སྙན་ངག་ལ་རང་ཉིད་ཀྱི་གོ་བ་ལེན་སྟངས།
སྙན་ངག་ནི་ཅི་འདོད་དུ་བྲིས་ཆོག་པ་ཞིག་མིན་པ་འདྲ་ལ། སྙན་ངག་གིས་རང་གི་སྣང་བ་བན་བུན་ཙམ་བྲིས་པས་ཀྱང་མི་ཆོག་པ་འདྲ། སྙན་ངག་དེ་སྙན་ངག་ཡིན་པའི་རྒྱུ་མཚན་ནི་སྙན་ངག་རང་སྟེང་དུ་གཞན་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་རིན་ཐང་བླ་ན་མེད་པ་ཞིག་ཡོད་པས་རེད་འདོད། དེ་ཡང་སྙན་ངག་གི་རིན་ཐང་དེ་རྒྱ་མར་འཇལ་བ་བཞིན་ཚད་ཐིག་ཅིག་བརྗོད་དུ་མེད་ཀྱང༌། སྙན་ངག་ལེགས་པོ་དེའི་རིགས་ཀློག་པའི་ཚེ་ན། ཁྱེད་ལ་དགའ་སྐྱོ་ཆགས་སྡང་སོགས་བསམ་པའི་ལོངས་སྤྱོད་ཅི་རིགས་ཤིག་སྦྱིན་སྲིད་པས། དེ་ནི་སྙན་ངག་གི་ཡོན་ཏན་ཅི་ལ་མིན། དེ་ནི་ངས་སྙན་ངག་ལ་བཟུང་བའི་རྣམ་འགྱུར་ཡིན་ལ། ཡང་ན་ང་སྙན་ངག་ལ་དགའ་ཞེན་ཟབ་པའི་རྒྱུ་མཚན་ཀྱང་ཡིན་ནོ།།
ཁོ་བོས་སྙན་ངག་ཏུ་བརྩི་རུང་མིན་གྱི་སྙན་ངག་གང་མང་ཞིག་བྲིས་མྱོང་ལ། དེ་དག་ལས་མང་ཤོས་ཀློག་པ་པོ་ཚོའི་སྤྱན་ལམ་དུ་བསྟར་ཟིན། ཁོ་བོས་དེང་ཐོག་སྙན་ངག་ལ་བཟུང་བའི་ལྟ་ཚུལ་ནི་ཅི་འདྲའི་དགོད་བྲོ་བ་ཞིག་སྟེ། བོད་ཀྱི་སྙན་ངག་ཅིག་ཡིན་ན་ངེས་པར“རྩྭ་ཐང”དང“སྦྲ་ནག” “ནོར་ལུག”སོགས་བརྗོད་བྱར་འདེམ་དགོས་པར་བསམས་ནས། རང་ཉིད་འཚར་ལོངས་བྱུང་སའི་རོང་གྲོང་གི་འཚོ་བ་རྣམས་ལོགས་སུ་བསྐྱུར་ཏེ། ཐུན་མོང་གི་མྱོང་སྣང་རགས་མོ་གང་དེར་བརྟེན་ནས་མཐོང་མ་མྱོང་བའི“རྩྭ་ཐང་གི་དགོང་སྲོད”དང“སྦྲ་ནག་གི་ཁ་ཚུབ།”“འབྲི་འཇོ་མཁན་མའི་བཞོ་དབྱངས”སོགས་བྲིས་པ་ནི་དེ་རིང་བསམས་ན་བྱིས་བློ་འབའ་ཞིག་གོ། དྲན་པ་རུ་ཚུད་པའི་རང་གི་འཚོ་བའི་བརྙན་རིས་ངོ་མ་བོ་ཐེད་ལ་བོར་ནས“སྒྱུ་རྩལ་གྱི་བདེན་པ”ཞིག་བསྙེགས་པ་ནི་རྟ་རྒོད་གཡང་ལ་མཆོངས་པའི་དཔེ་རུ་ཅིར་མི་འགྲོ། དེ་བས། ད་ལྟ་ཁོ་བོས་གསར་རྩོམ་གྱི་སྨྱུག་ཁ་དེ་ནམ་ཡང་རང་སྒེར་གྱི་ཉམས་མྱོང་ཞིག་ལ་གཞི་བཅའ་བ་ཡིན། ང་རང་གི《ཉི་འོད་ལམ་ལམ་ཁྲོད་ཀྱི་ལྷ་ས》 ཟླ་འོད་བསིལ་བསིལ་ཁྲོད་ཀྱི་ལྷ་ས》ལྟ་བུར་མཚོན་ན།ང་རང་གིས་དག་ཞིང་དུ་སྒོམ་ཞིང་ཕ་ཡུལ་དུ་ལོག་འདྲའི་སྤྲོ་སྣང་བཟུང་ནས་ལྷ་སར་འབྱོར་དུས། ནོར་བུ་གླིང་གར་ལྦུ་ཆང་རྔམ་འཐུང་བྱེད་པའི་སྲས་མོ་དག་དང༌། པོ་ཏ་ལའི་ཐང་ཆེན་དུ་ཞོག་ཁོག་འཚོང་བའི་རྒན་མོ་ཚོ། བར་སྐོར་ན་ཟས་ལྷག་ལ་སྒུག་པའི་མུ་ཏོ་བ་སོགས་དེ་འདྲའི་འགལ་འདུ་དང་དོ་མི་མཉམ་པའི་ངང་མངོན་སུམ་མིག་ལ་ཤར་པས། ཁོ་བོས་མུ་མཐུད་དུ་བསྟོད་ཚོགས་ཀྱི་མེ་ཏོག་སྙན་ངག་གི་དབྱིངས་སུ་ཇི་ལྟར་གཏོར་ཨང༌། གཏོར་ཐབས་མི་འདུག དེ་བཞིན་དུ《དིང་གླིང་ཁེར་འབུད》ལྟ་བུ་ནི། ཡུལ་མི་ཚོའི་སྐྱོ་སྣང་གི་བར་གསེང་ནས་བརྡོལ་པའི་འཛུམ་མདངས་དང༌། ཐབས་ཆགས་ངང་འཚོ་ཡང་ད་དུང་འཁང་ར་དང་ལེ་བདའ་མེད་པར་གཞས་དབྱངས་ངག་ཏུ་གྱེར་པའི་ངལ་དུབ་འདྲེས་མའི་སྤྲོ་སྣང༌། དིང་གླིང་གི་སྦུབས་ནས་འཕྱུར་པའི་ལྷད་མེད་ཀྱི་བརྩེ་དུངས ..... དེ་དག་སྟེ་ཡོད་ཚད་ཀྱི་ཡོད་ཚད་ཀྱིས་ཁོ་བོར་སྙན་ངག་གི་ཚོར་བ་དྲག་ཏུ་བསྐྱེད་པས། ཁོ་བོས་སེམས་ཀྱི་པི་ཝང་བརྩེ་བའི་སོར་མོས་མི་འཁྲོལ་རང་དབང་ཅི། སྙན་ངག་རྩོམ་པར་ལ་ཤས་ཀྱིས་ལྷན་སྐྱེས་ཀྱི་ཤེས་རབ་ཅིག་མངའ་དགོས་ཟེར། དེ་ནི་བདེན་ཀྱང་སྲིད་མོད། ང་རང་ལ་ལྷན་སྐྱེས་ཀྱི་ཤེས་རབ་ཅིག་ཡོད་མེད་དེ་ངས་གཏན་ནས་མི་ཤེས། ཁ་ཤས་ཀྱིས་སྙན་ངག་ནི་ཆང་བཙན་པོ་རྔམ་འཐུང་བྱས་ན་འོང་བ་རེད་ཟེར། དེ་ཡང་བདེན་ཀྱང་སྲིད་མོད། ཁོ་བོ་ཆང་རག་གིས་བཟི་བའི་ཚེ་ན་སྙན་ངག་སྨོས་ཅི་ཐ་ན་ཁྱིམ་གྱི་སྒོའང་རྙེད་དཀའ། ཡང་ལ་ཤས་ཀྱིས་སྙན་ངག་ནི་བཙིར་རྒྱུ་ཞིག་མིན་པར་རང་བྱུང་དུ་འབབ་པ་ཞིག་ཡིན་ཟེར། དེ་ཡང་བདེན་ཀྱང་སྲིད་མོད། ཁོ་བོས་རེ་སྒུག་གི་མིག་ཟུང་ཆེ་ཆེར་བགྲད་ཀྱང་སྙན་ངག་དེ་རང་བྱུང་དུ་བབ་མ་མྱོང༌། དེར་བརྟེན། ཁོ་བོས་མནོ་བསམ་ཡང་ཡང་བཏང་ཞིང་འབད་པ་མང་ཙམ་བསྟེན་ནས་སྙན་ངག་འབྲི་བཞིན་ཡོད་ལ། སྙན་ངག་ནི་བསམ་གཞིག་གི་གཞུང་རྟར་ཐོགས་པའི་མེ་ཏོག་མིན་པར་མེ་ཏོག་དེས་བསྐྱེད་པའི་འབྲས་རྡོག་མངར་མོར་རྩི་བཞིན་ཡོད།
སྤྱིར་སྙན་ངག་གི་རང་རྐྱ་འཕར་བའི་རྩོམ་གྱི་རྣམ་པ་ཞིག་ཡིན་པའི་ཆ་ནས། སྙན་ངག་གིས་འདི་འཁུར་དགོས་དང༌།ཀན་ཐེག་དགོས་ཞེས་བླང་བྱ་འདོན་མི་ཆོག་ནའང་ཐང་མོད། ཁོ་བོས་སྨྱུ་གུ་ཤོག་ངོས་སུ་བཙུགས་པའི་སྐད་ཅིག་མ་དེར།དྲན་པའི་རྩིག་ལྡེབས་སུ་འཁོར་འོངས་པ་ནི་མི་རིགས་འདིའི་མདུན་དུ་ལྷགས་པའི་འཇིག་རྟེན་སྣ་ཚོགས་པ་དང༌། སྙིང་ཉེ་འཁོས་ཆུང་གི་ཡུལ་མི་ཚོའི་བདེ་སྡུག ཡང་ན་མངོན་སུམ་དུ་མཐོང་ཐུབ་པའམ་མི་ཐུབ་པའི་ཚོར་ཤེས་སྡུག་མོ་དག་ཡིན་པས།ངས་དེ་དག་སེལ་མི་ཐུབ་ཀྱང་དེར་གདུང་སེམས་འཆང་བ་དང་འབོད་སྐུལ་གཏོང་བའི་འགན་དེ་ཕྲག་ལ་མི་ལེན་རང་ལེན་དུ་གྱུར་འགོ། དེའི་ཕྱིར་ཁོ་བོས་སྙན་ངག་ནི་འགན་འཁྲི་ཞིག་ཡིན་ཅེས་བརྗོད་མྱོང་ལ། སྙན་ངག་ནི་ན་ཟུག་གིས་འབྲི་དགོས་པའི་ལྟ་ཚུལ་ཡང་སྤེལ་མྱོང༌། ད་དུང་སྙན་ངག་པ་ཞིག་ཡིན་ན་རྒྱུ་འབྲས་བློ་མིག་གསལ་དགོས་ཤིང༌། དྲང་བདེན་གྱི་རྒྱབ་རྩར་ཀ་བཞིན་འགྲེང་དགོས་པའི་རེ་བའང་བཏོན་མྱོང༌།
སྙན་ངག་གི་སྐད་ཆེའི་ངོས་ནས་བཤད་ན། སྙན་ངག་ནི་སྐད་ཆེའི་དྭངས་མ་ཡིན་ཅེས་པའི་བཤད་སྲོལ་ཡོད་པས།སྙན་ངག་གི་སྐད་ཆ་དེ་ཁྱོད་དང་ངས་དུས་རྒྱུན་འཚོ་བའི་ཁྲོད་བརྗོད་ཀྱིན་ཡོད་པའི་སྐད་ཆ་དེ་ཡིན་མི་སྲིད། ཡིན་ནའང་སྙན་ངག་གི་སྐད་ཆ་དེ་གཏན་ཚིགས་ཀྱི་མ་བཟུང་བ་དང༌། བརྡ་སྤྲོད་ཀྱིས་བཏང་བ། ས
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com