༄༅།།གསོ་རིག་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱིས་འབམ་བཅོས་ལ་གྲུབ་འབྲས་ཐོབ་པའི་མྱོང་ཚོར།

རྩོམ་པ་པོ།:བསྟན་སྲུང་གྲགས་པ། ཡོང་ཁུངས།:སོག་རྫོང་བོད་སྨན་ཁང་། དུས་ཚོད།:2020-09-04 09:41:21 ཀློག་གྲངས།:
སྲིད་ཞི་མཉམ་པ་ཉིད་ཀྱི་དབྱིངས། ། སྙིང་རྗེའི་འོད་ཟེར་རབ་འབར་བས། ། ལུས་ཅན་ཕན་བདེའི་མིག་སྦྱིན་པ། ། སྟོན་མཆོག་སྨན་པའི་རྒྱལ་པོར་འདུད། ། དེ་ཡང་ལྷན་སྐྱེན་རྨ་ཡི་ནང་ཚན་གདུག་ཅན་འབམ་ནད་བཅོས་ཚུལ་རྒྱུད་གཞུང་དཔེ་ཆ་ཇི་སྙེད་ཅིག་དང་སློབ་དཔོན་བཀའ་དྲིན་ཅན་གྱི་ཉམས་མྱོང་རང་གི་གོམས་འདྲིས་ཀྱི་བཅོས་ཚུལ་སོགས་རང་བློས་དཔག་སྟེ་འགོད་པ་ལ། ། རྐང་འབམ་ནད་ལ་རྒྱུ་རྐྱེན་དབྱེ་བ་དང་། །རྟགས་བཅོས་ལོག་གནོན་རྗེས་བཅད་བདུན་གྱིས་བསྟན། ། རྒྱུ་ནི་རིང་རྒྱུ་ཉེ་རྒྱུ་གཉིས་ལས་ནི། །རིང་བའི་རྒྱུ་ནི་མ་རིག་དབང་གི་སོགས། །ཉེ་རྒྱུ་ལུས་ལ་གནས་པའི་ཆུ་སེར་ཁྲག ། རླུང་མཁྲིས་བད་ཀན་འདི་ཡི་རྒྱུ་ཡིན་ལ། །ཁྱད་པར་ཁྲག་སྲིན་རྐང་འབམ་ནད་ཀྱི་རྒྱུ། །རྐྱེན་ནི་ཆང་རག་ཁུར་བ་རྗེན་རིགས་དང་། །རུལ་སུངས་མངར་སྐྱུར་སྣུམ་ལྕི་ཇ་ཁྲེབ་སོགས། །མང་བཏུང་བཅུད་མེད་ཟས་བསྟེན་དག་གིས་བསྐྱེད། །དལ་འདུག་རྗེས་ལ་གློ་བུར་དྲག་ཤུལ་སྤྱོད། །བརྡབས་དང་གཡང་ལྷུང་འགྲམས་འཁྲུགས་གདོན་གྱིས་གཙེས། རྫ་ཁྲོད་ཆུ་དང་ན་ཆུ་ལུ་མ་བཏུང་། །ཉིན་གཉིད་ལོག་དང་ཆུ་བརྒལ་རླན་ཁོག་དང་། །དྲེག་གྲུམ་མཁལ་ནད་གཅོང་ཅན་འོར་ལྷུང་སོགས། །གྲང་རྗེས་དྲོད་ཀྱིས་བཅོས་དམན་ལྷག་ལོག །མི་གཙང་གྲིབ་དང་རྨ་གཉན་ཚད་ཞུགས་སོགས། ཆུ།་སེར་ལ་བསྟེན་འབམ་ནད་འཕེལ་བར་འགྱུར། ། དབྱེ་བ་དཀར་ནག་ཁྲ་གསུམ་གྱེས་པ་ལས།ཁྲག་རླུང་བཅོས་བྱས་འབམ་དུ་འགྱུར་བ་དང་། །ཆུ་གཞི་འབམ་གྱུར་གཉན་འབམ་བརྡབས་འབམ་སོགས། །རིགས་ཀྱང་གྱེན་ལ་འཕྱུར་མིན་གཉིས་སུ་འདུ། །བརྟག་ཐབས་སྟོད་ནས་རིམ་བཞིན་སྨད་དུ་བབས། །སྟོད་སྨད་རེས་མོས་བྱེད་ནས་ན་བ་དང་།མིག་དམར་ཆུ་མདོག་སྔོ་ནག་སྐྲངས་པ་དང་། །སོ་རྐན་རྒྱས་དང་སོ་དང་མུར་འགྲམ་བྲང་། །རོ་སྟོད་ན་སོགས་ཚང་ངམ་རེ་རེས་ངེས། །དཀར་པོ་མགོ་ལྕི་རྩ་དལ་སྐྲངས་མཐེབ་ན། །ཆུ་མདོག་དཀར་སེར་ཀུ་ཡ་མཐུག་པ་དང་། །ལྦུ་བ་ཆེ་ལ་སངས་སྐྱེན་ལོག་རྗེས་ལྡོག །ནག་པོ་རྩ་རྒྱུད་གྲིམས་ལ་སྡོད་ཅུང་བྱེད། །ཆུ་མདོག་དམར་སེར་ཇི་མ་དུགས་པའོ། །ཟས་ལ་ཞེན་ལོག་མཆིན་ཁྲག་ཤིན་ཏུ་རྒྱས། །ཁྲག་རུལ་ཚགས་པས་སྒང་རྩ་རུ་ཐུང་གཏར། །སྨད་དུ་མི་བབས་རང་གནས་ཞི་བ་ཡོད། །ཟུག་ཆེ་འབྲུམ་ཐོར་ཆུ་བུར་ཐོན་པའི་རགས། །འབམ་ནག་ཡིན་ནི་དེང་དུས་དར་ཆེ་བ། །ཁྲ་བོ་མདོག་ནི་འུག་པའི་སྒོ་འདྲ་ལ། །མེ་ལྕེ་རིས་འབྱུང་རྐང་ལག་རྐྱང་བསྐུམ་དཀའ། །རྩ་རྒྱུད་ཁ་བྱིང་གཏིང་གྲིམས་སྡོད་ཅུང་བྱེད། །ཆུ་མདོག་དམར་སེར་ཤས་ཆེ་ཀུ་ཡ་མཐུག །ཝུ་བ་ཚག་ཅིང་སྐྱེན་ལ་ལོག་རྗེས་སྣོད། །མཚམས་སུ་རྒྱ་སྐྱེགས་ཁུ་བ་བྲན་པ་ལྟར། །དམར་ཞིང་དྭངས་ལ་གར་བླུག་སྣོད་ཚོས་ཟ། །ནད་རྟགས་མ་ལོང་ཐེ་ཚོམ་ནད་པ་རང་། །དྲི་ཆུ་འམ་ནི་མཛོ་སྔོན་གཅིན་གྱིས་བཀྲུས། །དམར་རམ་ནག་ཐིག་ཤ་མདོག་འགྱུར་ན་ངེས། །ཡང་ན་བཅའ་སྒ་མར་རྙིང་སྦྱར་ལ་བྱག །ཉི་མ་ལ་བསྟན་ཟུག་གཟེར་ཆེ་ན་འབམ། །ཕན་སྙམ་བྱེད་ན་ཆུ་སེར་ཤེས་པར་བྱ། །བཅོས་ཐབས་ལག་ཏུ་ལེན་ཚུལ་བསྟན་པ་ནི། །ཁྲག་རླུང་ཤས་ཆེ་གྱེན་དུ་འཕྱུར་རིགས་ལ། །བཟི་སྨན་རིགས་བཏང་གཏོར་བས་གཏོང་མི་རུང་། །སྨད་དུ་བབས་རྗེས་བཟི་སྨན་བཏང་བ་གནད། །ཁྲག་རླུང་ཆེ་སྐབས་ཨ༣༥གླང་༡༨(སྤྱིའི་བབས་སྨན་མཆན་གསུམ་ནང་།) །སོ་ལྔའི་ནང་ནས་གཉན་སྨན་བཞི་ཕྲིའི་ཚབ། གི་ཝང་པྲིང་ཀུ་བྲག་ཞུན་ཆ་ཆུང་རེ། །ཀོ་བྱི་སྤུ་ལྡན་གེ་སར་གཟེར་འཇོམས་རྣམས། །ལྡབ་འཕར་བྱས་པའི་སྙན་རྒྱུད་སོ་ལྔ་དང་། །གསེར་ཐང་༡༨གླང་ཆེན་༡༨བསིལ་སྨན་ཆ་དམའ་ལ། །རླུང་སྨན་ཆ་མཐོ་སྨད་དུ་བབ་རིམ་བཞིན། །སྦྱོར་ཚད་དེ་ལས་གོ་ལྡོག་ཤེས་པ་དགོས། །བབ་སྨན་གསུམ་པོ་དེ་ཉིད་གཞིར་བཞག་ཐོགན་ཚུལ་དང་བསྟུན་མདེ་ཁ་བསྒྱུར་ཚུལ་ནི། །རོ་སྟོད་གཟེར་ཆེ་ལ་ཕྱེའི་འབམ་ཐང་དང་། །ཚེར་སྔོན་ལྔ་པ་བཏང་བས་ཕན་པ་ཡིན། །ལུ་མང་ཁྲག་གཟེར་ཙན་དན་བཅོ་བརྒྱད་དང་། །སྐབས་རེ་ཁྲག་འཐུང་ལྔ་པ་གཏོང་བར་བྱ། །རླུང་ཤས་ཆེ་ན་ཨ་གར་བཅོ་ལྔ་དང་། །དྲང་སྲོང་ཨར་བརྒྱད་གྲིབ་གདོན་ཤས་ཆེ་ལ། །ཨ་གར་བཅུ་དགུ་ལ་སོགས་རིག་པས་འཕྲུལ། །ཆམ་རིམས་ཀྱིས་དཀྲུགས་སྤྲིན་ཟླ་གཙོ་བོ་བརྒྱད། །མ་ནུ་བཞི་སྟེང་ཀོ་བྱི་སྤུ་ལྡན་བཏང་། །སྲིན་དཀྲུགས་གུར་ཁྱུང་ཚངས་པ་དབུགས་སེལ་འཐེན།ཏིག་ཏ་བརྒྱད་བཏང་གསེར་མདོག་རིལ་པད་སོགས། མཁྲིས་པ་ཆེ་འབྲིང་ཆུང་སོགས་རིམ་པར་དཔག །མགོ་གཟེར་མགོ་ཐང་གསུམ་དང་དཔའ་དྲུག་གཏོང་། །བད་ཀན་ཤས་ཆེ་གཡུལ་རྒྱལ་རྡོ་ཐལ་གཏོང་། །བད་ཁྲག་ཆེ་ན་རྒ་ལོ་སྐྱུར་བསྣན་ཟབ། །གློ་དང་བསྡོངས་ན་སྤྲིན་བྲལ་ཟླ་ཟེར་སྟེང་། །སྲོ་ལོ་དཀར་དང་རུ་རྟ་བསྣན་པ་བཏང་། །ཕོ་མཆིན་མི་བདེ་མན་(གི་ཝང་ཆ་མཉམ)བསིལ་བྲག་ཞུན་དགུ།མཁལ་རྐེད་གྲང་ཁམས་དཀྲུགས་ན་བསམ་ནོར་དང་། །ཨ་རུ་ཉེར་ལྔ་གོ་ཡུ་དགུ་སྦྱོར་སོགས། །ཆུ་ཁ་སྲ་སྙི་གཉེན་པོ་བཅོ་བརྒྱད་ཟབ། །འབྲས་བུ་སྐྲངས་ན་དཔའ་བརྒྱད་བཟི་ཆུང་བཏང་། །སྨན་རྣམས་གང་བཏང་སྦྱོར་ཚད་ཆེ་ཆུང་སོགས། །གོང་སྨོས་རིགས་འདྲེ་བྱས་ན་འཕྲོད་ཆེ་ཞིང་། །དཔེར་ན་གསེར་ཐང་བཅོ་བརྒྱད་ཆ་མཚོན་ན།གཉན་འབམ་དུས་སུ་གུ་གུལ་གསུམ་འགྱུར་བསྐྱེད། །ཁྲག་འབམ་དུས་སུ་ཁྲག་སྨན་གསུམ་འགྱུར་བསྐྱེད། །རླུང་འབམ་དུས་སུ་ཨར་ནག་སུམ་འགྱུར་བྱ། རྣ།མ་ཀུན་ཀོ་བྱི་སྤུ་ལྡན་སྒྱུར་དགོས། །མགོ་བོ་ན་སྐབས་དེ་སྟེང་འབྲུག་རུས་བསྣན། །ལུ་བ་མང་ན་སྲོ་ལོ་ག་དུར་བསྣན། །ཆུ་འགགས་བྱུང་ན་གཟེ་མ་འུ་སུ་བསྣན། །རྒྱུན་དུ་བསྟེན་པས་སྟོད་ནད་སྨད་དུ་བབས། །མ་བབ་ཀྱང་ནི་རང་གནས་ཞི་བ་ཡིན། །དེ་རྣམས་ཀྱིས་ནི་འབམ་རིགས་དཀྲུགས་མི་འགྱུར། །བབ་སྨན་གཏོང་སྐབས་ཡན་ལག་འགུལ་མི་བྱ། །བབས་སྨན་རྒྱུན་རིང་བཏང་བས་བབས་པའི་རྟགས། །ཁོག་སྟོད་གཟེར་མེད་བདེ་ལ་འཚང་ག་ཆུང་། །ཡན་ལག་ཚིགས་གཞི་ན་ཞིང་ལྷག་པར་དུ། །པུས་མོ་གྲུ་མོ་གཟེར་ལ་སྒྱིད་ཁུག་འཐེན། །རྐང་པའི་རྩ་དང་ཆུ་རྒྱུས་ཟུག་གཟེར་ཆེ། །དེ་འདྲའི་རྟགས་བྱུང་སྨད་དུ་བབས་པར་ངེས། །སྒྱིད་པ་འཁུམས་དང་ན་ལུགས་མ་ངེས་པར། །རྐང་པ་གཡས་གཡོན་གང་རུང་ས་ཐོག་ཏུ། །འཛུགས་དུས་མི་བཟོད་འབམ་ནད་དངོས་གཞི་ཡིན། །སྨད་དུ་བབས་ཀྱང་སླར་གཟེར་ན། །གསང་སྨན་ཆེན་མོའི་འབྱར་དང་ཚེར་སྔོན་ལྔ། །ཀོ་བྱི་འམ་ནི་སྐྱུ་རུའི་ཐང་གིས་ཕུལ། །རོ་སྟོད་གཟེར་མེད་སྨད་དུ་བབས་པའི་སྐབས། །རླུང་འབམ་བབས་སླའི་རིགས་ལ་ཞག་བཅོ་ལྔ།མཚམས་སུ་ལ་ཕུག་བཏང་ནི་རན་པ་ཡིན། །སྤོས་ཁྱུང་བཟི་ཆེར་མེད་དང་བཟི་ཡོད་ཀྱི།སོ་ལྔས་གཉན་འགོ་མནན་ལ་ལ་ཕུག་བཏང་། །བབས་དཀའི་རིགས་དང་ཁྲག་འབམ་ལྟ་བུ་ལ།ཆུ་འཁྲལ་མི་དང་རོ་སྟོད་གཟེར་མེད་དཀའ། དེ་སོགས་ལ་ཕུག་གཏོང་སྔ་མི་རུང་ཞིང་།ཟླ་བ་གཅིག་གཉིས་བབས་རྟགས་མ་བྱུང་བར། །བབས་སྨན་རྒྱུན་བསྲིང་བབས་ངེས་རྟགས་བྱུང་ན། །ཨ༣༥གླང་༡༨གཉིས་ནི་ཞག་ལྔ་ཉིན་དགུང་དང་། །དགོང་མོ་ཀླུ་བདུད་བཅོ་བརྒྱད་སྟེང་དུ་ནི། དངུལ་ཆུ་ཚ་འདུལ་བསྣན་ལ་བཏང་བའམ། །དཔའ་བོ་མཆེད་ལྔ་གནམ་ལྕགས་རིལ་བུ་གཏོང་། །ཟུག་གཟེར་ཆེ་ལ་སྤོས་ཁྱུང་བཅོ་ལྔ་ཟབ། །ཉིན་ཞག་དྲུག་བདུན་མཚམས་ནས་ཟག་རིམ་ཆག །སྒྱིད་ཁུག་འཁུམས་སོགས་གོང་སྨོས་ཞག་ཟླའི་ཐོག། སྨན་དཀར་བཏང་རན་ཡོད་མེད་བརྟག་པ་ནི། །ལྕགས་སྣོད་དྲི་ཆུ་དཀར་ཡོལ་ཕྱེད་པ་གཉིས། །བཞག་ལ་གཅིག་ནང་ལ་ཕུག་གྲི་གཞོགས་བཅག། ལྕགས་སྣོད་ནང་ཆུ་དཀར་ཡོལ་ཕྱེད་ཙམ། བླུག་ནས་བསྐོལ་ཏེ་བལྟས་པས་ལ་ཕུག་ཅན། །དྭངས་ཞད་མདོག་སྔོ་བྱུང་ན་འཕྲོད་རྟགས་དང་། །ལ་ཕུག་ཁར་མྱང་བྲོ་ཞིམ་འཕྲོད་པའི་རྟགས། །ཚབ་ཆུང་རིགས་ལ་དགོང་མོ་ལ་ཕུག་ནི། །ཤ་ཡི་ཆ་གཅིག་ཆ་གཉིས་ཆ་གསུམ་གྱི། །ཉིན་རེར་ཆ་རེ་སྐྱེད་ལ་ཐུག་པ་ནི། །སླ་མོ་ཕོར་ཆུང་རེ་སྐྱེད་བཏང་བྱས་པས། །ཐུ་ཞད་མེད་པར་འཕྲོད་ན་སྨན་དཀར་བཏང་། ། ཐོག་མར་ལབ་ཁུ་མི་ལེན་རྟགས་བྱུང་ན། ། འཕྲོ་བཅད་གཉན་སྨན་བཏང་ལ་ཉིན་ཤས་ཚན། གཏོང་རན་སྐབས་སུ་བོད་ལབ་དཀར་པོ་ནི། ། རུལ་སུངས་མེད་པར་ལ་ཕུག་འབྲིང་གི་ཚད།གང་ལྟར་ཤུན་བཤུས་བརྡར་རམ་ཞར་བ་ཡི། ། རས་དཀར་མང་གཏུམས་ལབ་ཁུ་ཕོར་གང་བཙིར།སྙིགས་མ་ཟུར་ཚགས་ཁུ་བ་དཀར་ཡོལ་དུ། ། ཝུ་བ་ཉི་ཤུ་ཙམ་བཅད་དྭངས་མ་དེར། ། པྲིང་ཀུ་ཁ་འབུས་བརྡར་ཞར་བ་ཡི། ། ལྦུ་བ་ཉི་ཤུ་ཙམ་བཅད་དྭངས་མ་དེར། ། པྲིང་ཀུ་ཁ་འབུས་དུས་བཏུས་གུར་གུམ་དང་། ། རྒྱ་ཚྭ་ཞད་ཙམ་བཅས་བཏབ་ཁུ་( སྨན་དཀར་མཆན་) བ་དེ། ། དབྱར་ཁ་བྱེ་མ་དགུན་ཁ་ནས་ནང་བསྙལ། ། མ་རུལ་མ་ཁེངས་ཞག་གཅིག་བཞག་བྱས་ལ། ། ཕྱི་ནང་ཉི་དྲོས་དཀར་ཡོལ་ཆུ་ ཚན་བསྲོས། ། དྲོད་འཐུང་བདེ་རེད་དུས་བཏང་ཉུང་ངུ་ནས། །ཆ་ཡིས་བསྐྱེད་ལ་ཁྱེའུ་སུས་ཚུལ་དུ་བསྟེན། ། གནས་གོས་ལ་སོགས་ཤིན་ཏུ་དྲོ་བར་བྱ། ། སྟོད་དུ་འཕྱར་ན་ལབ་ཁུར་ཀོ་བྱི་བསྣན། ། ལ་ཕུག་སྙིགས་མར་ལྕམ་རྩ་ཆུ་རྩ་དང་། ། བུལ་ཏོག་ལྕགས་ཀྱུ་ཀླུ་བདུད་རྡོ་རྗེ་རྣམས། ། འཛོམས་ན་ལབ་ཁུ་མ་འཛོམས་ཆུ་ཡིས་བསྐྱེད། །ཚོ་འཛིན་སྲན་ཕྱེ་བག་ཕྱེ་ཅུང་ཟད་བསྲེ། ། དྲོད་བསྲོས་རྐང་པའི་སྐྲངས་དང་གཟེར་སར་བྱུག། དེ་སྟེང་རས་དཀྲིས་བཞག་ལ་ཕྱིར་ཉིན་ཡང་། ། གཏོང་རྒྱུའི་ལབ་ཁུ་སྟ་གོན་བྱ་བ་སོགས། ། འཐུང་ལུགས་འབྱར་བཅས་འདི་བཞིན་ཞག་བདུན་དང་། ། བཅོ་ལྔ་ཟླ་གཅིག་ཕྱེད་ཚུན་བཏང་བ་གནད། ། དེ་ཚེ་སྤོས་ཁྱུང་སེང་ལྡེང་ཁོང་སྨན་བསྟེན། །ལབ་ཁུ་མི་འཇུ་བྱུང་ན་འཕྲོ་བཅད་དམ། ། ཡང་ན་ཚ་བསྲོས་དུགས་བྱས་འཇུ་བ་ཡོད། ། གཉན་ཁ་ཆེ་སྐབས་ལབ་འབྱར་མི་བྱེད་ལེགས། ། དེ་ནས་སྨན་དཀར་གཏོང་བའི་ཞག་གཅིག་མཚམས། ། འགུལ་སྐྱོད་ཨེ་ལོ་བལྟ་བ་གལ་ཆེ་བ། ། དེའང་དང་པོ་དལ་བུས་བསླབ་པ་ལས། ། དྲག་ཤུལ་མི་རུང་ཉིན་རེ་ཇེ་དྲག་གཏོང་། ། རྐང་པའི་འོག་ཏུ་ཤིང་ཧྲིལ་སྒྲིལ་བ་དང་། ། ལག་འཇུའི་བརྒྱུད་ནས་འགྲོ་འདུག་བྱེད་པ་སོགས། ། གང་ནུས་ཉིན་བཞིན་དྲག་ཏུ་བཏང་བ་ལས། ། འགུལ་བསྐྱེད་མ་བྱས་རང་བཞིན་ཞི་བར་འགྱུར། ། ལངས་འདུག་ཐབ་མཚམས་བུལ་ཏོག་ཞུན་མཁན་སྐག། ལྕམ་རྩ་བཅས་བྱུགས་གསེར་བུལ་བཞི་པ་དང་། ། ལབ་ཁུ་སྙིགས་མར་ཁྲག་ཁྲོག་ཁུ་བ་བསྲེས། ། ཚོ་འཛིན་སྲན་ཕྱེ་བསྲོས་ལ་སྐྲངས་བ་ཐོག།ནད་པའི་ གཅིན་བཀྲུས་བ་ཀོ་ཙམ་བྱུག་འབྱར། ། སྣམ་རས་གཙང་མར་དཀྲིས་ལ་ཉི་མ་ཡི། ། ཁོག་སྟོད་མ་ཕོག་འབྱར་ཐག་བསྲོ་བར་བྱ། ། གཉན་ཤས་ཆེ་ན་དེ་སྟེང་སྨན་ཆེན་དང་། ། རེ་ལྕག་ལུགས་ཀྱི་ཧོང་ལེན་ཐར་ནུའི་རྩ། ། སྟག་ཤ་རྣམས་བསྣན་གཉན་ཁ་ཆོག་པའོ། ། སྐྲངས་པ་སྲ་ཞིང་མདོག་ནག་རྡོ་སྨན་ནི། །བྱང་བལྟའི་གཡམ་སྔོན་བསྲེག་བཏང་མན་ངག་ཡིན། ། སྨན་དཀར་གཏོང་རྗེས་འབམ་གཏོར་རེངས་འཁུམས་སོགས། ། མ་ཞི་རྩ་དང་ཆུ་རྒྱུས་གྱོང་པའི་རིགས། ། འགྲོ་འདུག་མི་བདེར་སྐྲངས་པ་ཞི་བའི་ཐབས། ། གྱོང་པོ་རླན་གྱིས་འདུལ་བའི་མན་ངག་ནི། ། ཅོང་ཞི་རྒོད་འདུལ་ཆ་གཉིས་སྦལ་རྒྱབ་དང་། ། གངས་ཐིགས་མཚལ་དང་ལྡོང་རོས་མདུང་རྩེ་དང་། ། བུལ་ཏོག་མཛེ་ཚྭ་རྡོ་རྒྱུས་ཆ་ནི་གསུམ། ། མིང་ཅན་ནག་པོ་ཧོང་ལེན་སྟག་ཤ་དང་། ། བྲག་ཞན་ཤ་དག་སྨན་ཆེན་ཆ་རེ་སྦྱར། །ཞིབ་པར་བཏགས་ལ་སྦང་རླུམ་སྦྱར་བའི་འབྱར། ། ཞག་པོ་གཅིག་ནས་རིམ་བཞིན་ཞག་དགའི་ཚལ། །གང་འོས་བསྟེན་པས་ཤིང་དང་གྱོང་པོའི་རྭ། །འདུལ་སྲིད་ཆུ་བར་རུས་པ་སྨོས་ཅི་དགོས། །ཟ་འཕྲུག་ཤུན་སྐོགས་གོག་ཏུ་ཆུ་སེར་སྨན། །མདུང་རྩེ་ཅོང་ཞི་གངས་ཐིགས་སྦལ་རྒྱབ་རྣམས། །ཆ་མཉམ་ཕག་ཚིལ་སྦྱར་ལ་ལན་གྲངས་ལྔ། །བདུན་དགུ་ལ་སོགས་ཕལ་ཆེར་མེ་ཉིས་འདུལ། །ལོག་གནོན་ལ་སོགས་བཅོས་ཚུལ་འདི་ལྟ་སྟེ། །ཁྱད་པར་ཚབས་ཆེ་འབམ་གཞུག་ཆུ་གཞིར་འགྱུར། །དེ་དག་ཆུ་ལ་ལྷུ་གསོབ་མདོག་མ་ངེས། །དབུགས་རྒོད་ཆུ་ཡི་མཁར་བརྒྱུད་གཡོ་བ་འབྱུང་། །ཆུ་སེར་ཤས་ཆེ་གུར་གུམ་ཆུ་འབེབས་དང་། །ཆུ་མདོག་དམར་ན་གླང་ཆེན་ཆུ་སྒྱུར་དང་། །དྭ་ལིས་བཅུ་དྲུག་བབ་སྨན་ལྟག་སྤྲོད་གཏོང་། །ཆུ་གཞི་འགྱུར་ཉེར་གླང་ཆེན་བཅོ་བརྒྱད་ཚབ། །གང་གའ་ཆུ་སྒྱུར་བཏང་ལེགས་དམུ་ཆུ་ནི། །ཚ་གྲང་གང་བཏང་མདེ་ཁ་བསྒྱུར་ཚུལ་ནི། །ཆུ་འབེབས་རིལ་བུ་དཀར་ཆུང་གཞི་བྱས་ལ། །ཚ་ན་འབོལ་བདུན་གྲང་ན་སེ་འབྲུ་བཞི། །ཚ་གྲང་ཀུན་ལ་དྭངས་མ་གནས་འཇོག་བསྣན། །དེ་སྐབས་གོང་གི་བབ་སྨན་ལྟག་སྤྲོད་བཏང་། །ཆུ་དྭངས་དབུགས་ཁ་ དམའ་ལ་ཆུ་མཁར་ཞི། །རྐང་པ་གཟེར་ཆེ་ལ་ཕུག་གཏོང་སྔ་ལེགས། །གྲུམ་བུ་དང་བསྡོངས་གཉའ་ལྟག་ལག་ཚིགས་ན། །མཚན་ལ་གཟེར་ཆེ་བོང་ཁྲག་ཉེར་ལྔ་གཏོང་། །རྐང་འཐེང་གཟེར་ཆེ་སྐྲངས་པ་དྲེག་གྲུམ་རྟགས། །བྱུང་ན་སྤོས་ཁྱུང་དངུལ་ཆུ་བཅོ་བརྒྱད་གཏོང་། །རྐང་ལག་སྦྲིད་པ་རྩ་དཀར་རྟགས་བྱུང་ན།ཨ་གར་ཉི་ཤུ་བསམ་ནོར་བཏང་བ་གཅེས། །ཡན་ལག་རྩ་རྒྱུས་འཐེན་སྤྲུགས་གསེར་ཏེལ་གདབ། །སྤྲན་དུག་བྱུང་ན་རུ་རྟ་དྲུག་པ་དང་། །གོང་གི་ཕོ་ སྨན་གཏོང་བ་འཕྲུལ་ཤེས་དགོས། །རྣ་འབམ་རྣ་བ་སྐྲངས་ཤིང་སྒྲ་མི་ཐོས། །མགོ་བོ་འཁོར་ཞིང་ཟུག་སོགས་བྱུང་བ་ན། །ལ་ཕུག་ཁུ་བར་སྒོག་སྐྱ་རུ་རྟ་དང་། །ཨུག་ཆོས་འབྲས་བུ་སྲན་མའི་མེ་ཏོག་བཅས། །ཕྱེ་མ་བཏབ་ལ་རས་དཀར་དུ་བཙིར་བའི། །ཁུ་བ་རྣ་བར་ཡབ་བྱུགས་མ་ཕན་ན། །ཡ་མ་ནག་པོའི་གསོ་ཚུལ་བཅོས་ཐབས་འཕྲུལ། །ཟངས་ཏེལ་གྱིས་བསྲེགས་སོ་འབམ་འགྲམ་པ་དང་། །རྐན་སོགས་སྐྲངས་ཤིང་སྙིལ་ཟུག་ཁྲག་སོགས་འབྱུང་། །ཅིས་ཀྱང་སྐྱེད་མེད་ལབ་རོའི་བྱུག་བྱ། །ནང་དུ་ལ་ཕུག་ཁུ་འདེབས་མཁུར་བཀང་བསྟེན། །མེ་གདབ་ཕན་ཆེ་ཕྱི་རྗེས་མི་འཕར་ཡིན། །ལྕེ་འབམ་ལྕེ་ཆུང་སྐྲངས་ལ་རེག་མི་བཟོད། །མིག་འགྲམ་ལྐོག་མ་ཟུག་འབྱུང་ཁ་ཟས་རིགས། །མིད་དཀའ་དེ་ལ་སྤྱང་ལྕེ་ཐུན་ལོག་འདེབས། །ཁྱུང་ལྔ་ཟིལ་ཐོན་ཕྱི་ནས་བྱུག་པ་བྱ། །ལྕེ་ཡི་གཡས་གཡོན་སྐྲངས་པ་དུ་གག་ཟེར།ཆེ་མི་ཟབ་པར་གཤགས་ལ་རྣག་ཁྲག་དབྱུང་། །རྣ་ཤལ་མཇུག་དང་ལྐོག་མར་རྗེས་བཅོས་ཀྱི། །མེ་བཙའ་གདབ་པས་མི་འཕར་ཁ་གནོན་ཡིན། ། ནད་རོ་མི་ལྡང་ཕྱི་རྗེས་བཅོས་པའི་ཐབས། །མི་རྟ་ཁྱི་གསུམ་རུས་བཙའ་ནུས་ལྡན་བསྲེགས། །ཕྱེ་མ་ཆུ་སེར་སྨན་གསུམ་གུ་གུལ་བསྣན། །ཞིབ་བཏགས་ངད་ཡལ་བྱུགས་པས་ཕྱི་དུས་ཀྱི། །ནད་རོ་མི་ལྡང་ནད་གཏིང་དག་པ་ཡིན། །གོང་གི་བཅོས་བྱས་ལུས་ཡང་བདེ་བ་ལ། །སྐོགས་ཤུ་ཟ་འཕྲུག་སྦྲིད་པ་ལྕི་བ་སོགས། །བྱུང་དུས་རྐང་པ་གཡས་གཡོན་གང་ནའི་ཕྱོགས། །ཆུ་སེར་གདོང་རྩ་ལོང་རྩ་བྱིན་གཞུག་གསུམ། །གང་ཉེ་གང་རྒྱས་ཐང་གིས་ཕྱེ་ལ་གཏར། །དེ་རྗེས་ཆུ་ཚན་རིགས་ལྔ་གང་རུང་ངམ། །བདུད་རྩི་ལྔ་ལུམས་ཞུགས་པས་ཕན་སྐྱེད་ཆེ། དེ་སྐབས་ཁ་ཟས་བཅུད་ཅན་ལུས་ཟུངས་དཔག །ན་སོ་རྒས་དང་གྲང་རླུང་གཞི་ཆེ་ལ། །ཆུ་ཚན་སྨན་མར་གཞོན་དང་ཁྲག་མཁྲིས་ཅན། །གཏར་ག་ འཕྲོད་ཀྱང་སྔས་ན་མཇུག་མི་ཆོད། །ཕྱིས་ན་ཕན་གནོད་མེད་ཅིང་ཕོར་འབྲིང་ཕྱེད། །ཙམ་ལས་མང་པོ་གཏར་ནི་མི་རུང་ངོ། །སྐྱངས་པ་གཟེར་རིགས་གཏན་མེད་སོང་བའི་དུས། །འབྲི་ལུགས་ཕྱིར་མི་ལྡོག་པའི་བྱུག་པ་ཡིན། །སྣུམ་ནག་མར་རྙིང་གང་རྙེད་སྦྱར་ལ་བྱུག །ཡུན་རིང་བྱུགས་པས་ཕྱི་རྗེས་མི་འཕར་གནད། །མི་རུང་ཁྲག་རླུང་ཅན་ལ་ཆུ་ཚན་དང་། །རྒས་པ་ཟུངས་ཟད་རིགས་ལ་ཁྲག་གཏར་བ། །ཆུ་གཞི་ཅན་ལ་གཏེར་དང་ལུམས་མི་འཕྲོད། །རླུང་ཤས་མཐོ་སྐབས་ཅུང་ཟད་ཤ་བསྟེན་རུང་། །སློང་རྐྱེན་ཆང་རག་ཇ་ཁྲེབ་སྔོ་ཚོད་དང་། །གོང་སྨོས་སྤྱོད་ལམ་ལ་སོགས་སྤང་བར་བྱ། །ཞེས་རྐང་འབམ་བཅོས་ཚུལ་ཕྲན་ཙམ་བཀོད་པའོ། ། སླར། དལ་འབྱོར་དོན་ལྡན་རྙེད་དཀའ་ཡིན་བཞིན་ནོར། ། རྐང་འབམ་དྲི་ནས་ནོངས་ཀུན་འཚོ་ཐབས་ཀྱི། ། བྱི་དོར་འདིས་ཀྱང་དག་བྱེད་མཆོག་གྱུར་ཏེ། ། དོན་གཉིས་འདོད་རྒུ་ཡུན་རིང་འཇོ་བར་ཤོག།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།