དཔྱད་པ་ཕྲན་བུ།
དཔྱད་པ་ཕྲན་བུ་འདི་འབྲི་སྐབས་ངས་ས་ཁི་སིའི་འཇམ་མཉེན་རོལ་དབྱངས་ཤིག་ལ་ཉན་བཞིན་ཡོད། ངོ་མཚར་དང་འགྱུར་ཁུགས་རྫོགས་པའི་དབྱངས་རྟ། རབ་རིབ་མག་མོག་གི་སྐྱོ་གདུང་དང་བསླུ་བྲིད། ཡུན་རིང་མ་རྙེད་པའི་སེམས་ཀྱི་ཚོར་འདུ……མཐའ་འཁོལ་གྱི་མྱ་ངམ་ཐང་ནས་ཕྱིར་རང་གི་ཁྱིམ་གཞིས་བསྙེགས་པ་ལྟ་བུའི་དགའ་སྐྱོ་ཉིས་འདྲེས་ཀྱི་ཚོར་སྣང་ལས། རང་བྱུང་གི་སྣང་བ་ཞིག་ལ“ང་དང་གླང་རྒན”གཉིས་ཕ་ཡུལ་གཙང་འགྲམ་གྱི་ཞིང་སའི་སྟེང་ན་རྒྱུ་ཞིང༌། སྔོ་རྩྭས་ཁེངས་པའི་ཐང་སྟོང་ན་ངའི་གླང་རྒན་གྱིས་ད་དུང་ཅི་ཞིག་ཤབ་ཤུབ་ཏུ་ཟློ་བཞིན་པའི་ཉམས་སྣང་ཤར་བྱུང༌། སྙན་ངག་གསར་རྩོམ་གྱི་ལམ་ལ་ཞུགས་པ་ནས་སྙན་ངག་ནི་ངའི་དྲན་སྣང་ཞིག་བསྐྱར་གསོན་གྱི་དབྱངས་དེ་ཡིན་ལ། དབྱངས་དེ་ལས་ངའི་བཤད་དགོས་པའི་འཚོ་བ་དང་མི་ཚེའི་བདེན་པ་དེ་གནས་ཡོད། བག་ཕེབས་དང་ལྷིང་འཇགས་ཀྱི་རང་གཤིས་རྣལ་མ་ཉིད་ནི་ངས་ཡུན་རིང་བཙལ་ཅིང་སྐྱོ་བས་འབད་པའི་སྙན་ངག་ གི་རྟོག་ཡུལ་འབའ་ཞིག་ཏུ་སེམས་པས་ན། ཆ་ངེས་ཅན་ཞིག་ནས་བཤད་ན་ང་ནི་ལྟོས་མེད་ཀྱི་བདེན་ལུགས་ལྐོག་གྱུར་པ་འཚོལ་མཁན་གྱི་སྙན་ངག་པ་ཞིག་མིན་ལ། ཆོས་ལུགས་ཀྱི་ལྟ་བ་སྤེལ་མར་བགྲངས་ནས་མིའི་རིགས་ལ་སེམས་ཁུར་ཚད་མེད་བྱེད་མཁན་གྱི་མཁས་པའི་དབང་བོ་ཞིག་ཀྱང་ཡིན་མི་སྲིད། དེས་ན་ང་ནི་ད་དུང་ལོ་རྒྱུས་ཀྱི་འཕྲང་འགག་མྱུག་ཅིང་ལོ་ཟླའི་རྨི་ལམ་གྱི་རྒྱ་ལས་མ་ཐར་བའི་རྒྱང་བཞུད་པ་ཞིག་གམ། ནམ་ཡང“ཕྱིར་ལྡོག”གི་སྟ་གོན་བྱེད་པའི་ལམ་འགྲོ་པ་དཀྱུས་མ་ཞིག་སྟེ། འདས་ཟིན་ཀྱི་སེམས་འགྱུ་གང་རུང་གི་ཆག་གྲུམ་གྱི་ཆ་ཤས་ཉག་ཅིག་འཚོལ་བ་ལ་ཨུ་ཚུགས་ཀྱི་འདུ་ཤེས་འཆང་མཁན་ཁོ་ན་རུ་གྱུར་ཡོད། ཡིན་ནའང་བྱ་ཐབས་བྲལ་བ་ཞིག་ལ་ངས་ད་དུང་སྙན་ངག་ཅེས་པ་འདི་ཉམས་མྱོང་རིགས་ཤིག་གི་རང་རྟོགས་ཀྱི་བློ་བཀོད་ཅིག་ཡིན་པར་བདེན་དཔང་དང་སྒྲུབ་བྱེད་ནུས་ལྡན་ཞིག་འགོད་ཐུབ་མེད།
ཕྱིར་འདང་རེ་བརྒྱབ་ན། ༡༩༨༦ལོར་ཐོག་མར་སྙན་ངག་གསར་རྩོམ་གྱི་ཕྱོགས་སུ་བཞུད་ཅིང༌། 《ལྷའི་སིལ་ཏོག》ལ་སོགས་ཐོག་མའི་སྦྱངས་རྩོམ་ནས་དེང་གི་སྙན་རྩོམ་རིང་གྲས《བདག་མེད》ཅེས་པའི་བར་ཆད་མ་མཐུད་དུ་སྙན་རྩོམ་ཚན་པ་ཉིས་བརྒྱ་ལྷག་བྲིས་ཟིན་ལ། བགྲང་བྱ་ཉི་ཤུར་ཉེ་བའི་རིང་ལ་སྙན་ངག་པའི་གྲལ་བསྟར་དུ་རང་ལ་དབང་བའི“ཁ་མལ”ཞིག་ཀྱང་འབད་པས་ཨེ་ལོན་ལ་བལྟས་མོད། དེང་གི་ཆུ་དང་འདམ་སྙིགས་མཉམ་བཞུར་གྱི་སྙན་ངག་གི་དཔུང་སྡེ་འདི་རུ་ངའི་སྙན་རྩོམ་དག“རང་རློམ”དང“ཤེས་རློམ”ཁོ་ནས་རྒྱུན་བསྲིངས་པའི་སྐད་ཆ་རེ་གཉིས་ཤིག་ལས་ཅི་སྟེ། ཚོར་བ་ནི་ཅི། ཡིད་འགྱུར་ནི་ཅི། སྙན་ངག་གི་སྐད་ཆའམ་རང་གི་སྨྲ་མི་ནུས་པའི་སྐྱོ་ཡུས་དེའང་ཅི་སྟེ། ངའི་རྟོག་ཡུལ་གྱི་ཟབ་ས་ཞིག་ན་འཇམ་ཞིང་བག་ལ་ཉལ་བའི་འདུ་ཤེས་ཤིག་ད་དུང་འཕག་འཚག་དང་བཅས་འགུལ་བཞིན་པ་ནི་སྔར་འདས་ཀྱི་བག་ཆགས་མཐུག་པོའི་ཤེས་པ་རྐྱང་རྐྱང་ཞིག་མ་ཡིན་པར། ཟླ་དགུ་བའི་མངལ་དུ་ཆགས་པའི་འཚོ་བ་དང་སྐད་ཆའི་བུ་ཆུང་ཁོ་ན་ལགས་པས་དེ་ལ་གདོད་མའི་རང་བྱུང་གི་རྒྱུ་ཆས་བརྒྱན་ཅིང༌། གཏན་སྲོལ་དང་སྡོམ་ཚིག་གིས་མ་བཅིངས་པའི་རང་རྟོགས་ཀྱི་དབྱངས་ཀྱིས་ཁེངས་ཡོད། དེ་ནི་ངའི་སྙན་ངག་ཡིན་ལ། ངའི་ལས་བསྐོས་ཀྱང་ཡིན་པ་འདྲ། ཨ་རག་དང་སྟོང་ལབ་ཁོ་ནས་ཞེ་མཐུན་དུ་གྱུར་བའི་གྲོགས་པོ་ཞིག་གིས་སྤྲིངས་པའི་འཕྲིན་ཡིག་ཏུ། “བྱ་ཆེན་གྱི་སྐྱེ་བ་མེད་པའི་དུས་རབས་སུ/ སྙན་ངག་གི་གཤོག་སྒྲོ་ཁེར་རྐྱང་དུ་གྱུར་ནའང/ ཁྱོད་ལ་ད་དུང་གྲོགས་པོ་ཡོད……”ཅེས་བྲིས་ཡོད། འཕྲིན་ཡིག་དེ་ཀློག་ཐེངས་རེར་ངའི་སེམས་པ་ཧ་ཅང་སྐྱོ་བར་འགྱུར་ནའང༌། ཨ་སྔོན་མཐོ་ཞིང་བྲག་ཐེམ་བདེ་བས་རྒོད་པོ་ཁེར་རྐྱང་ཡིན་ཀྱང་གར་འཕུར་གྱི་རང་དབང་ཡོད་ལ། རྒྱ་མཚོ་ཡངས་ཤིང་རྦ་རླབས་དྲག་པོའི་ནང་གི་ཉ་མོ་ཁེར་རྐྱང་ཡིན་ནའང་གར་མྱུག་གི་རང་དབང་ཅི་ལ་མེད་ཅེས་བརྗོད་པར་སྤོབས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com