནང་དུ་ཇེ་མང་དུ་འགྲོ་བཞིན་འདུག དེས་ན་ཁོ་བོས་ཀྱང་སོ་སོའི་ཕ་ཡུལ་གྱི་སྒོ་འགྲམ་དུ་ཡོད་པའི་ལོ་རྒྱུས་འདི་ལ་ཤེས་རྟོག་དང་ཞིབ་འཇུག་བྱེད་འདོད་ཀྱི་ཀུན་སློང་ལྡོག་ཏུ་མེད་པ་ཞིག་སྐྱེས་ཏེ། སྤྱི་ལོ་༢༠༠༨ལོའི་དབྱར་ཀ་གུང་གསེང་སྐབས་སུ་དར་མདོར་སོང་ཞིང༌། དར་མདོའི་མགུར་གླུའི་མུ་འབྲེལ་བརྙན་འའཕྲིན་བོད་སྐད་དུ་བསྒྱུར་མཁན་སྐུ་ངོ་དོན་གྲུབ་ཚེ་རིང་དེའི་སྐོར་ལ་བགྲོ་གླེང་བྱས་ཤིང༌། ཁོ་རང་གིས་སྔ་རྗེས་སུ་དར་མདོ་ཨ་ཀྱ་ཁ་པའི་ལོ་རྒྱུས་ཀྱི་དཔྱད་གཞི་གང་འཚམས་ཞིག་བསྡུ་རུག་བྱས་འདུག དེ་ནས་སྐུ་ངོ་དོན་གྲུབ་ཚེ་རིང་དང་ལྷན་ཏུ་དབྱར་དུས་ཟླ་བ་གཉིས་ཀྱི་རིང་ལ་ལྕགས་ལ་རྒྱལ་པོ་གཙོ་བོར་བྱས་པའི་ཨ་ཀྱ་ཁ་པའི་སྐུ་ན་བགྲེས་སོང་ཁག་ཞལ་བཞུགས་ཡོད་པ་དེ་དག་ལ་བཅར་འདྲི་དང༌། འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་འཚོལ་སྡུད་གང་ཐུབ་བྱས་ཤིང༌། ཨ་ཀྱ་ཁ་པའི་སྔར་གྱི་ཁང་ཤུལ་རྣམས་གང་ཡོད་བགྲེས་སོང་རྣམས་དང་མཉམ་དུ་ཕྱིན་པས་ཕལ་ཆེར་གནས་གཞི་གང་ཡིན་མཛུབ་ཚུགས་སུ་སྟོན་གནང་ཐུབ་པར་བྱུང་སོང༌། དར་མདོ་རྫོང་གི་ལོ་རྒྱུས་དང༌། ཁུལ་སྲིད་གྲོས་ཀྱི་སྲིད་གྲོས་དཔྱད་ཡིག་གཉིས་སུ་ཨ་ཀྱ་ཁ་པ་སོ་སོའི་སྔར་གྱི་སྡོད་གནས་ཀྱི་ཁ་བྱང་གསར་རྙིང་གཉིས་འཁོད་འདུག་ཀྱང༌། དེང་སང་གནས་ཤུལ་འགའ་ཞིག་གང་ཡོད་དང༌། ཨ་ཀྱ་ཁ་པ་འགའ་ཞིག་གི་གནས་ཚུལ་ཤེས་རྟོག་ཡོད་མཁན་བཞུགས་མི་འདུག
༡ ཨ་ཀྱ་ཁ་པ་དང་‘ཀོ་ཀྲང་’བར་གྱི་ཁྱད་པ་བཅར་འདྲི་ཞུས་པ།
རྒྱ་ཡིག་ནང་དུ་ཨ་ཀྱ་ཁ་པ་ཞེ་བརྒྱད་ཅེས་པ་བྲིས་ཡོད་ཀྱང་དོན་དངོས་དར་མདོའི་ལོ་རྒྱུས་ཐོག་ཨ་ཀྱ་ཁ་པ་ཞེ་བརྒྱད་བྱུང་མི་འདུག ལྕགས་ལ་རྒྱལ་པོ་རྒྱལ་མཚན་གྱིས་གསུངས་པ་ལྟར་ན། ལྕགས་ལ་རྒྱལ་པོ་ནི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ། མེ་ཉག་ཁ་ལ་གྲུའི་སྤྱི་དཔོན་ཡིན་ཞིང༌། ལྕགས་ལའི་མངའ་ཐང་རྒྱས་པའི་སྐབས་སུ་མགོ་ཐང་རྒྱལ་པོ་དང༌། (姑咱镇) འདྲེན་པ་རྒྱལ་པོ། (宝兴县饶磧乡) པ་ཝམ་རྒྱལ་པོ། (属于丹巴县) བྲག་སྟེང་རྒྱལ་པོ་(属于丹巴县)སོགས་ཀྱི་མངའ་ཁོངས་ཡང་བདག་ཏུ་བཟུང་མྱོང་བར་གསུངས།
ཨ་ཀྱ་ཁ་པ་དང་‘ཀོ་ཀྲང་’གཉིས་མཐའ་གཅིག་ཏུ་གཅིག་པ་མ་ཡིན་པའི་སྐོར་ལ། ལྕགས་ལ་རྒྱལ་པོ་རྒྱལ་རབས་བཞི་བཅུ་པ། ལྕགས་ལ་རྒྱལ་མཚན་ལ་བཅར་འདྲི་བྱས་པར། “ཨ་ཀྱ་ཁ་པ་དང༌། ‘ཀོ་ཀྲང་’གཉིས་ཐ་སྙད་བྱུང་བའི་དུས་རབས་མི་འདྲ་ལ། ནང་དོན་ཡང་མི་འདྲ། ཨ་ཀྱ་ཁ་པ་ཞེས་པ་ནི། ལྕགས་ལ་རྒྱལ་པོའི་བློན་ཆེན་གྱི་མཚན་གནས་ཞིག་ཡིན། དཔེར་ན། སྡེ་དགེའི་མདུན་སྐོར་ཞེས་པ་དང་དོན་གཅིག ལྕགས་ལ་རྒྱལ་པོ་ལ་ཐོག་མར་བློན་ཁག་ཁ་ཤས་ཞིག་ཡོད་པར་དེང་དུས་ཕྱག་རོགས་གཅིག་དང༌། གཉེར་ཆེན་བཞི་ཞེས་པ་དེ་དག་རེད། དེ་ནས་ལོ་ལྔ་བརྒྱ་དྲུག་བརྒྱའི་རིང་ལ་རིམ་བཞིན་འཕེལ་རྒྱས་ཕྱིན་ཏེ། སྤྱི་ལོའི་དུས་རབས་ཉི་ཤུའི་སྟོད་ཙམ་དེར་ཨ་ཀྱ་ཁ་པ་ཞེ་བརྒྱད་ཅེས་པ་དེ་བྱུང་བ་རེད། དངོས་གནས་བྱས་ན་ཞེ་བརྒྱད་ཡོད་བ་མ་རེད། དུད་ཚང་ཆེ་བ་ལ་རྣམས་ལ་ཨ་ཀྱ་ཁ་པའི་ཐོབ་ཐང་ཡོད་ལ། ཆུང་བ་རྣམས་ལ་‘ར་དཀྱིལ་’ཟེར་ཞིང་ཡོད་པ་རེད། ཕལ་ཆེར་ཨ་ཀྱ་ཁ་པ་དང་ར་དཀྱིལ་བསྡོམས་པར་ཞེ་བརྒྱད་ཡོད་རྒྱུ་རེད། ཨ་ཀྱ་ཁ་པ་ཁག་དེ་དག་སོ་སོ་ལ་ལྕགས་ལ་རྒྱལ་པོའི་འོས་འགན་སོ་སོར་ཡོད་པ་རེད། དཔེར་ན། གཉེར་ཆེན། གཉེར་ཆུང༌། ཕྱག་མཛོད། རྟ་དཔོན། ནོར་དཔོན། སྒོ་སྲུང་ལ་སོགས་པའི་འོས་འགན་དང་ཐོབ་ཐང་སོ་སོར་ཡོད་པ་རེད། ‘ཀོ་ཀྲང་’ཞེས་པ་ནི། མན་ཇུ་གོང་མའི་རྒྱལ་རབས་ཀྱི་མཇུག་ཏུ། ཁམས་ཕྱོགས་སུ་ཡུལ་དཔོན་རྒྱ་བསྒྱུར་གྱི་ལས་འགུལ་སྤེལ་སྐབས། ལྕགས་ལའི་རྒྱལ་ཆུས་ཤོར། རྒྱལ་པོ་འཇིགས་བྲལ་ཡུལ་བུད་ནས་རྟའུ་དང༌། རོང་བྲག་སོགས་སུ་གནས་སྐབས་ཉེན་ཡོལ་དུ་བཞུགས་སྐབས། དར་མདོའི་ཨ་ཀྱ་ཁ་པ་རྣམས་ལ་གཅིག་གྱུར་གྱི་དཔོན་པོ་མེད་པས། ཚོང་ལས་དང་འབྲེལ་ནས་རང་རང་གི་སྟོབས་འབྱོར་གོང་འཕེལ་གཏོང་བའི་ཐབས་ལམ་བཙལ་བའི་དུས་སྐབས་ཞིག་བྱུང་བ་རེད། དུས་དེར་བོད་ཀྱི་སྡེ་དཔོན་དང༌། དགོན་པ་ཁག་གི་ཚོང་པ་རྣམས་སྨན་རྫས་དང༌། ལྤགས་རིགས་སོགས་ཁྱེར་ནས་དར་མདོར་ཡོང་སྐབས། དར་མདོར་རང་རང་གི་གནས་ཚང་ཨ་ཀྱ་ཁ་པ་རྣམས་བརྒྱུད་ནས་རྒྱ་ཚོང་པ་དང་འབྲེལ་བ་བྱེད་དགོས་ཤིང་ཡོད་པ་མ་ཟད། བོད་རྒྱ་བར་གྱི་ཚོང་འགྲིགས་ཐབས་ཀྱང་ཕལ་ཆེར་ཨ་ཀྱ་ཁ་པའི་ངག་བཀོད་ལྟར་ཕྱོགས་གཉིས་ཀས་ཁས་ལེན་ཞིང་ཡོད་པ་རེད། རྗེས་སུ་རིམ་བཞིན་རྒྱ་ཚོང་པ་ཚོས་ཨ་ཀྱ་ཁ་པ་ལ་ཀོ་ཀྲང་ཞེས་འབོད་སྲོལ་བྱུང་འདུག འབོད་སྲོལ་འདི་ཐོག་མར་སྤྱི་ལོ་༡༩༡༨ལོ་ཡས་མས་ཙམ་ཞིག་ནས་བྱུང་ཡོད་པར་འདྲ། ཚང་མས་བོད་སྐད་སྒྲ་ཟུར་ཉམས་པའི་མིང་ཞིག་རེད་ཅེས་ཟེར། གཅིག་བྱས་ན་ཁོ་ཚོས་ཨ་ཀྱ་ཁ་པ་ལ་ཚོང་འབྲེལ་གྱི་གནས་ཚང་ལྟ་བུ་ཞིག་མཐོང་ཞིང་ཡོད་སྟབས། ཕལ་ཆེར་ཨ་ཀྱ་ཁ་པ་དང༌། བོད་ཀྱི་ཚོང་པ། རྒྱ་ཚོང་པ་གསུམ་འདུས་གནས་ཡིན་སྟབས་ཐབ་རྡོ་སུམ་ཚུགས་ལ་དཔེར་བྱས་ནས་མིང་བཏགས་པ་ཡང་ཡིན་སྲིད་སྙམ།” ཞེས་གསུངས།
གོང་གི་ལྕགས་ལ་རྒྱལ་པོའི་ཞལ་གསུངས་ལྟར་ན། ཨ་ཀྱ་ཁ་པ་དང་ཀོ་ཀྲང་གཉིས་ནི་དུད་ཚང་གཅིག་ལ་རྣམ་པ་མི་འདྲ་བའི་ཐོབ་ཐང་རིགས་གཉིས་བྱུང་བའི་འབོད་སྲོལ་ཞིག་ཡིན་པ་མ་ཟད། བོད་རྒྱ་གཉིས་ཀྱི་སོ་སོས་ངོས་འཛིན་སྟངས་མི་འདྲ་བའི་འབོད་སྲོལ་མི་འདྲ་བ་གཉིས་ཡིན་པར་མཐོང་ཐུབ། ཨ་ཀྱ་ཁ་པ་ཞེས་པ་ནི་ལྕགས་ལ་རྒྱལ་པོ་སྲིད་དབང་བྱུང་བ་དང་དུས་མཉམ་ཙམ་ནས་བྱུང་བ་ཞིག་ཡིན་སྟབས། ཕལ་ཆེར་ས་སྐྱ་པའི་སྲིད་སྐྱོང་སྐབས་ནས་བྱུང་ཡོད་པ་ཞིག་རེད། དེར་བརྟེན་ཨ་ཀྱ་ཁ་པ་ཞེས་པ་ནི་སྐབས་དེའམ་དེའི་གོང་གི་མི་ཉག་ཡུལ་སྐད་ཀྱི་བློན་ཆེན་ནམ། གཉེར་པ་ཞེས་པ་ལྟ་བུའི་དཔོན་མིང་ཞིག་ཡིན་པར་འདྲ། ཀོ་ཀྲང་ཞེས་པ་ནི། སྤྱི་ལོའི་དུས་རབས་ཉི་ཤུ་པའི་འགོ་ཙམ་ན་ལྕགས་ལ་རྒྱལ་པོའི་སྲིད་དབང་འཐོར་ཞིག་སོང་བའི་རྗེས་སུ་ཨ་ཀྱ་ཁ་པ་རྣམས་ལ་སྲིད་ཕྱོགས་ཀྱི་ལས་དོན་ཆེར་མེད་པར་གྱུར་པ་དང༌། ཚོང་དོན་གཙོ་བོར་གཉེར་བའི་སྐབས་སུ་རྒྱ་རིགས་ཚོང་དཔོན་ཚོས་འབོད་སྲོལ་བྱུང་བའི་ཐ་སྙད་ཅིག་རེད་འདུག
དར་མདོའི་ལོ་རྒྱུས་ལ་རྒྱུས་མངའ་ཆེ་པའི་དཀར་མཛེས་ཁུལ་སྤྱི་བདེ་ཅུས་ཀྱི་སྐུ་ངོ་མི་ཉག་བསྟན་འཛིན་གྱིས་གསུངས་པ་ལྟར་ན། ‘ཀོ་ཀྲང་’ཞེས་པ་ནི། ཨ་ཀྱ་ཁ་པ་རྣམས་རྒྱུན་ལྡན་དུ་མཉམ་དུ་འཛོམས་ནས་སོ་སོའི་སྒོ་རྭའི་ནང་དུ་གླིང་ཁ་གཏོང་ཞིང་བསྐོར་བྲོ་བརྡུངས་སྲོལ་ཡོད་པ་ལ། རྒྱ་མི་ཚོང་པ་ཚོས་བསྐོར་བྲོའི་སྒྲ་མ་དག་པ་‘ཀོ་ཀྲང་’ཞེས་འབོད་སྲོལ་འདི་བྱུང་བ་རེད། ཅེས་གསུངས། ཀོ་ཏེ་ཙུང་ལ་སོགས་པའི་དར་མདོའི་རྒྱ་རིགས་བགྲེས་སོང་འགའ་ཞིག་ལ་བཅར་འདྲི་བྱས་ཀྱང༌། ‘ཀོ་ཀྲང་’ཞེས་པ་དེ་རྒྱ་སྐད་དུ་ནང་དོན་གང་ཡང་ཡོད་བ་མ་རེད་གསུངས་ཤིང་འདུག
༢ ཨ་ཀྱ་ཁ་པ་དང་‘ཀོ་ཀྲང་’བར་གྱི་ཁྱད་པ་ཡིག་ཐོག་ཏུ་འཁོད་པ།
ཨ་ཀྱ་ཁ་པ་ལ་རྒྱ་སྐད་དུ་ཀོ་ཀྲང་ཞེས་པའི་འབོད་སྲོལ་དེ་ཇི་ལྟར་བྱུང་ཚུལ་སྐོར་ལ་དེང་དུས་བཤད་ཚུལ་མི་འདྲ་བ་འགའ་ཞིག་ཡོད་པར། སྐུ་ཞབས་ཀའོ་ཅི་ཁྲང་(高济昌)དང༌། ལའེ་ཙོ་ཀྲུང་(来作中)རྣམ་གཉིས་ཀྱིས་བྲིས་པའི་《དར་མདོའི་ཀོ་ཀྲང་གི་མཐོང་ཐོས་ཟིན་བྲིས་》 (康定锅庄传闻录)ཞེས་པ་ལས།
“སྐུ་ཚབ་(古草)ཞེས་པའི་བཤད་སྲོལ་ནི། 《མན་ཇུའི་ལོ་རྒྱུས་མ་ཟིན་》ཤོག་དྲིལ་༥༡༣པ་ལ། ‘ལྕགས་ལ་ས་འགོའི་འོག་ཏུ་ཐད་གཏོགས་ཀྱི་བརྒྱ་དཔོན་ཞེ་བརྒྱད་ཡོད་ཅིང༌། བོད་སྐད་དུ་སྐུ་ཚབ་ཞེས་པ་དེ་རྒྱ་སྐད་དུ་ཏའེ་པེའོ་(代表)ཞེས་པའི་དོན་ཡིན། ’ཞེས་པ་དེ་ལ་གཞི་བཟུང་བ་ཞིག་རེད། སྐུ་ཚབ་དང༌། ཀོ་ཀྲང་(锅庄)སྒྲ་འདྲ་བ་ཞིག་རེད། དེར་བརྟེན་ས་འགོ་འོག་གི་བརྒྱ་དཔོན་རྣམས་ཀྱིས་བཏང་བའི་སྐུ་ཚབ་རྣམས་དར་མདོར་བཞུགས་ལ་ཀོ་ཀྲང་ཞེས་ཟེར། ཞེས་བཤད།
སྐུ་དྲག་(古曹)ཅེས་པའི་བཤད་སྲོལ་ནི། བོད་སྐད་ཀྱི་སྐུ་དྲག་དང་‘ཀོ་ཀྲང་’ཡང་སྒྲ་འདྲ་པོ་ཡོད་པ་རེད། དེར་བརྟེན་འགའ་ཞིག་གིས། སྐབས་དེར་ལྕགས་ལ་ས་འགོའི་འོག་གི་དར་མདོར་བཞུགས་པའི་སྐུ་དྲག་རྣམས་ཀྱི་མཚན་ཡིན་ཞེས་ཟེར།་ (རྒྱ་སྐད་དུ་སྒྲ་ཟུར་ཉམས་པ།)
སྒོ་རྭ་(姑萨)ཞེས་པའི་བཤད་སྲོལ་ནི། ‘ཀོ་ཀྲང་’དུད་ཚང་ཐམས་ཅད་ལ་སྒོ་རྭ་སྤུས་ལེགས་རེ་ཡོད་པས་མིང་དེ་ལྟར་ཆགས་པ་རེད། ཅེས་ཟེར།
ཀོ་ཙོབ་(锅灶)ཞེས་པའི་བཤད་སྲོལ་ནི། འགའ་ཞིག་གིས། དར་མདོར་ལྕགས་ལ་ས་འགོ་མ་ཚུགས་པའི་གོང་དེར། ཚོང་དཔོན་ནོར་བུ་བཟང་པོ་རྒྱུན་ལྡན་དུ་དར་མདོར་ཚོང་རྒྱེབ་སར་ཡོང་གི་ཡོད་པ་རེད། ཁོ་ཚོས་བདལ་ཁལ་རྣམས་དེད་ནས་དར་མདོར་སླེབས་རྗེས་རྡོ་སུམ་ཚུགས་བཅས་པའི་ཐབ་ཏུ་སྣོད་བཙུགས་ནས་ཇ་བཀོལ་ཞིང་ཡོད་པས་མིང་དེ་ལྟར་ཐོགས་པ་རེད། ཀོ་ཀྲང་ཞེས་པ་སྣོད་ལ་དཔག་པའི་ཐབ་བཅའ་བའི་དོན་ཡིན། ཞེས་བཤད།
གནས་ཚང་(旅栈)ཞེས་པའི་བཤད་སྲོལ་ནི། མན་ཇུའི་རྒྱལ་རབས་ཀྱི་མཇུག་ཏུ། ‘ཡུལ་དཔོན་རྒྱ་བསྒྱུར་’(改土归流)གྱི་སྐབས་སུ། བོད་ཀྱི་ཚོང་པ་ཚོས་རྟ་དྲེལ་རྣམས་ལ་ས་གནས་ཀྱི་ཐོན་རྫས་རྣམས་བཀལ་ཏེ། དར་མདོར་ཇ་དང༌། ཚྭ། དར་རས་སོགས་སྣེ་མང་ཚོང་རྫས་ཉོ་སར་ཡོང་སྐབས། དར་མདོར་སླེབས་རྗེས་རང་རང་ལ་གཏན་འཇགས་ཀྱི་གནས་ཚང་‘ཀོ་ཀྲང་’རེ་ཡོད་པ་མ་ཟད། དེའི་སྒོ་རྭའི་ནང་དུ་ཚོང་རྫས་རྣམས་བརྩིགས་ཤིང༌། རྟ་དྲེལ་རྣམས་གསོ་ཚགས་བྱེད་ཆོག་ཅིང་ཡོད་པས་མི་རྣམས་ཀྱི་ཀོ་ཀྲང་ལ་གནས་ཚང་གི་འདུ་ཤེས་འཛིན་འཇོག་ཅིང་ཡོད་པ་རེད།‘ཀོ་ཀྲང་’ཞེ་བརྒྱད་ཀྱི་ནང་དུ་མ་ཚུད་པའི་‘ཀོ་ཀྲང་’དེ་དག་ནི། མན་ཇུ་རྒྱལ་རབས་ཀྱི་མཇུག་ཏུ།‘ཡུལ་དཔོན་རྒྱ་བསྒྱུར་’གྱི་རྗེས་སུ་གསར་དུ་བཙུགས་པའི་འགྲུལ་ཤག་དང༌། གནས་ཚང་ཞིག་རེད་འདུག ཁོ་ཚོ་རང་ལ་དབང་པའི་སྒོ་རྭ་རེར་ཡོད་ཅིང༌། མི་ཚོས་‘ཀོ་ཀྲང་’ཅེས་འབོད་སྲོལ་ཡོད་ནའང༌། དར་མདོའི་མི་དམངས་ཀྱི་སེམས་ལ་ཁོ་ཚོ་དང་‘ཀོ་ཀྲང་’ཞེ་བརྒྱད་པོ་གཞན་རྣམས་དང་རྩ་བ་ནས་མི་འདྲ་བའི་དབྱེ་བ་གསལ་པོར་ཕྱེ་ཞིང་ཡོད་འདུག ”ཅེས་པར་གསལ།
གོང་གསལ་རྒྱ་ཡིག་གི་དཔྱད་གཞི་དང༌། བོད་རིགས་བགྲེས་སོང་དག་གི་གསུངས་པ་གཅིག་མཐུན་དུ་‘ཀོ་ཀྲང་’ཞེས་པ་བོད་སྐད་ཟུར་ཆག་པའི་རྒྱ་སྐད་ཅིག་ཡིན་པར་ངོས་འཛིན་གནང་གི་ཡོད་འདུག འོན་ཀྱང་སྒྲ་ཟུར་ཆག་པའི་བོད་སྐད་ངོ་མ་དེ་གང་ཡིན་སུ་ལའང་གསལ་པོར་ཞིག་གསུངས་ཡས་མི་འདུག
གཉིས། ཨ་ཀྱ་ཁ་པའི་ཁྱིམ་རྒྱུད་རྣམས་ལ་དེང་དུས་རྒྱའི་རུས་མིང་བྱུང་ཚུལ་སྐོར།
དར་མདོའི་ཨ་ཀྱ་ཁ་པའི་ཁྱིམ་བདག་རྣམས་ཀྱི་མིང་ལ་བོད་སྐད་དང་རྒྱ་སྐད་སོ་སོས་མི་འདྲ་བ་རེ་འབོད་སྲོལ་ཡོད་སྟབས། དཔེར་ན་བོད་རིགས་ཕལ་ཆེར་ལ་ཆུ་གཉིས་བར་པ་ཚང་ཟེར་ན་ཧ་གོ་ཞིང༌། 邱家锅庄 ཚང་ཟེར་ན་གང་ཡིན་མི་ཤེས་པ་དང༌། དེ་ལས་ལྡོག་པ་རྒྱ་རིགས་རྣམས་ཀྱིས་ཆུའུ་ཅ་ཀོ་ཀྲང་ཟེར་ན་ལམ་སང་ཧ་གོ་ཐུབ་ཅིང༌། ཆུ་གཉིས་བར་པ་ཚང་ཟེར་ན་ཧ་གོ་མི་ཐུབ་པ་ཞིག་གི་གནས་ཚུལ་ཆགས་ཡོད་པ་རེད། དེ་ལྟར་མི་ཚང་གཅིག་རྒྱ་བོད་གཉིས་འབོད་སྲོལ་མི་འདྲ་བ་གཉིས་རེ་ཇི་ལྟར་བྱུང་ཞེ་ན། སྤྱི་ལོ་༡༩༡༡ལོའི་རྗེས་སུ་ལྕགས་ལ་རྒྱལ་པོའི་སྲིད་དབང་ཉམས་རྒུད་ཕྱིན་སྟབས། དར་མདོའི་ཨ་ཀྱ་ཁ་པ་ཁག་རྣམས་རྣམས་ཀྱིས་ལྕགས་ལ་རྒྱལ་པོའི་སྲིད་དོན་ལ་ཞབས་འདེགས་བྱ་རྒྱུ་དེ་ལས་ཀ་དེ་རིམ་བཞིན་ཉམས་སྟབས། རང་རང་གིས་ནུས་པ་བསྟུན་པའི་ཚོང་དོན་སྤེལ་རྒྱུ་ཁོ་ཚོའི་ལས་འགན་གཙོ་བོ་དེ་ཆགས་པ་རེད། དེར་བརྟེན་ཁོ་ཚོ་ནི་རྒྱ་རིགས་ཇ་ཚོང་རྣམས་དང་བོད་ཀྱི་ཚོང་པའི་བར་འབྲེལ་བ་བྱེད་མཁན་དང༌། གནས་ཚང་བསྡད་ས་གཙོ་བོ་ཞིག་ཆགས་པ་རེད། དུས་དེར་རྒྱ་རིགས་ཚོང་པ་ཚོས་ཁོ་ཚོའི་རང་སྐད་དུ་འབོད་བདེ་བའི་ཆེད་དུ་ཆུ་གཉིས་བར་པ་ལ་ཆུའུ་ཅ་ཀོ་ཀྲང་དང༌།(邱家锅庄)དབལ་གསས་སྐྱབས་ལ་པོ་ཅ་ཀོ་ཀྲང༌།(包家锅庄) ཁ་བ་རྒྱ་མཚོ་ལ་ཅང་ཅ་ཀོ་ཀྲང༌།(江家锅庄)དབང་རྒྱལ་ལ་ཝང་ཅ་ཀོ་ཀྲང༌།(汪家锅庄) ཞབས་པད་ཚང་གི་སྒོ་ཐེམ་ལ་ལྕགས་ལེབ་ཀྱིས་ཤན་བརྒྱབས་ཡོད་པས་ན་ཐེ་མིན་ཁན་ཀོ་ཀྲང༌།(铁门坎锅庄) ཤིང་རྭ་ནང་པའི་ཁང་རྒྱབ་ན་རྡོ་ཕ་བོང་ཆེན་པོ་ཞིག་ཡོད་པས་ན་ཏ་ཧྲི་པའོ་ཀོ་ཀྲང་(大石包锅庄)ཟེར་བ་ལ་སོགས་པའི་འབོད་སྲོལ་དེ་བྱུང་འདུག དེ་ནི་རྒྱ་རིགས་ཚོང་པ་ཚོས་བོད་པའི་ཁྱིམ་ཚང་དེ་ལ་ཁོ་རང་ཚོའི་འབོད་ཡིན་འདུག་ཀྱང༌། དེ་ནས་རིམ་བཞིན་སྤྱི་ལོ་༡༩༤༠ལོ་ཡས་མས་ཙམ་ན་དེ་དག་གི་མི་རབས་རྗེས་མ་རྣམས་སྔར་གྱི་བོད་མིང་རྒྱའི་རུས་མིང་གི་རྣམ་པར་ཆགས་པ་དེ་དག་རང་གི་རུས་མིང་དངོས་ལྟ་བུ་ཞིག་ཏུ་བེད་སྤྱོད་བྱེད་སྲོལ་འདི་བྱུང་འདུག་ལ། ཨ་ཀྱ་ཁ་པ་ཁག་གཅིག་ནི་ནང་གི་བུ་རྣམས་ཀྱིས་ཉལ་ཐལ་འཐེན་ནས་སྐྱེས་པ་ཕོའི་འཇོན་ཐང་རྩ་བ་ནས་བརླག་པ་དང༌། རྒྱ་རིགས་ཚོང་པ་རྣམས་ཁྱིམ་ཚང་དེའི་བུ་མོའི་ཐོག་ཏུ་མག་པ་འདུག་ནས་ཨ་ཀྱ་ཁ་པའི་ཁྱིམ་བདག་ཏུ་གྱུར་པ་ཡང་བྱུང་འདུག་སྟེ་དཔེར་ན། ཕག་ཕྲུག་ཚང་གི་ནང་དུ་ཡང་ཧའེ་ཐིང་(杨海廷)ཞེས་རྒྱ་མ་བོད་ཅིག་མག་པ་བསྡད་པ་རྗེས་པེ་ཅ་ཀོ་ཀྲང་(白家锅庄)ཞེས་པ་དེ་ཡང་ཅ་ཀོ་ཀྲང་(杨家锅庄)ཏུ་མིང་འགྱུར་བ་དང༌། དེ་བཞིན་དུ་སོ་མཁར་བའི་ནང་དུ་ཆང་ལའེ་ས་ཁུལ་(邛崃)ནས་ཡོང་བའི་རྒྱ་ཚོང་པ་ཀྲང་ཞིའི་ཏེ་(张西德)ཟེར་བ་དེ་མག་པ་བསྡད་པས་སོ་ཅ་ཀོ་ཀྲང་(充家锅庄)ཞེས་པ་དེ་རྗེས་སུ་ཀྲང་ཅ་ཀོ་ཀྲང་(张家锅庄)ཏུ་མིང་འགྱུར་བ་ལྟ་བུ་ཡང་འགའ་ཞིག་བྱུང་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com