ངོས་དང་པོ > རྩོམ་རིག > རྩོམ་རིག་དཔྱད་བརྗོད། > ༄༅།།ཀ་གཞུང་ཡུལ་གྱི་དམངས་ཁྲོད་སྲོལ་རྒྱུན་ཚྭ་ཡི་ཚོང་ལས་རིག་གནས།
༄༅།།ཀ་གཞུང་ཡུལ་གྱི་དམངས་ཁྲོད་སྲོལ་རྒྱུན་ཚྭ་ཡི་ཚོང་ལས་རིག་གནས།
རྩོམ་པ་པོ།:སེར་རྩ•ཟླ་བ་བཟང་པོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2019-12-11 15:11:16
ཀློག་གྲངས།:

བོད་ཀྱི་ལོ་རྒྱུས་ལྟར་ན། ཚྭ་ནི་བོད་བཙན་པོའི་རྒྱལ་རབས་སོ་གསུམ་པ། རྒྱལ་པོ་གནམ་རི་སྲོང་བཙན་གྱིས་འདོ་བ་ཅང་ཤེས་བཅིབས་ནས། འབྲོང་བསད་པའི་ཤ་སྒ་ལ་བཏགས་པ་སར་ལྷུང་བའི་རྗེས་ནས་ཚྭ་བརྙེད་ཅིང་། དེ་ནས་བཟུང་ཚྭ་བེད་སྤྱོད་བྱེད་པའི་སྲོལ་བྱུང་བར་བཤད། ལོ་རྒྱུས་དེའི་དབང་དུ་བྱས་ན་བོད་ཀྱི་ཚྭ་ལ་ཕལ་ཆེར་མི་ལོ་ཆིག་སྟོང་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ལ། དེ་ལས་རིང་བའི་ལོ་རྒྱུས་ཡོད་ཀྱང་སྲིད། ཀ་གཞུང་གི་ཚྭ་སྨན་དཀར་མོའི་ཚྭ་གཏེར་ནི། ནང་ཆེན་རྫོང་གི་ཚྭ་གཏེར་ཆེན་པོ་བརྒྱད་ཀྱི་ཡ་གྱལ་དང་། ཀ་གཞུང་གི་དམིགས་བསལ་ཁྱད་ཆོས་གཙོ་བོ་བདུན་ཡོད་པའི་ནང་གི་གཅིག་ཡིན། ཀ་གཞུང་གི་ཚྭ་སྨན་དཀར་མོ་བཀོལ་སྤྱོད་ཀྱི་ལོ་རྒྱུས་དང་། ཚྭ་ཡི་རིག་གནས་ནི། སྲིད་པ་བོན་གྱི་དུས་སྐབས་ནས་བཟུང་མགོ་བརྩམས་ཡོད་ཅེས་བརྗོད་ཆོག་སྟེ། གནའ་སྔ་མོ་ནས་བཟུང་ཕྱིས་ཀྱི་བར་དུ་གནའ་འདི་དག་ནི་བོན་ཀྱི་ཆོས་སྲིད་དང་། རིག་གནས་གོམས་སྲོལ་ཤུགས་ཆེར་དར་བའི་སུམ་པས་དབང་བསྒྱུར་བའི་གནས་ཤིག་ཡིན་པས་སོ། །
གཞན་ཡང་ཇི་སྐད་དུ། 《འབྲོང་རབས་ལྕི་ལུང་ཡུལ་ལ་ཆེ་བ་བརྗོད་པའི་ལེའུ》ལས།“ས་ལྷུན་གྲུབ་ཀྱི་དངོས་གྲུབ་ཟད་མེད་ལ། །ཀ་ཡི་ལན་ཚྭ་དཀར་མོ་ཡོད། །”ཅེས་འབྱུང་བ་དང་། 《འབྲོང་རབས》ལས།“ཨག་གི་ཚྭ་ཆེན་བཅོ་བརྒྱད་དང་། །གྲོ་གད་ཀ་ཚྭ་དང་བཅས་པའི། །ཚྭ་ཆེན་ཉི་ཤུའི་བདག་པོ་དེ། །སྨུག་པོ་ལྡོང་གི་འབྲོང་པ་ཡིན། །”ཞེས་སོགས་གསལ་བ་བཞིན་ལོ་རྒྱུས་ཁྲོད་ཀ་ཡི་ཚྭ་སྨན་དཀར་མོའམ་ཀ་ཚྭའི་ལོ་རྒྱུས་གནས་བབ་དང་། འདས་པའི་བྱུང་བ་བསྟན་ཡོད་པར་མ་ཟད། ཀ་གཞུང་ཡུལ་གྱི་དམངས་ཁྲོད《ཚྭ་ཐང་མཛའ་གཞས》ལས།“ལོངས་སྤྱོད་དངོས་གྲུབ་ཟད་མེད། །ཀ་ཡི་ལན་ཚྭ་དཀར་མོ། །མདོ་དབུས་ཆོལ་ཁ་གཉིས་ཀྱི། །སྐྱིད་སྡུག་འཚོ་བའི་རྟེན་ས། །ཚྭ་སྨན་དཀར་མོ་རྡོག་རེ། །གསེར་སྲང་བརྒྱ་ཡིས་མི་ལོན། །ཚྭ་ཁའི་བུ་མོའི་འཛུམ་རེ། །གཡག་རྒོད་སྟོང་གིས་མི་ཁུག །”ཅེས་ཚྭ་སྨན་དཀར་མོའི་རིན་ཐང་དང་། དེ་ལ་བརྟེན་པའི་ལོ་རྒྱུས། འཚོ་བའི་རང་བཞིན། ཕོ་མོའི་བར་གྱི་བརྩེ་དུང་གི་རྣམ་པ་སོགས་ཞིབ་པར་བསྟན་ཡོད། ཀ་གཞུང་གི་ཚྭ་གཏེར་ལ་ས་ཁུལ་གྱི་དབང་དུ་བྱས་ན་ཚྭ་སྨན་དཀར་མོའི་ཚྭ་མཚོ་དང་། ནཱ་བཅག་ཁའི་ཚྭ། ལྡང་ཧྲཱིཿརྐེའི་ཚྭ་སོགས་མང་པོ་ཡོད། སྔོན་དུས་ས་གནས་དེ་དག་གི་ཚྭ་དངོས་སུ་བེད་སྤྱོད་བྱེད་རྒྱུ་ཡོད་ཀྱང་། རྗེས་མར་དེ་དག་དེ་ཙམ་མང་པོ་མེད་པའི་རྐྱེན་གྱིས་ཚང་མ་བཀོལ་སྤྱོད་བྱེད་བཞིན་མེད། དེང་སང་ཡོངས་ཁྱབ་བཀོད་སྤྱོད་བྱེད་བཞིན་པ་ནི་ཀ་ཚྭ་ཁའི་ཚྭ་སྨན་དཀར་མོའི་ཚྭ་མཚོ་ཁོ་ན་ཡིན།
གནའ་དུས་ནས་བཟུང་ཚྭ་ཡི་གཏེར་ཁ་འདི་ལ་བརྟེན་ནས། བོད་ཆོལ་ཁ་གཉིས་ཀྱི་བར་ལ་ཚྭ་ཡི་ཚོང་ལས་དར་ཞིང་། ལོ་རྒྱུས་ཁྲོད་ཀྱི་ཚོང་ལམ་རིང་མོ་ཞིག་ཆགས་པ་དང་། ལྷག་པར་དུ་ནང་ཆེན་ཀ་གཞུང་གི་ཚྭ་གཏེར་ལ་མི་ལོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན། ཀ་གཞུང་གི་ཚྭ་ལ་ཚྭ་དཀར་པོ་དང་། ཚྭ་དམར་པོ། ཟོག་ཚྭ་སྟེ་རིགས་གསུམ་ཡོད། ཚྭ་དཀར་ནི། ཚྭ་དཀར་པོ་ཁོ་ན་ཆགས་པའི་ཚྭ་ཡིན་ལ། ཚྭ་དམར་ནི་དེ་ལས་ཅུང་ཟད་དམར་བ་དང་། ས་དམར་གྱི་མདོག་ཆགས་པ་ལ་ཟེར་ཞིང་དེ་གཉིས་གཙོ་བོ་མི་ཡི་བཟའ་ཚྭ་ཡིན། ཟོག་ཚྭ་ནི། ཚྭ་དཀར་ཚྭ་དམར་གཉིས་བཞམས་ཟིན་པའི་རྗེས་ནས་རུག་ཡོང་བའི་ཚྭ་སྟེ། ས་དམར་ཅུང་ཟད་འདྲེས་ནས་ཡོད་ལ། དེ་ནི་ཟོག་ཚྭ་སྟེ་རྟ་ནོར་ལུག་གསུམ་ལ་སྦྱིན་རྒྱུ་ཡིན་ནོ། །

གཉིས། མདོ་དབུས་ཆོལ་ཁ་གཉིས་ཀྱི་ཚྭ་ཡི་ཚོང་ལམ་ཇི་ལྟར་དར་ཚུལ།
མདོ་དབུས་བར་གྱི“ཚྭ་ཁལ་གནའ་ལམ”མམ“ཚྭ་པའི་འགྲུལ་ལམ”རིང་མོ་འདི། བོད་ཆོལ་ཁ་གཉིས་ཀྱི་བར་ལ་འཐེན་ཡོད་དེ། ཇི་སྐད་དུ། ཀ་གཞུང་ཡུལ་གྱི་ཁ་དཔེར།“སོ་དེམ་གཉིས་ཀྱི་ས་མཚམས། བན་བོན་གཉིས་ཀྱི་ཆོས་མཚམས།”ཞེས་ལོ་རྒྱུས་ཀྱི་ངོས་ནས་གནའ་དུས་ཀྱི་སོ་དེམ་ས་མཚམས་སམ་ཁམས་དབུས་གཉིས་ཀྱི་ས་མཚམས་དང་། དེང་སང་མཚོ་སྔོན་དང་བོད་ལྗོངས་ཏེ་ཞིང་ཆེན་གཉིས་ཀྱི་བར་ཡིན་ལ། ཚྭ་ལམ་ནི་རི་མཐོ་ཞིང་། གངས་རི་ཏི་སེའི་མང་བ། འགག་དོག་པ། ས་འཕྲང་ལམ་རྩུབ་ཀྱི་ཚྭ་ལམ་རིང་མོ་ཞིག་ཡིན་པ་ནི།“ཚྭ་ཁལ་གནའ་ལམ་རིང་མོ། །ཤི་གསོན་བྱེ་མའི་ལམ་རེད། །ཀ་འགག་འཇིག་པའི་གྲོག་རོང་། །དམྱལ་བ་བར་དོའི་འཕྲང་རེད། །གནའ་ལམ་འཇིག་སྐྲག་མ་བཤད། །ཚྭ་པའི་ཉང(ཡུལ་སྐད། དཀའ་བའི་དོན)མཐོང་མ་རྫོ། །འཇིག་སྐྲག་ཉང་མཐོང་བསམ་ན། །ཚྭ་སྨན་དཀར་མོ་མི་ལོན། །”ཞེས་སོགས《ཚྭ་ཐང་མཛའ་གཞས》ལས་འབྱུང་བའི་ཚིག་འདི་དག་གིས་བསྟན་ཡོད།
《མདོ་ཁམས་གནས་ཆེན་ཉེར་ལྔའི་མདོ་བྱང》ལས།“གནས་མཆོག་རྟ་རྣའི་གཡས་ཀྱི་སྦས་ལུང་དུ། །ཀ་གྲོ་ཞེས་པ་ཚེ་དཔག་མེད་པའི་གནས། །བཅུད་ཀྱི་གྲོ་མ་ལུང་གི་སྦས་ཡུལ་ཕུག །ཟིང་པོ་ཤེལ་རྫོང་ཏི་སེ་ལུང་གནས་བྱེ”ཞེས་འབྱུང་བ་དང་།《རྟ་རྣའི་གནས་ཡིག》ལས།“རྟ་རྣ་གཟེ་དང་ཀ་རྨེ་ལྕི་ཆུའི་རྒྱུད། །ཆུ་བཞི་སྒང་དྲུག་སྦས་གནས་བརྒྱ་རྩ་བརྒྱད། །”ཅེས་དང་། གཞན་ཡང་།“ཀ་ཞེས་ཕུར་པའི་གནས་མཆོག་ཟུར། །གསེར་འབྲོང་གཉིས་ཀྱི་སོ་མཚམས་ན། །གནས་མཆོག་སྦས་ཡུལ་མ་ཉམས་པ། །སྒོ་འབྱེད་གཏེར་ཁ་དུ་མ་ཡོད། །”ཅེས་སོགས་ཀྱིས་གནའ་སྔ་མོ་ནས་ཚྭ་སྨན་དཀར་མོ་སོགས་ས་གནས་ཀྱི་གཏེར་ཁ་དུ་མ་ཡོད་ཚུལ་གྱི་ལོ་རྒྱུས་དང་གནས་ཡིག་མང་པོ་ཞིག་ནས་ཀ་གཞུང་ཡུལ་གྱི་ཆེ་བ་བརྗོད་ཡོད། ལྷག་པར་ངག་རྒྱུན་དུ་གནའ་སྔ་མོ་ནས“ཀ་གནམ་ལྗིག་གསུམ། རྨེ་སྦས་ཤོག་གསུམ”ཞེས་གྲགས་ཤིང་། ཡུལ་དེ་དག་ལ་མེས་པོ་གོང་མ་རྣམས་ཀྱིས”ཀ་གྲོ་སྦས་ལུང་“དང་“སྦས་ཡུལ་གྲོ་མ་ལྗོངས”ཞེས་སོགས་བསྔགས་པ་དང་། གྲགས་ཅན་གྱི་གནས་རི་མང་ཞིང་། མཚོ་དང་མཚེའུ། གསེར་དངུལ་ཟངས་ལྕགས། ཞ་ཉེ་སོགས་གཏེར་ཁ་ཕུན་སུམ་ཚོགས་པའི་ངེས་དོན་གྱི་སྦས་གནས་ཞིག་ཡིན་ལ། ནང་ཆེན་གྱི་ཁྱོན་ཡོངས་ནས་དམིགས་བསལ་སྨན་རྫས་གཏེར་སྣ་འཛོམས་ཤོས་དང་། ཀ་ཡི་ལན་ཚྭ་དཀར་མོའི་གཏེར་ཁ་བཟང་བས། མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ཚྭ་ལམ་རིང་མོ་བྱུང་ཞིང་། དེ་འབྲེལ་གྱི་ས་གནས་ཁྱད་ཆོས་ཅན་གྱི་ལོ་རྒྱུས་དང་། རིག་གནས། གོམས་སྲོལ་མང་པོ་ཞིག་བྱུང་ཡོད་ཅིང་། མདོ་དབུས་ཚྭ་ལམ་མམ་ཚྭ་ཁལ་གནའ་ལམ་ནི་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་ཚོང་ལམ་ཆེ་ཤོས་གཅིག་ཡིན།
ཀ་གཞུང་གི་ཚྭ་ནི་སྔོན་དུས་ནང་ཆེན་གྱི་ས་ཕྱོགས་ལས་ཀྱང་རྒལ་ཏེ་བོད་ཆོལ་ཁ་གཉིས་ཀྱི་བར་ལ་འགྲེམ་སྒོ་ཆེན་པོ་བྱུང་ཞིང་། ལྷོ་ནས་ཆབ་མདོ། ཚ་བ་སྒང་། ཏིང་ཆེན། ལྷོ་རོང་། བྱང་ནས་ནག་ཆུ་བར་ཚོང་འགྲེམ་བྱུང་མྱོང་ཡོད་ལ། རིམ་བཞིན་དབུས་གཙང་ལྷ་ས་དང་། མདོ་སྨད་ཙོང་ཀའི་ཕྱོགས་ལའང་ཐར་ཐོར་འགྲེམ་མྱོང་ཡོད་དེ། ཀ་གཞུང་དམངས་ཁྲོད་ངག་རྒྱུན་ནམ《ཚྭ་ཐང་མཛའ་གཞས》 ལས།“དར་མདོའི་ཇ་ལོ་ཞིམ་པོ། །ཀ་ཡི་ལན་ཚྭ་དཀར་མོ། །སྐྱེ་སའི་ཐོན་ཁུངས་མི་གཅིག ། འཛོམས་ས་དབུས་གཙང་ཡུལ་རེད། །”ཅེས་ཟེར་བ་ལྟར། དབུས་གཙང་ལྷ་སའི་ཕྱིན་ལ་ཀ་ཚྭའི་ཚོང་ལམ་ཡོད་པའི་ཚོད་དཔག་བྱེད་ཐུབ་ལ། གནའ་སྔ་མོ་ནས“ཚྭ་ཁལ་གནའ་ལམ”གྱི་ལོ་རྒྱུས་རིང་མོ་ཞིག་བྱུང་ཡོད་པར་མ་ཟད། བོད་ཀྱི་ཆོལ་ཁ་ཆེན་པོ་གཉིས་ཀྱི་བར་ལ་ཚྭ་སྨན་དཀར་མོའི་འཚོ་བའི་རིན་ཐང་གལ་ཆེན་ཞིག་ཆགས་མྱོང་ཡོད།
གསུམ། ཚྭ་ཚོང་དང་འབྲེལ་བའི་ཡུལ་ལྷ་གཞི་བདག་མཆོད་བསྟོད་ཀྱི་གོམས་སྲོལ།
ཀ་གཞུང་དུ་ཚྭ་གཏེར་ལ་བརྟེན་ནས། ཚྭ་ཡི་ལོ་རྒྱུས་དང་། ཚྭ་ཁལ་གནའ་ལམ་རིག་གནས་དར་བའི་རྒྱུད་རིམ་ཁྲོད། ཚྭ་ཡི་ཚོང་ལས་རིག་གནས་དང་གོམས་སྲོལ་མང་པོ་ཞིག་བྱུང་ཡོད་ལ། དེའི་ཁྲོད་ནས་ཚྭ་ཚོང་དང་འབྲེལ་བའི་ཡུལ་ལྷ་གཞི་བདག་མཆོད་སྲོལ་འདི་ནི་ཡུལ་གྱི་ཐུན་མིན་གོམས་སྲོལ་ཞིག་གམ། ཚྭ་ཚོང་གི་རིག་གནས་ཞིག་ཡིན། དཔེར་ན། 《ཚྭ་པའི་གླུ་མཆོད》ལས།“འོ། མཆོད། མཆོད། མཆོད། ཀ་རྒྱལ་བླ་མ་བཞུགས་འདྲ་དེ་མཆོད་ར། གནས་དགའ། སྒོམ་ཐང་པོ་ཏི་རྩིག་འདྲ་དེ་མཆོད་ར། གནས་དགའ། སེར་ཡུ་ཕྱེ་མར་སྤུང་འདྲ་དེ་མཆོད་ར། གནས་དགའ། ནཱ་བཅག་གཞི་ཁྲི་བཀོད་འདྲ་དེ་མཆོད་ར། གནས་དགའ། ནཱ་ཐུར་སྤོས་ཐུར་བཙུགས་འདྲ་དེ་མཆོད་ར། གནས་དགའ། ནཱ་ཆུ་ཡོན་ཆབ་བཤམས་འདྲ་དེ་མཆོད་ར། གནས་དགའ། ཚྭ་སྨན་དཀར་མོ་མཆེད་གསུམ་དེ་མཆོད་ར། གནས་དགའ། གོས་མེད་ལྷག་པས་མི་འཆི་ལེས། སྤོས་སེབ་ཤུག་པའི་འཛོ་འོང་དེ་མཆོད་ར། གནས་དགའ། ཟས་མེད་མུ་གེའི་མི་འཆི་ལེས། རྔ་མོང་གྲོ་མའི་གཏེར་ཁ་དེ་མཆོད་ར། གནས་དགའ། ལོངས་སྤྱོད་དངོས་གྲུབ་མི་ཟད་ལེས། ཀ་ཡི་ལྭ་ཚྭ་དཀར་མོ་དེ་མཆོད་ར། གནས་དགའ། ནད་ཀྱི་བར་ཆད་མི་འབྱུང་ལེས། རྨེ་རྒྱལ་ལྷ་བཙན་རག་ནེ་དེ་མཆོད་ར། གནའ་དགའ། དགྲ་ནག་པོ་ཀླད་ལ་མི་ཤོར་ལེས། ཀ་ལྗང་རྒྱངས་ཤྭ་ཕོ་དུང་རི་དེ་མཆོད་ར། གནས་དགའ། བུ་དཔའ་བོ་དགྲ་ལ་མི་ཤོར་ལེས། གནམ་རྒྱལ་གསང་བ་ལྷ་རྩེ་དེ་མཆོད་ར། གནས་དགའ། སྨན་བུ་མོའི་སྐྱེ་གཟུགས་མི་ཉམས་ལེས། རྫོང་རྒྱལ་ཤུག་གུ་ལྷ་མོ་དེ་མཆོད་ར། གནས་དགའ། ནོར་ལོངས་སྤྱོད་གཏེར་ཁ་མི་ཉམས་ལེས། ལྗིག་རྒྱལ་ཀླུ་ཡི་བང་མཛོད་དེ་མཆོད་ར། གནས་དགའ། ཕྱི་དགྲ་མགོ་རྡུང་བའི་ཐོ་བ་ལ། དམ་ཅན་མགར་བ་དམར་ནག་དེ་མཆོད་ར། གནས་དགའ། ཕ་བླ་མའི་ཆོས་ར་མི་ཉམས་ལེས། བྱང་རྟ་རྣའི་ལྷ་ཆོས་བརྟེན་གསུམ་དེ་མཆོད་ར། གནས་དགའ། སྤྲོ་སྐྱིད་མིག་གི་དགའ་སྟོོན་ལ། ཀ་གྲོ་སྦས་ཡུལ་ལུང་པ་དེ་མཆོད་ར། གནས་དགའ། མཆོད། མཆོད། མཆོད”ཅེས་དབྱངས་སྙན་པོས་འདོན་སྲོལ་ཡོད་ལ། དེ་དང་འབྲེལ་ནས། ཚྭ་ཡི་ཕུད་དང་། ཚྭ་ལ་རྗེ་ལེན་བྱེད་པའི་ནས་སོགས་ཀྱི་ཕུད་ལེན་སྲོལ་ཡོད། ཚྭ་པའི་གླུ་མཆོད་འདི་ནི། གནའ་སྔ་མོ་ནས་དར་བའི་ལུགས་སྲོལ་ཐུན་མོང་མ་ཡིན་པ་ཞིག་སྟེ། འབྲོང་པ་ཀ་གཞུང་གི་ཡུལ་མི་དག་ཚྭ་བ་སྒང་དང་། ཁྱུང་པོ་སྟེང་ཆེན། ག་འབོ་དམུ་གསུམ། ནག་ཆུ་སོགས་ཕྱི་ཕྱོགས་གཞན་ཡུལ་ལ་ཚྭ་བཀལ་ནས་ཚོང་དུ་འགྲོ་བའི་དུས། ཚྭ་ཚོང་བྱེད་པའི་སྐབས་སུ་ཚྭ་པའི་གླུ་མཆོད་འདི་གྱེར་ཞིང་། ཚྭ་དང་བརྗེ་བའི་དངོས་པོ་ཐོག་མར་ཚིགས་ཀ་རེ་ལ་མཆོད་ཕུད་རེ་ལེན་པར་མ་ཟད། གཞན་ནས་ཚུར་ཡོང་བའི་ཚྭ་པ་དག་ལའང་ཚྭ་བཙོང་ཚར་བའི་རྗེས། ཚྭ་མཆོད་འདི་གྱེར་ནས་ཚྭ་ཡི་ཕུད་ཚུར་ལེན་སྲོལ་ཡོད།

བཞི། ཚྭ་ཚོང་དང་འབྲེལ་བའི“མགོ་འཐེན”ལམ་ལུགས།
“མགོ་འཐེན”ཞེས་པ་ནི་ཀ་གཞུང་གི་ཚྭ་ཡི་ཚོང་ལས་རིག་གནས་ཁོ་ནར་སྤྱོད་པའི་ཐ་སྙད་གཅིག་ཡིན་ལ། ཐ་སྙད་དེ་འབྲེལ་གྱི་མགོ་འཐེན་ལམ་ལུགས་ཁྲོད་ཚྭ་ཡི་ཚོང་ལས་ཀྱི་རིན་ཐང་ལྟ་ཚུལ་དང་། ཐུན་མོང་མ་ཡིན་པའི་ལུགས་སྲོལ་ཞིག་སྟོན་པ་སྟེ། མགོ་འཐེན་ཞེས་པ་ནི། མགོ་སྟེ་མགོ་མའམ་དང་པོ། ཡང་ན། ཐོག་མར་ཟེར་བ་ཡིན་ལ། འཐེན་ནི་འཐེན་པའམ་ལེན་པ་ཞེས་པའི་དོན་ཡིན། དོན་དུ་ཚྭ་ཚོང་བྱེད་སྐབས་ཐོག་མར་ལེན་པའི་དངོས་ཟོག་ལ་ཟེར་བ་སྟེ། ཚྭ་པ་ཚུལ་ཡོང་ཐམས་ཅད་ཀྱི་ལག་ནས་ཐོག་མར་མགོ་འཐེན་ལེན་ཞིང་། དེ་ནས་ད་གཟོད་ཚྭ་ཚོང་བྱེད་པ་ཡིན། གལ་སྲིད་མགོ་འཐེན་མི་སྤྲོད་པའམ་ལུགས་སྲོལ་མི་རྩི་མཁན་ཡོད་ན་ཚྭ་ཚོང་བྱེད་སྲོལ་མེད། མགོ་འཐེན་ལ་ཤ་དང་མར། ནས། ཇ། བལ། དར་གོས། དངུལ་སྒོར་སོགས་རང་ཉིད་ལ་གང་ཡོད་སྤྲད་ཆོག

མགོ་འཐེན་ནི་མ་གཞི་ནས་ཚྭ་པའི་ཚོང་ཁྲལ་ཞིག་སྟེ་མགོ་འཐེན་མེད་ན་ཚྭ་ཚོང་བྱེད་ཐབས་མེད་དོ། །
ཡང་མགོ་འཐེན་གྱི་ལམ་དང་ལུགས་སྲོལ་དེའི་ཁྲོད་ནས། ཚྭ་པ་དང་ཚྭ་ཡི་ཚོང་པའི་བར་གནའ་སྔ་མོ་ནས། ཕ་མེས་ཡང་མེས་ནས་བཟུང་ཚོང་རོགས་སམ། ཚྭ་ཡི་ཚོང་འབྲེལ་གྱི་བརྒྱུད་པ་ཡོད་དེ། དཔེར་ན། ཚྭ་ཐང་དུ་ཚྭ་ཡི་ཚོང་དཔོན་ཤིན་ཏུ་མང་ནའང་། མེས་པའི་ལམ་དང་ལུགས་སྲོལ་རྩི་ནས། ཕྱོགས་གཞན་ནས་འོང་བའི་ཚྭ་པ་མང་ཆེ་བས་རང་ཉིད་ཀྱི་ཕ་མེས་ཡང་མེས་ཀྱི་ཚྭ་ཡི་ཚོང་གྲོགས་ཡོད་ས་ནས་ཉོ་སྲོལ་ཡོད་པ་རེད། དེ་བས་ངག་རྒྱུན་དུའང་།“མེས་པོའི་ཕྱི་ཐག་བསམ་ནས། །ཚྭ་ལམ་དཔའ་ཡིས་བཅད་པས། །ཨ་ཕའི་ཤག་པོའི་བུ་ཡིས། །མགོ་འཐེན་མེད་པ་གནང་སོང་། །”ཞེས་པ་ལྟར། མེས་པོའི་ཚྭ་ཡི་ཚོང་འབྲེལ་གྱི་ལུགས་སྲོལ་བཟང་པོའི་འོག་དེ་རིང་ཚོང་པ་དང་། ཚྭ་པ་གཉིས་ངོ་ཤེས་ཐོག་མ་ཡིན་ཡང་། ཁོང་གཉིས་ཀྱི་ཕ་མེས་ཡང་མེས་ནས་ཚོང་འབྲེལ་ཡག་པོ་ཡོད་པ་ལ་བསམ་ནས། ཚོང་པས་ཨ་ཕའི་ཤག་པོའི་བུ་ལ་མགོ་འཐེན་མི་དགོས་པར་ཚྭ་ཚོང་བྱེད་པའི་ཕྱི་ཐག་གི་སྲོལ་རྒྱུན་བཟང་པོའང་ཡོད་པ་ཡིན་ནོ། །
ལྔ། བྲེ་སྲང་ཕུལ་གསུམ་གྱིས་ཚྭ་ཇི་ལྟར་འཇལ་ཚུལ།
ཚྭ་ཡི་ཚོང་ལས་སྐབས་སུ་བྲེ་སྲང་ཕུལ་གསུམ་སོགས་ཀྱིས་འཇལ་ཚུལ་དང་། ཚྭ་དང་དངོས་པོ་གཞན་རྗེ་སྐབས་རིན་ཐང་ཆེ་ཆུང་གི་ཚད་ཡོད་པ་ལས་རང་གར་བརྗེ་བ་མ་ཡིན་ལ། ངག་རྒྱུན་དུ“ལྕི་ཡང་རྒྱ་མར་འདེགས། མང་ཉུང་བྲེ་ལ་འཇལ།”ཞེས་པ་ལྟར་ཚྭ་ཡི་ཚོང་ཟོག་རྗེ་རེས་སྐབས་སུའང་ཡོད་ཚད་འཇལ་དགོས། འཇལ་ཚུལ་ཐད་དངོས་པོ་དག་གི་རིན་ཐང་ལྟར་འཇལ་ནས་བརྗེ་ལུགས་ཡོད་དེ། དེ་ཡང་ཡུལ་མིའི་ངག་རྒྱུན་དུ།“ཚྭ་ནས་གཉིས་དེ་མཉམ་བརྗེ། ཚྭ་ཡུང་གཉིས་དེ་ལོག་བརྗེ།”ཞེས་པ་ལྟར། དཔེར་ན། ཚྭ་དང་ནས་རྗེ་བའི་སྐབས་སུ། བྲེ་སྲང་ཕུལ་གསུམ་གང་ཡིན་ཡང་མང་ཉུང་འདྲ་མཚུངས་སུ་བརྗེ་སྲོལ་ཡོད་ལ། ཚྭ་དང་ཡུང་གཉིས་བརྗེ་བའི་སྐབས་སུ་ཚྭ་ཡི་ལོག་པོ་ཡུང་གིས་འཇལ་ནས་བརྗེ་བ་ཡིན།
ཡུལ་མིའི་ངག་རྒྱུན་དུ་སྔོན་གྱི་དུས་སུ་ཚྭ་དང་ནས་གཉིས་རིན་ཐང་མཉམ་པའི་དངོས་པོར་རྩི་སྲོལ་ཡོད་ཟེར་ལ།“ཚྭ་བྲེ་གང་དང་ནས་བྲེ་གང”(བྲེ་གང་ལ་རྒྱ་མ་༢༨ཙམ་ཡིན)བརྗེ་བ་སོགས་འཇལ་བྱེད་ཀྱི་དངོས་པོ་གང་ཡིན་ཡང་འདྲ་མཚུངས་སུ་རྗེ་སྲོལ་ཡོད། དེ་བཞིན“མར་བྲེ་གང་ལ་ཚྭ་བྲེ་དོ”དང་།“ཇ་བྲེ་གང་ལ་ཚྭ་བྲེ་གང་དང་ཕྱེད”དགོས་པ་སོགས་ཚྭ་དང་དངོས་ཟོག་རྗེ་རེས་ཀྱི་ཚོང་ལས་ཐོག་གཏན་འབེབས་ཀྱི་ལུགས་སྲོལ་མང་པོ་ཡོད། འོན་ཀྱང་། ཚོང་ཟོག་རིན་གོང་བསྡུར་སྐབས་རྒྱུ་ཡི་སྤོས་ཀ་ཆེ་ཆུང་དང་། ཚོང་ལམ་རིང་ཐུང་། དགོས་མཁོ་ཆེ་ཆུང་སོགས་ཀྱི་གནས་ཚུལ་གྱིས་ཚོང་ཟོག་རྗེ་རེས་སྐབས་འོས་བབ་དང་མཐུན་པའི་རིན་གོང་དམའ་མཐོར་འགྱུར་བ་འགྲོ་བཞིན་ཡོད།
ཚྭ་ཚོང་སྐབས་བྲེ་སྲང་ཕུལ་གསུམ་སོགས་མ་འབྱོར་བའི་སྐབས་སུ་གཞོང་པ་དང་། སླེ་བོ་སོགས་སྤྱོད་སྲོལ་ཡོད་པར་མ་ཟད། ཚྭ་འཇལ་བྱེད་དུ་ཚྭ་རྭ་དང་། ཟོ་བ། ཀོ་བས་བཟོས་པའི་སྣོད་སོགས་སྤྱོད་པ་ཡིན། གནའ་སྔ་མོའི་ཚྭ་ཚོང་གི་རྣམ་པ་ནི། སྟོད་ཕྱོགས་བྱང་ཐང་འབྲོག་པ་རྣམས་ཀྱིས་ཁོ་ཚོར་ཡོད་པའི་བལ་དང་རྩིད་པ། མར་ཕྱུར་བ་སོགས་ཚྭ་དང་རྗེ་བ་ཡིན་ལ། ཡུལ་བ་རྣམས་ཀྱིས་ཁོ་ཚོར་ཡོད་པའི་ནས་འབྲས་གྲོ་སྲན་དང་། མངར་གསུམ་སོགས་ཁོ་ཚོར་མེད་པའི་ཚྭ་དང་རྗེ་བར་བྱེད། དེ་བཞིན་སྨད་ཕྱོགས་ཀྱིས་ཤིང་ཆ་དང་། དར་གོས། ཇ་སོགས་ཚྭ་དང་རྗེ་བར་བྱེད། གང་ལྟར་ཡུལ་སོ་སོའི་རང་རང་གི་ཐོན་ལས་ཁྱད་ཆོས་དག་རང་ལ་མེད་པའི་དངོས་པོ་དང་རྗེ་ནས་སོ་སོའི་དགོས་མཁོ་སྐོང་བ་སྟེ། དགོས་མཁོ་དེ་ལ་རྟེན་ནས་ཚྭ་ཡི་ཚོང་ལས་ཡང་དར་བའི་རྒྱུ་རྐྱེན་དུ་གྱུར་ཡོད།

དྲུག ཚྭ་ཚོང་ཁྲོད་ཀྱི་ཕོ་མོའི་བརྩེ་དུང་གི་འབྲེལ་བ།
གནའ་སྔ་མོ་ནས་མདོ་དབུས་ཆོལ་ཁ་གཉིས་ཀྱི་ཚྭ་ཡི་ཚོང་ལས་ཀྱི་འབྲེལ་འདྲིས་ཁྲོད་ཕོ་མོའི་བར་གྱི་བརྩེ་དུང་གི་འབྲེལ་བ་ནི་ཚྭ་པའི་འཚོ་བའི་ནང་གི་དོན་སྙིང་གལ་ཆེན་ཞིག་ཏུ་ཆགས་ཡོད་དེ། གཙོ་བོ་ཚྭ་པ་དང་ས་གནས་ཀྱི་བུ་མོའི་བར་གྱི་དགའ་སྐྱོ་ཆགས་སྡང་ལས་གྲུབ་པའི་བརྩེ་དུང་གི་གཏམ་རྒྱུད་ངོ་མཚན་ཅན་མང་པོ་བྱུང་མྱོང་། སྒང་པ་བོད་མིའི་འཚོ་བ་ནི་མ་གཞི་ནས་ཕྱོགས་དང་རིས་ཀྱིས་ཆགས་པ་ཞིག་ཡིན་ལ། ཀ་གཞུང་གི་ཚྭ་ལམ་རིང་མོས་སྦྲེལ་བའི་ཚྭ་པའི་འཚོ་བ་ནི། ཏག་ཏག་ཆོལ་ཁག་གཉིས་ཀྱི་བར་ན་ཆགས་ཡོད་པའི་རྐྱེན་གྱིས། ས་གནས་དང་། ཆོས་ལུགས། གོམས་སྲོལ། རིག་གནས་མང་པོ་ཞིག་གི་འབྲེལ་མཚམས་དང་། འདྲིས་མཚམས་ཡིན་པས། མདོ་དབུས་ཚྭ་ལམ་རིང་མོའི་བར་ལག་རྒྱུད་ནས། རིག་གནས་དང་། གོམས་སྲོལ་མང་པོ་ཞིག་ཐད་ནས་ཕན་ཚུན་ཤན་ཤུག་དང་འགལ་བ་ཆེན་པོ་ཐེབས་ཡོད། ལྷག་པར་དུ། ཕོ་མོའི་བར་གྱི་བརྩེ་དུང་གི་ལོ་རྒྱུས་དང་། དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་ནི། དེས་ནང་གི་བརྗོད་དོན་གལ་ཆེན་ཞིག་ཡིན། ཁ་གསལ་པོར་བཤད་ན། ཚྭ་པའི་འཚོ་བའི་ཁྲོད་ཕོ་མོའི་བར་གྱི་བརྩེ་དུང་གི་གཏམ་རྒྱུད། གཙོ་བོ་རིམ་པ་གསུམ་གྱིས་གྲུབ་ཡོད་དེ། མདོ་དབུས་བར་གྱི་ཕོ་མོའི་བརྩེ་དུང་གི་འབྲེལ་བ། བན་བོན་ཆོས་ལུགས། ཡུལ་སྲོལ་གོམས་གཤིས་མ་མཐུན་པའི་འགལ་བ། འགལ་འབྲེལ་ཁྲོད་ཀྱི་བརྩེ་དུང་གི་གས་ཆགས་དང་སྐྱོ་གར་གྱི་ལོ་རྒྱུས་བཅས་རིམ་པ་གསུམ་གྱིས་གྲུབ་ཡོད།
དེ་ཡང་། ཚྭ་པ་དག་གི་ས་གནས་ཀྱི་ཡུལ་ལུང་དང་རིག་གནས་གོམས་སྲོལ་ལ་ལྟ་སྟངས་དང་། ཚྭ་པའི་འཚོ་བའི་ཁྲོད་ཀྱི་རིན་ཐང་ལྟ་ཚུལ་ནི་འདི་ལྟར་སྟེ། 《ཚྭ་ཐང་མཛའ་གཞས》ལས།“ཚྭ་ཁལ་གནའ་ལམ་རིང་མོ། །ཤི་གསོན་བྱེ་མའི་ལམ་རེད། །ཀ་འགག་འཇིག་པའི་གྲོག་རོང་། །དམྱལ་བ་བར་དོའི་འཕྲང་རེད། །ཚྭ་ལམ་ལམ་ཐག་རིང་མོ། །ལ་དགུ་ཐུར་ཀྱུ་མང་བ། །ཀ་ཡི་ལྭན་ཚྭ་དཀར་དམར། །བྲོ་བ་གཅིག་ལས་གཅིག་བཟང་། །མདོ་དབུས་ཆོལ་ཁ་སོ་སོ། །བན་བོན་ཆོས་ལུགས་མི་གཅིག །ང་དང་ཚྭ་ཁའི་བུ་མོའི། །སེམས་དང་བསམ་པ་མཐུན་ཡོད། །”ཅེས་མདོ་དབུས་ཀྱི་ཚྭ་ལམ་རིང་མོ་དེ་ནི་ལ་དགུ་ཐུར་ཀྱུ་མང་བ་ཞིག་ཡིན་ཚུལ་དང་། ཀ་ཡི་ལན་ཚྭ་དཀར་དམར་ནི། བྲོ་བ་གཅིག་ལས་གཅིག་བཟང་བ་ཞིག་ཡིན་ལུགས་བཤད་ཅིང། ཡང་མདོ་དབུས་ཆོལ་ཁ་སོ་སོ་དང་། བན་བོན་ཆོས་ལུགས་མི་གཅིག་ནའང་ཚྭ་པ་དང་ཚྭ་ཁའི་བུ་མོའི་སེམས་དང་བསམ་པ་ཆུ་དང་འོ་མ་བཞིན་གཅིག་ཏུ་མཐུན་ཡོད་ཚུལ་སོགས་ཡུལ་ལུང་དང་སྤྱི་ཚོགས་ཀྱི་འགལ་བ་ཇི་ལྟར་ཆེ་ཞིང་མི་མཐུན་ནའང་། ཚྭ་པ་དང་ཚྭ་ཁའི་བུ་མོའི་བསམ་པ་ནི་དེ་ལས་ཀྱང་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་ཆགས་པ་སོགས་འཇིག་རྟེན་གྱི་ལྷད་མེད་བརྩེ་དུང་གི་ནུས་ཤུགས་དང་རྣམ་པ་སོགས་མཚོན་ཡོད།
ཡང་གོང་གསལ་ངག་རྒྱུན་མཛའ་གཞས་དེ་ཉིད་ལས།“མི་ཆེན་དཔོན་པོའི་བཀའ་ལུང་། །ཨ་སྔོན་གནམ་གྱི་ཐོག་རེད། །ང་དང་ཚྭ་ཁའི་བུ་མོའི། །གཏན་གྱི་འདུན་མ་བརླག་སོང་། །མི་ཆེན་དཔོན་པོའི་དབང་གིས། །ངེད་གཉིས་སྐྱིད་པའི་མི་ཚེ། །འཁོར་བའི་གྲོང་གི་ཚྭ་ཞིང་། །དབྱུག་གུས་རྡུང་བ་འདྲ་བྱུང་། །”ཅེས་བོད་ཆོལ་ཁ་གཉིས་ཀྱི་སྤྱི་ཚོགས་གནས་སྟངས་མི་འདྲ་བའི་འོག་ནས། ལྷོ་ཚྭ་བ་སྒང་གི་ཕོ་གསར་དང་། ཚྭ་ཐང་གི་བུ་མོའི་བར་གྱི་ལྷད་མེད་པའི་བརྩེ་དུང་ཇི་ལྟར་ཟབ་ནའང་། མི་ཚེས་འདུན་མ་ལྷན་གཅིག་ཡོད་པ་ནི་ཉུང་ཉུང་ཡིན་ལ། དེ་ལྟའི་ངང་ཚུལ་དེའང་དབང་ཆེན་མི་ཡི་དཔོན་པོས་ལྡོག་ཐབས་མེད་པའི་བཀའ་གནམ་གྱི་ཐོག་ལྟ་བུ་སྟེ། ན་གཞོན་ཕོ་མོ་གཉིས་ཀྱི་སྐྱིད་པའི་མི་ཚེ་དེ། འཁོར་བའི་གྲོང་གི་ཚྭ་ཞིང་དེ། དབྱུག་གུས་རྡུང་བ་འདྲ་བའི་སྐྱོ་གར་གྱི་ལོ་རྒྱུས་ལས་མ་འདས་ཅེས་དཔེ་ཡི་སྒོ་ནས་བསྟན་པ་ལྟར། དེ་དུས་ཀྱི་ཡུལ་ལུང་ཕྱོགས་རིས་དང་། ཆོས་ལུགས་དད་མོས། གོམས་སྲོལ་མི་འདྲ་བའི་སྤྱི་ཚོགས་ཀྱི་གནས་སྟངས་འོག་ཕོ་མོའི་བར་གྱི་ལྷད་མེད་བརྩེ་དུང་དང་། འགལ་བ། ཆོད་སེམས། སྐྱོ་གར་སོགས་གསལ་པོ་བསྟན་ཡོད་པ་ཞིག་རེད།
བདུན། ཀ་གཞུང་དམངས་ཁྲོད“ཚྭ་ཐང་མཛའ་གཞས”ཀྱི་ཁྱད་ཆོས།
བོད་ཀྱི་དམངས་ཁྲོད་དུ་དར་བའི་གླུ་ནི་གདོད་མའི་མིའི་ངལ་རྩོལ་གྱི་རྒྱུད་རིམ་ཁྲོད་ནས། ཁོ་ཚོའི་དགའ་སྐྱོ་ཆགས་སྡང་གི་འཚོ་བའི་རྣམ་པ་མཚོན་པའི་ངག་ཐོག་གི་ཚིགས་བཅད་ཤིག་སྟེ། དབྱངས་རྟ་ངེས་ཅན་ཞིག་ལ་རྟེན་ནས། ཕན་ཚུན་བརྡ་སྤྲོད་པའམ། སྐད་ཆའི་རྣམས་པར་སྤྱོད་པ་ཡིན། བོད་ཀྱི་སྙན་ངག་གི་བཤད་སྟངས་ལས་སྤྱིའི་ཆ་ནས་ཚིག་གི་རྒྱན་སྦྱོར་བ་སྙན་ཞིང་འཇེབས་པར་བརྩམས་པ་ལ་སྙན་ངག་ཞེས་འདོད་ནའང་། དབྱིན་ཇིིའི་སྙན་ངག་ཞིབ་འཇུག་པ་ཆོ་ཏྲི་ཐང་མུའུ་སུན་གྱིས་གདོད་མིའི་ལུས་ངག་གི་ངལ་རྩོལ་ལ་རྟེན་ནས་སྐད་ཆ་དང་སྟངས་སྟབས་བྱུང་ཞིང་། སྐད་ཆ་དེ་ཉིན་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་ཕྱིན་ནས་གླུ་ཡི་བརྡ་སྤྲོད་སྟངས་བྱུང་བ་རེད་ཅེས་ཟེར་བ་དང་། རྒྱ་ཡི་གནའ་བོའི་དུས་སྐབས་ཀྱི་བཤད་སྟངས་ལས་ཀྱང་གླུ་དང་བྲོ་ནི་ཕན་ཚུན་ལྟོས་ནས་བྱུང་བ་ཞིག་ཡིན་ཞིང་། ལུས་སེམས་ཀྱི་འགྱུར་བ་ལ་རྟེན་ནས་ངག་བྱུང་བ་དང་། ངག་ལ་བརྟེན་ནས་གླུ་བྱུང་། དེ་ཉིད་ཀྱི་བརྡ་སྤྲོད་པའི་ཡན་ལག་ཏུ་ལུས་ཀྱི་རྣམ་འགྱུར་སམ། སྟངས་སྟབས་སྣ་ཚོགས་བྱུང་ཟེར་ལ། གང་ལྟར་དམངས་གླུ་ནི་སྙན་ངག་ཏུ་གོ་ཚུལ་སོགས་བཤད་པ་དང་། ཨ་རིའི་རང་མོས་སྙན་ངག་གི་ཤིང་རྟའི་སྲོལ་འབྱེད། ཝོད་ཝེད་མན་གྱིས་ཀྱང་། སྤྱི་ཚོགས་ཀྱི་མཚོ་བ་དངོས་མཚོན་པའི་སྙན་ངག་ནི་དོན་གྱི་སྙན་ངག་ཡིན་པར་བཤད་པ་ལྟར། དམངས་གླུ་ནི་ད་གཟོད་དོན་གྱི་སྙན་ངག་ཡིན།
བོད་ལ་མཚོན་ནའང་གནའ་དེངས་གི་རྩོམ་པ་པོ་སོ་སོས་བརྩམས་པའི་ཚིག་རྒྱན་གྱི་སྙན་ངག་ནི་སྙན་ངག་ཙམ་ཞིག་དང་། བོད་ཀྱི་དམངས་གླུ་ནི་ད་གཟོད་ངེས་པ་དོན་གྱི་སྙན་ངག་ཡིན་ཞེས་བཤད་ཆོག། 《ཏུན་ཧོང་ཡིག་རྙིང་》གི་བོད་ཀྱི་ལོ་རྒྱུས་ལས་བཙན་པོའི་རྒྱལ་རབས་དགུ་པ་སྤུ་དེ་གོང་རྒྱལ་གྱི་རིང་ལ་བྱུང་བའི་མགུར་གླུ་ཡོད་པ་དང་། ལོ་རྒྱུས་གཞན་དག་ལས་ཀྱང་གཉའ་ཁྲི་བཙན་པོའི་དུས་སྐབས་དང་། དེ་ཤོ་ལེགས་ཀྱི་རིང་ལ་མགུར་གླུ་བྱུང་འཕེལ་གྱི་ལོ་རྒྱུས་སྣ་ཚོགས་སུ་ཡོད་མོད། གང་ལྟར་བོད་ཀྱི་དམངས་གླུ་ནི། བོད་ཀྱི་གདོད་མའི་སྤྱི་ཚོགས་སུ་སྐད་ཆའི་ནང་དོན་ཕུན་སུམ་ཚོགས་པ་བྱུང་བ་ནས་བཟུང་ག་ལེར་དར་འཕེལ་ཕྱིན་ནས་འོང་བ་ཞིག་ཡིན་པ་སྨོས་མི་དགོས་པས། བོད་ཀྱི་དམངས་གླུའི་ཐོག་མའི་འབྱུང་ཁུངས་ནི་ཤིན་ཏུ་རིང་བར་སེམས། གང་ལྟར། བོད་ཀྱི་ལོ་རྒྱུས་ནང་དམངས་གླུའི་བྱུང་བ་ནས། རིམ་བཞིན་སྤྱི་ཚོགས་ནང་དུས་རྒྱུན་འཚོ་བའི་ཁྲོད་མེད་ཐབས་མེད་པའི་རིག་གནས་ཤིག་ཏུ་ཆགས་ཡོད་ལ། ཕན་ཚུན་བརྡ་སྤྲོད་པའི་སྐད་ཆ་མང་ཆེ་བ་ནི་གླུ་ལ་བརྟེན་ནས་གོ་བརྡ་སྤྲོད་སྲོལ་ཡོད། དེ་དང་བསྟུན་ནས། དམངས་ཁྲོད་ཀྱི་འཚོ་བའི་རྣམ་པ་མི་འདྲ་བ་དང་། གོམས་གཤིས་མི་འདྲ་བ། རིག་གནས་མི་འདྲ་བ། ཡུལ་ལུང་མི་འདྲ་བ། དད་མོས་མི་འདྲ་བའི་འོག་ནས་དམངས་ཁྲོད་ཀྱི་མགུར་གླུའི་རྒྱུན་ཡང་མི་འདྲ་བ་སྣ་ཚོགས་ཤིག་དར་ཡོད།
དེ་བཞིན་ས་གནས་སོ་སོའི་དམངས་གླུའི་རིགས་དང་རྣམ་གྲངས། ཁ་ཕྱོགས་ཤིན་ཏུ་མི་འདྲ་བར་མ་ཟད། ཡུལ་ལུང་རེར་དམངས་གླུ་ཐུན་མོང་མ་ཡིན་པ་རེ་དར་ནས་ཡོད།《ཚྭ་ཐང་མཛའ་གཞས》ནི། མདོ་དབུས་ཆོལ་ཁ་གཉིས་ཀྱི་ཚྭ་ཁལ་གནའ་ལམ་དང་། ཚྭ་པའི་འགྲུལ་གཞུད་རིང་མོའི་འཚོ་བ་དང་། ཕོ་མོའི་བར་གྱི་བརྩེ་དུང་གི་འབྲེལ་བ། ཡུལ་སྲོལ་གོམས་གཤིས་མི་མཐུན་པའི་འགལ་བ། བརྩེ་དུང་གས་ཆགས་ཐེབས་པའི་སྐྱོ་གར་གྱི་ལོ་རྒྱུས། ཁམས་པའི་ཕོ་རྒོད་ཚོའི་ཚྭ་ཚོང་ཁྲོད་ཀྱི་ཆོད་སེམས་དང་དཔའ་སྟོབས། གནའ་སྔ་མོའི་ཚྭ་ཚོང་དང་འབྲེལ་བའི་སྤྱི་ཚོགས་གནས་སྟངས་སོགས་མཚོན་པའི་དམངས་གླུ་རིང་མོ་ཞིག་གམ། ཚྭ་ཐང་མཛའ་གཞས་སྙན་མོ་ཞིག་སྟེ། ནང་དོན་གཏིང་ཟབ་ཅིང་། ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པའི་དམངས་ཁྲོད་ཀྱི་མགུར་གླུའམ་མཛའ་གཞས་ཤིག་ཡིན་ལ། དམངས་གླུའི་རིགས་ད་ལྟའི་བར་ངག་ནས་ངག་ཏུ་བརྒྱུད་པ་མ་གཏོགས་ཡི་གེར་བཀོད་པ་ཆེར་མེད་པ་བཞིན། མཛའ་གཞས་འདི་དག་ཀྱང་དུས་ད་ལྟའི་བར་དུ། མདོ་དབུས་ཆོལ་ཁ་གཉིས་ཀྱི་ཚྭ་པའི་ཚོང་ལས་ཁྲོད་ཀྱི་ངག་ཐོག་གི་དམངས་གླུ་རྐྱང་རྐྱང་ཡིན། དེང་སང་དམངས་གླུ་དེ་དག་ཐོར་བསྡུས་སུ་བཀོད་པ་ལ་ཤོ་ལོ་ཀ་བརྒྱ་ལྷག་ཡོད། མི་ལོ་བརྒྱ་ཕྲག་ནས་མར་ངག་ནས་ངག་ཏུ་རྒྱུད་པའི་དམངས་ཁྲོད་ཚྭ་པའི་གླུ་གཞས་དེ་དག་ཕྱོགས་སུ་བསྡུས་ནས་ཚྭ་ཐང་མཛའ་གཞས་ཞེས་འབོད་པའི་དོན་ནི། ཡུལ་གྱི་ཆ་ནས་ཚྭ་སྨན་དཀར་མོའི་འབྱུང་ཁུངས་ཚྭ་ཐང་ཁ་དང་འབྲེལ་བ་ཆེན་པོ་ཡོད་པ་དང་། གཙོ་བོ་གནས་འདི་ནས་ཆོལ་ཁ་གཉིས་ཀྱི་ཚྭ་ཚོང་གི་འབྲེལ་འདྲིས་བྱུང་བ་དང་། དམངས་གླུ་ཁོ་རང་གི་ངོས་ནས་གཙོ་བོ་ཕོ་མོའི་བར་གྱི་བརྩེ་དུང་མཚོན་པའི་བརྗོད་དོན་ཤས་ཆེ་བས་མཛའ་གཞས་སུ་སོང་རྐྱེན། ཚྭ་ཐང་མཛའ་གཞས་ཞེས་བཏགས་ཡོད་པ་ཡིན་ནོ། །
ཚྭ་ཐང་མཛའ་གཞས་འདིས་བརྗོད་བྱ་དོན་གྱི་ཆ་ནས་སྔོན་དུས་ཀྱི་བོད་ཆོལ་ཁ་གཉིས་ཀྱི་ཚྭ་ཚོང་གི་ལམ་ལུགས་དང་། དུས་སྐབས་དེའི་སྤྱི་ཚོགས་གནས་སྟངས། ཕོ་མོའི་བར་གྱི་བརྩེ་དུང་གི་སྐྱོ་གར། ཚྭ་ཁལ་གནའ་ལམ་གྱི་འགྲུལ་བཞུད་རིང་མོའི་དཀའ་སྡུག་གི་འཚོ་བ་སོགས་མངོན་སུམ་བཞིན་དུ་བསྟན་ཡོད་པས། འདས་པའི་བྱུང་བ་དག་མངོན་སུམ་བཞིན་གསལ་པའི་ཁྱད་ཆོས་ཡོད་ལ། བརྗོད་བྱེད་ཚིག་གི་ཆ་ནས། ཡུལ་ལུང་གི་ཕལ་སྐད་དམ་ཁམས་སྐད་ཤས་ཆེ་ཞིང་འདོན་བདེ་གོ་སླའི་ཁྱད་ཆོས་ཡོད་ཐོག སྔོན་གྱི་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡང་ཡོད་པས་ཡུལ་གྱི་ཕལ་སྐད་དང་བརྡ་རྙིང་བར་གྱི་འབྲེལ་བར་ཞིབ་འཇུག་བྱེད་ས་ཡོད་པར་མ་ཟད། ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པས་དོན་གྱི་བྱུང་བ་དག་མངོན་སུམ་བཞིན་སྟོན་པའི་ཁྱད་ཆོས་དམིགས་བསལ་ཡོད་པ་བཅས་སོ། །
དཔྱད་གཞིའི་ཡིག་ཆ།
《 ལྡོང་འབྲོང་པའི་དེབ་ཐེར་སྨུག་པོ》ལམ་མཁྱེན་རྒྱལ་པོས་བརྩམས།
《འབྲོང་རབས་ལྕི་ལུང་ཡུལ་ལ་ཆེ་བ་བརྗོད་པའི་ལེའུ》བྲིས་མ།
《 འབྲོང་རབས》བྲིས་མ།
《ཚྭ་ཐང་མཛའ་གཞས》ཚྭ་དང་འབྲེལ་བའི་དམངས་ཁྲོད་མཛས་གཞས་ཐོར་བསྡུས།
《 མདོ་ཁམས་གནས་ཆེན་ཉེར་ལྔའི་མདོ་བྱང་》
《 རྟ་རྣའི་གནས་ཡིག》 བྲིས་མ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།