༄༅།། བོད་ཀྱི་སྒྲ་རིག་པའི་ཁུངས་ལ་རགས་ཙམ་དཔྱད་པ།

རྩོམ་པ་པོ།:དགེ་འདུན་རྒྱ་མཚོ། ཡོང་ཁུངས།:༢༠༡༢ལོའི་སྒྲོན་མེ་ལོ་དེབ། དུས་ཚོད།:2021-05-26 09:37:09 ཀློག་གྲངས།:
      ཀྲུང་གོ་དང་རྒྱ་གར་གཉིས་ནི་གནའ་སྔ་མོ་ནས་བཟུང་ཁྱིམ་མཚེས་ཡིན་པ་དང༌། ལོ་རྒྱུས་སྟེང་འདི་གཉིས་ལ་མིའི་རིགས་ཀྱི་རིག་ལྡན་སྲོལ་རྒྱུན་གཟི་མདངས་ཅན་རེ་ཡོད་ལ། ཕྱོགས་མང་བོ་ནས་ཕན་ཚུན་བརྗེ་རེས་ཀྱང་བྱས་མྱོང་བ་དང༌། ཁྱད་པར་དུ་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་འདྲེས་ཡོད་པས་ཕྱོགས་སོ་སོའི་འབྲེལ་བ་ཧ་ཅང་ཟབ་སྟེ། རིག་གནས་བརྗེ་རེས་དང་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ལ་ཉུང་མཐར་མི་ལོ་ཉིས་སྟོང་གི་ལོ་རྒྱུས་ཡོད་དེ། དེས་ན་བོད་དང་རྒྱ་གར་གཉིས་ཀྱི་འབྲེལ་བ་བྱུང་ཚུལ་ཧ་ཅང་སྔ་སྟེ། ཡིག་ཐོག་ཏུ་བཀོད་ཡོད་པ་ནི་ཧ་ལམ་སྤྱི་ལོའི་དུས་རབས་གསུམ་པ་ནས་བཞི་པའི་(ཚིགས་ལ་བཙན་ལྔའི་ཐ་མ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས།)སྐབས་ཙམ་ཡིན་པ་འདྲ། སྐབས་དེར་ཐུབ་བསྟན་པའི་པཎྜིཏ་བློ་སེམས་འཚོ་དང་ལོ་ཙཱ་བ་ཐི་ལེ་སེ། གསོ་རིག་མཁས་པ་བི་བྱི་དགའ་བྱེད་དང་བི་མ་དགའ་ལྷ་མཛེས་གཉིས་སོགས་རྒྱ་གར་གྱི་མི་འགའ་རེ་འོངས་པར་གྲགས་པ་ལྟར་ན། བོད་དང་རྒྱ་གར་གཉིས་ཀྱི་འགྲོ་འོང་ཧ་ཅང་སྔ་བ་ཤིན་ཏུ་གསལ། གནའ་རྫས་རྟོག་དཔྱོད་རིག་པ་བའི་སྡོམ་ཚིག་ལྟར་ན་མ་མཐའ་མི་ལོ་ཁྲི་ལྔའི་ཡར་སྔོན་ལ་བོད་ཁམས་སུ་མིའི་རིགས་ཀྱིས་འཚོ་བ་སྐྱོང་གིན་ཡོད་ལ། མི་དེ་དག་མང་ཆེ་བ་ད་ལྟའི་བོད་མིའི་མེས་པོ་ཡིན་པར་གསུངས་པ་ལ་གཞིགས་ན་བོད་སྐད་ཀྱང་ཆེས་གདོད་མའི་སྐད་ཆ་ཞིག་ཡིན་པར་གདོན་མི་ཟའོ། ། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རིམ་ལ་གཞིགས་ན། གནའ་བོའི་སྤྲ་མི་དེ་རིག་ལྡན་མིར་གྱུར་པའི་འགྱུར་རིམ་དུ་སྐད་ཆ་རིམ་གྱིས་བྱུང༌། སྐད་ཆ་བྱུང་ནས་རིང་ཞིག་འདས་པ་ན། མི་རྣམས་ཀྱི་བློ་གྲོས་གོང་དུ་འཕེལ་ནས་འཚོ་བའི་ཁྲོད་དུ་སྐད་ཆ་སྤྱོད་བདེ་ལ་བརྡ་སྤྲོད་ཤུགས་ཇི་འདྲ་ཆེ་ཨང༌། དུས་དང་ཡུལ་གྱིས་བསྐལ་བའི་སྐྱོན་ཆེན་པོ་ཡོད་པ་རྟོགས་ཏེ། དྲན་པ་གསོ་བར་རི་མོ་གསར་བཏོད་བྱས། ཡང་རིང་ཞིག་འདས་པ་ན་རི་མོ་དེ་དག་འབྲི་དཀའ་ཞིང་གཞན་ལ་བརྡ་འཕྲོད་དཀའ་བར་གྱུར་པས་སྐྱོན་དེ་བསལ་ཆེད་རི་མོ་ལས་འཕྲོས་ཏེ་ཡི་གེ་གསར་བཏོད་བྱས། ཡི་གེ་བྱུང་ནས་རིང་ཞིག་འདས་པ་ན་གཟོད་ཡི་གེའི་གཞུང་ལུགས་སམ་བརྡ་སྤྲོད་པའི་གཞུང་ལུགས་བྱུང་བ་རེད་དེ། བོད་མི་རིགས་ལ་མཚོན་ནའང་ཆོས་ཉིད་དེ་ལས་འདའ་མི་སྲིད་དོ། །
      སྲོང་བཙན་སྔོན་ལ་བོད་དུ་ཡི་གེ་མེད་ཅེས་པའི་བོད་དེ་ནི་སྤུ་རྒྱལ་ཚང་གི་ཕ་ས་ཡར་ཀླུང་བོད་ཀ་གཡག་དྲུག་སྟེ་ཡུལ་དེར་ཡི་གེ་མེད་པའམ། ཡང་ན་བོད་ཁམས་འདིར་ཡི་གེ་འདྲ་ཞིག་ཡོད་སྲིད་ཀྱང་ཆོས་ཀྱི་ཆོ་ག་དང་མོ་རྩིས་སོགས་ལ་སྤྱོད་པ་ཙམ་ལས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་དེ་འདྲ་མ་དར་བ་ཞིག་ཡིན་མིན་ལ་ད་དུང་དཔྱད་རྒྱུ་ཡོད་དོ། །
      འདིར་བསྒྱུར་དུ་མེད་པ་ཞིག་ནི་གནའ་རྫས་རྟོག་ཞིབ་པས་མངའ་རིས་རུ་ཐོག་ས་ཆའི་བྲག་རྐོས་རི་མོ་ཞིག་ཏུ་ད་ལྟའི་བོད་ཡིག་དབུ་ཅན་དང་ཕལ་ཆེར་འདྲ་བའི་རི་མོ་འགའ་རྙེད་པ་དེའི་ལོ་ཚད་ནི་མི་ལོ་སུམ་སྟོང་ཡར་སྔོན་ཡིན་པར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་ཐག་བཅད་ཟིན་(༡༩༩༦ལོའི་༼བོད་ལྗོངས་ཞིབ་འཇུག་༽དེབ་དང་བོའི་P༣༢ན་གསལ་བ་ལྟར། ཤིན་ཧྭ་གསར་འགྱུར་ཁང་གིས་༡༩༩༣ལོའི་ཟླ་༡པའི་ཚེས་༢༣ཉིན་སྤེལ་བའི་གསར་འགྱུར་དུ། ད་ལྟའི་མངའ་རིས་ས་ཆ་ནས་གནའ་རབས་ཀྱི་བོད་ཡིག་རྡོ་བརྐོས་མ་མང་བོ་གསར་རྙེད་བྱུང་ཚུལ་དང༌། ཡི་གེ་དེ་དག་ལ་ལོ་༣༠༠༠ཙམ་གྱི་ལོ་རྒྱུས་ཡོད་པ་གསལ་བོར་བསྒྲགས་པའི་ཕྱིར་རོ། ། ཞེས་བཀོད་ཡོད་)ཏེ། དེས་ན་མདོ་དབུས་མཐོ་སྒང་དུ་སྲོང་བཙན་ཡར་སྔོན་ལ་ཡི་གེ་འདྲ་ཞིག་ཡོད་པར་སྣང༌། དེ་ནི་ཞང་ཞུང་ཡིག་རྒན་ཟེར་བ་ཡིན་ནམ་དཔྱད། འདིར་བསྟན་དགོས་པ་ནི་བོད་དང་འབྲེལ་ཆེ་བའི་འཇང་རིགས་(སྟོན་པའི་ཡི་གེ་སྟེ། རི་མོ་ལས་འདའ་མེད་པ་ཞིག)དང་དབྱི་རིགས་ལའང་ཡི་གེ་ཁ་མི་ཚང་བ་ཞིག་ཡོད་པ་འདི་དག་ལ་གཞིགས་ན་སྲོང་བཙན་ཡར་སྔོན་ལ་ཡི་གེའི་དོད་ཙམ་ཡོད་པ་བདེན་མོད། དེ་དག་མོ་རྩིས་དང་ཆོས་ཀྱི་ཆོ་གར་སྤྱོད་པ་ལས། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་སྤྱད་ན་འབྲི་མི་བདེ་བ། ཀློག་དཀའ་བ། རྟོགས་མཐའ་མེད་པ། ཆ་ལག་མི་ཚང་བ། དོན་མཚོན་གྱི་ནུས་པ་ཞན་པ་བཅས་ཀྱི་སྐྱོན་མཆིས་པས་སྲོང་བཙན་གྱི་ཐུགས་དམ་བསྐངས་མ་ཐུབ། དེར་བརྟེན་སློབ་དཔོན་ཐོན་མི་གཙོས་གཞོན་ནུ་བློ་གྲོས་དང་ལྡན་པ་དུ་མ་སྔ་ཕྱིར་ཐེངས་འགའ་ལ་ཡི་གེ་བསླབ་པར་རྒྱ་གར་དུ་མངགས་པ་གསལ་ལོ། །
      སྤྱིར་སྒྲ་རིག་པ་ནི་མིའི་རིགས་ཀྱི་སྐད་ཆའི་ངོ་བོ་དང༌། དེའི་གྲུབ་ཚུལ། འཕེལ་ཆོས་བཅས་ལ་ཞིབ་འཇུག་བྱེད་པའི་གཞུང་ལུགས་ཤིག་ཡིན་ཏེ། འདིར་གསལ་བཤད་བྱ་དགོས་པ་ཞིག་ནི་སྒྲ་རིག་པ་ཞེས་ཐོས་མ་ཐག་དེ་རྒྱ་གར་བའི་གཞུང་ལུགས་ཤིག་ཏུ་འདོད་མི་ཉན། མི་རིགས་སོ་སོར་སྐད་ཆ་མི་འདྲ་བ་རེ་ཡོད་ལ། དེར་ཞིབ་འཇུག་གམ་དེའི་བརྡ་སྤྲོད་ཀྱི་གཞུང་དེ་སྒྲ་རིག་པ་ཡིན་པས། མིའི་རིགས་ཀྱི་སྐད་ཆའི་སྣང་ཚུལ་དང་དེའི་ཆོས་ཉིད་སྟོན་བྱེད་ཀྱི་གཞུང་ལུགས་ཡོད་པ་ཐམས་ཅད་སྒྲ་རིག་པ་ཡིན་ཏེ། བོད་ཀྱི་སུམ་རྟགས་དག་གསུམ་སོགས་ལྟ་བུའོ། །
      དུས་ད་ལྟའི་བར་དུ་བོད་ཀྱི་རིགས་གནས་ལས་མཁས་པའི་རིག་གནས་མང་ཆེ་བའི་འབྱུང་ཁུངས་དེ་རྒྱ་གར་ལ་གཏུགས་ཀྱི་ཡོད་དེ། སྤྱིར་རྒྱ་གར་འཕགས་པའི་ཡུལ་འདི་ཡུལ་ཁམས་གཞན་ལས་རིག་གནས་དར་སྔ་ལ་འཛམ་གླིང་གི་གནའ་བོའི་རིག་ལྡན་རྒྱལ་ཁབ་བཞིའི་གྲས་སུ་བགྲངས་སྲོལ་ཡོད། ལེགས་སྦྱར་གྱི་ཡི་གེ་དར་བ་ནས་རིམ་གྱིས་རྒྱ་གར་མཁས་དབང་རྣམས་ཀྱིས་བརྡ་སྤྲོད་པའི་རྣམ་བཞག་ཀྱང་གང་མང་ཞིག་བརྩམས་པར་གྲགས་ལ། སྒྲ་རིག་པའི་སྤྱི་རྣམ་(༼སྒྲ་རིག་པའི་སྤྱི་རྣམ།༽༡༩༨༥ལོའི་ཟླ་༤པར་ནང་སོག་མི་དམངས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པ། ཤ༡)ཞིག་ལས། གནའ་བོའི་རྒྱ་གར་དང་གྷི་རི་སི་གཉིས་ནི་སྒྲ་རིག་པའི་འབྱུང་གནས་ལྟ་བུར་གྱུར་ལ། དེ་དག་གིས་ཞིབ་འཇུག་བྱས་པའི་འབྲས་བུ་སྔ་ཤོས་ནི་ཚིག་གི་ཚོགས་པའི་གྲུབ་ལུགས་ཡིན་པ་དཔེར་ན་རྒྱ་གར་ནས་བྱུང་བའི་སྒྲ་པཱཎི་པ་སོགས་སྒྲ་རིག་པའི་གཞུང་མི་འདྲ་བ་བཅུ་ལྷག་འཕགས་ཡུལ་དུ་དར་བར་གྲགས་(༼སྒྲ་རིག་པའི་འཇུག་སྒོ།༽༡༩༩༥ལོའི་ཟླ་༣པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པ། ཤ༤)། སྤྱིར་བོད་ཁམས་སུ་སྤུ་རྒྱལ་སྐབས་ཏེ་དུས་རབས་བདུན་པའི་ཡར་སྔོན་དུ་བོད་ལ་ཡི་གེ་ཡོད་མེད་ཐད་གླེང་ཕྱོགས་མང་ཡང༌། བོན་གཞུང་ལྟར་ན་བོད་ཡིག་འདི་གཤེན་རབ་མི་བོ་ཆེས་གསར་བཏོད་གནང་བར་བཤད་དེ། དེ་ཡང་སྟག་གཟིག་སྤུངས་ཡིག་(སྟག་གཟིག་སྤུངས་ཡིག་དེའི་གྲུབ་ཆ་གཙོ་བོ་ཕལ་ཆེར་བོད་ཡིག་གི་ཆིག་ཤད་དང་འདྲ་སྟེ། ། དེ་འདྲ་མང་བོ་ཞིག་མཉམ་དུ་སྤུངས་པའམ་ཚོཊ་པ་ཞིག་ལ་ཟེར་པ་འདྲ།)ཅེས་པ་དེ་ཞང་ཞུང་སྨར་ཡིག་ཏུ་བསྒྱུར། ཞང་ཞུང་སྨར་ཆེན་སྨར་ཆུང་དེ་རྫབ་ཆེན་རྫབ་ཆུང་དུ་ཕབ། རྫབ་ཆེན་རྫབ་ཆུང་དེ་གཟུགས་མར་རམ་དབུ་ཅན་དབུ་མེད་དུ་བསྒྱུར་པར་བཤད། ཡང་མཁས་པ་མང་བོ་ཞིག་གིས་བོད་ཡིག་དེ་སློབ་དཔོན་ཐོན་མིས་གསར་དུ་མཛད་པར་འདོད། ད་ལྟ་ང་ཚོས་སྤྱོད་བཞིན་པའི་བོད་ཡིག་འདི་སློབ་དཔོན་ཆེན་པོ་ཐོན་མི་སཾབྷོཊ་གཙོ་བྱས་པའི་མཁས་པ་དག་གིས་སྔར་ཡོད་ཀྱི་ཡི་གེ་རྣམས་ལ་གཞི་བྱས་ཤིང༌། རྒྱ་གར་གྱི་སྒྲ་རིག་པར་རིགས་བསྒྲེས་ཏེ་ད་ལྟའི་བོད་ཡིག་འདི་གསར་བཏོད་གནང་ཞིང་སྐབས་དེ་ཡས་མས་སུ་སུམ་རྟགས་སོགས་བརྡ་སྤྲོད་ཀྱི་གཞུང་ཡང་མཛད་པར་གྲགས། བསྟན་པ་སྔ་དར་སྐབས་སློབ་དཔོན་ཐོན་མི་གཙོས་ལོ་ཙཱ་བ་རིམ་བྱོན་གྱིས་རང་རིགས་ཀྱི་སྐད་ཡིག་ལ་ནང་བྱན་ཆུད་པར་མ་ཟད། ལེགས་སྦྱར་གྱི་སྒྲ་རིག་པ་ལའང་སྦྱང་བ་དཔྱིས་ཕྱིན་པར་མཛད་དེ་ཆོས་གཞུང་མང་བོ་བོད་དུ་བསྒྱུར་པ་དང་མཉམ་དུ་རྒྱ་གར་གྱི་སྒྲ་རིག་པའི་གཞུང་ལུགས་ཀྱི་སྤྱི་དོན་བོད་ལ་ངོ་སྤྲོད་བྱས་ཡོད་པ་ཁོ་ཐག་ཡིན་ཡང་ད་ལྟ་སྟོན་རྒྱུ་མེད་པས་གནས་སྐབས་བཏང་སྙོམས་སུ་མི་འཇོག་ཀ་མེད་རེད། སྤྱི་ལོ་དུས་རབས་བརྒྱད་པ་དང་དགུ་བའི་སྐབས་སུ་སྐ་ཅོག་ཞང་གསུམ་དང་ལོ་ཆེན་བཻ་རོ་ཙ་ན་ལྕེ་ཁྱི་འབྲུག་སོགས་བོད་ཀྱི་ལོ་པཎ་རྣམས་གཙོས་སྲིད་གཞུང་གིས་གཏན་ལ་ཕབ་པའི་གཞུང་ཡིག་ལྟ་བུ་༼སྒྲ་སྦྱོར་བམ་གཉིས་༽དང༌། ལྕེ་ཁྱི་འབྲུག་གིས་མཛད་པར་གྲགས་པའི་༼གནས་བརྒྱད་ཆེན་མོ།༽ ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པར་གྲགས་པའི་༼སྒྲའི་རྣམ་པར་དབྱེ་བ་༽ལྟ་བུ་སོགས་སུམ་རྟགས་དག་གསུམ་གྱི་གཞུང་ལུགས་དང་ལག་ལེན་གཉིས་ཆར་ཡར་རྒྱས་གོང་འཕེལ་བྱུང༌། སྨད་ཀྱི་སིལ་བུའི་སྐབས་སུ་བོད་གངས་ཅན་གྱི་བློ་དང་ལྡན་པ་མང་བོ་རྒྱ་གར་དུ་སློབ་གཉེར་ལ་སྔ་ཕྱི་བརྩད་དེ་ཕེབས་ནས་ལེགས་སྦྱར་གྱི་སྒྲ་རིག་པའི་གཞུང་ལ་ལེགས་པར་བསླབས་ཤིང་མདོ་རྒྱུད་མང་བོ་བོད་དུ་བསྒྱུར་ནས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ། དེ་དང་བསྟུན་ཏེ་བོད་ཀྱི་རིག་གནས་ཕུན་སུམ་ཇེ་ཚོགས་དང༌། རྒྱ་ཇེ་ཆེ། གཏིང་ཇེ་ཟབ་ཏུ་སོང་བ་མཐོང་ཆོས་སུ་གྲུབ་པར་བསྙོན་འདིང་མཁན་སུ་ཡོད། དེང་སང་མཁས་རློམ་འགའ་རེས་༼རྩ་བ་སུམ་ཅུ་བ་༽དང་༼རྟགས་ཀྱི་འཇུག་པ་༽གཉིས་དེ་སྤྱི་ལོའི་དུས་རབས་བཅུ་གཉིས་པར་བྱོན་པའི་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་(༡༡༨༢-༡༢༥༡)གྱིས་མཛད་པར་བཤད་དེ། ས་སྐྱ་པཎ་ཆེན་མཁས་པ་ཆེན་པོ་ཡིན་ལ་བོད་ཀྱི་རིག་གནས་ལ་ཕྱག་རིས་བླ་ན་མེད་པ་བཞག་པས་མཁས་པའི་སྙན་པ་ས་སྟེང་དུ་ཁྱབ་པ་བདེན་ཡང༌། སུམ་རྟགས་གཉིས་ཀྱི་རྩ་བ་ཁོང་གིས་མཛད་པར་སྔོན་ཆད་མ་གྲགས་ལ་ཁྱོད་ཀྱི་སྒྲུབ་བྱེད་ཐམས་ཅད་འོལ་ཚོད་ཙམ་ལས་རྒྱུ་མཚན་དང་ལྡན་པ་སྤུ་ཙམ་ཡང་མེད་དོ། །
      ས་སྐྱ་པཎྚི་ཏའི་སློབ་མ་ཐར་ལོ་ཉི་མ་རྒྱལ་མཚན་(སྤྱི་ལོའི་དུས་རབས་བཅུ་གསུམ་པར་བྱུང་བའི་བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཞིག)གྱིས་སློབ་དཔོན་ཆེན་པོ་ཙནྡྲ་གོ་མི་ཡིས་མཛད་པའི་༼ཉེ་བར་བསྒྱུར་བ་ཉི་ཤུ་བའི་འགྲེལ་བ་༽དང་༼ཡི་གེའི་མདོ།༽ སློབ་དཔོན་ཆོས་སྐྱོང་གིས་མཛད་པའི་༼ཡི་གེའི་མདོའི་འགྲེལ་བ་༽བཅས་བོད་དུ་ཐོག་མར་བསྒྱུར་པ་དང༌། དེའི་རྗེས་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་(སྤྱི་ལོའི་དུས་རབས་བཅུ་གསུམ་པར།)དང༌། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ(༡༢༧༦-༡༣༤༢)། བུ་སྟོན་རིན་ཆེན་གྲུབ(༡༢༩༠-༡༣༦༤)། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་བོ་(༡༤༤༡-༡༥༢༧)། ཇོ་ནང་ཏཱ་ར་ནཱ་ཐ་(༡༥༧༥-༡༦༣༤)། འདར་ལོ་ངག་དབང་ཕུན་ཚོགས་(སྤྱི་ལོའི་དུས་རབས་བཅུ་དྲུག་པ་ནས་བཅུ་བདུན་པ)། སི་ཏུ་ཆོས་ཀྱི་འབྱུང་གནས་(༡༦༩༩-༡༧༧༤)སོགས་སྔོན་བྱོན་མཁས་ཆེན་དམ་པ་དག་གིས་རྒྱ་གར་གྱི་སྒྲ་གཞུང་པཱཎིབྱཱཀརཎ་དང༌། ཙནྡྲབྱཱཀརཎ། ཀལཱཔབྱཱཀརཎ། སྭརསྭསྟིབྱཱཀརཎ་སོགས་མང་བོ་བོད་དུ་བསྒྱུར་ཅིང༌། གཞུང་དེ་དག་ལ་དགོངས་འགྲེལ་དང་འགྲེལ་བཤད་གྲངས་མེད་པ་མཛད་དེ་འཆད་ཉན་གྱི་སྲོལ་ད་ལྟའི་བར་དུ་སྲིང་བཞིན་པ་མ་ཟད། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་དོ། །
       བསྟན་པ་ཕྱི་དར་སྐབས་སུ་ས་སྐྱ་པཎྚི་ཏའི་(སྤྱི་ལོ༡༡༨༢-༡༢༥༡)༼ཡི་གེའི་སྦྱོར་བ་༽དང༌། དབུས་པ་བློ་གསལ་(དུས་རབས་བཅུ་གཉིས་པར་བྱོན།)གྱི་༼སུམ་རྟགས་འགྲེལ་བ༽། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ(༡༤༤༡-༡༥༢༧)འི་༼སུམ་རྟགས་འགྲེལ་བ་རྣམ་པར་གསལ་བའི་ལེགས་བཤད༽། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་༼ཚོགས་གསུམ་གསལ་བ༽། ཟུར་མཁར་བ་བློ་གྲོས་རྒྱལ་བོ(༡༥༠༩-?)འི་༼སུམ་རྟགས་འགྲེལ་བ་མཁས་པའི་དགའ་སྟོན༽། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་(༡༦༤༦-༡༧༡༨)ཀྱི་༼སུམ་རྟགས་འགྲེལ་བ་ལེགས་བཤད་སྣང་བྱེད་ནོར་བུ༽། པྲ་སྟི་རིན་ཆེན་དོན་གྲུབ་(སྤྱི་ལོའི་དུས་རབས་བཅུ་བདུན་པ།)ཀྱི༼སུམ་རྟགས་ཀྱི་འགྲེལ་བ༽། ཀརྨ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ(༡༧༠༠-༡༧༧༤)འི་༼སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས༽། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་(༡༨༤༥-༡༩༡༥)ཡི་༼སུམ་རྟགས་མཆན་འགྲེལ་ངོ་མཚར་འཕྲུལ་གྱི་ལྡེ་མིག༽ མཁས་དབང་ཚེ་ཏན་ཞབས་དྲུང་གིས་མཛད་པའི་༼ཐོན་མིའི་ཞལ་ལུང་༽། དགེ་བའི་བཤེས་གཉེན་ཆེན་པོ་དམུ་དགེ་བསམ་གཏན་རྒྱ་མཚོས་མཛད་པའི་༼བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས༽། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་༼ལེགས་བཤད་ལྗོན་དབང་དང་དཀའ་གནད་གསལ་བའི་མེ་ལོང་གི་འགྲེལ་བ་༽སོགས་གྲངས་མེད་པ་བྱུང་ནས་བོད་ཀྱི་བརྡ་སྤྲོད་རིག་པ་ཅུང་ཆ་ཚང་བ། ཚགས་དམ་པ། བརྒྱུད་རིམ་ལྡན་པ་བཅས་ཀྱི་ཁྱད་ཆོས་ཡོད་པས་མི་རིགས་གཞན་ལ་ངོ་གནོང་མི་དགོས་པ་ཞིག་ཏུ་དར་ཡོད་དོ། ། བོད་ཀྱི་སྒྲ་རིག་པའི་གཞུང་ནི་སུམ་རྟགས་དག་གསུམ་ཡིན་པ་ཀུན་ལ་རླུང་ལྟར་གྲགས་མོད། སུམ་ཅུ་བ་ལས་གཙོ་བོ་ཕྲད་ཀྱི་སྐོར་ཙམ་སྟོན་པ་དང༌། རྟགས་འཇུག་ལས་གཙོ་བོ་བྱ་བའི་མིང་གི་སྐོར་ཙམ་སྟོན་པ་དང༌། དག་ཡིག་ལས་གཙོ་བོ་མིང་(འགའ་རེས་འདི་ལ་མིང་ཚིག་གམ་དངོས་མིང་ཡང་ཟེར།)གི་སྐོར་ཙམ་སྟོན་པ་ལས་སྒྲ་རིག་པའི་གཞུང་སྟར་ཆགས་སུ་བསྒྲིགས་པ་ཞིག་ཧ་ཅང་དཀོན་ཏེ། དཔང་ལོའི་ཚོགས་གསུམ་དང་སྨྲྀ་ཏི་སྨྲ་སྒོའི་མཚོན་ཆ་གཉིས་ལས་གཞན་སྒྲ་རིག་པའི་སྤྱི་འགྲོས་ལྟར་ཚོགས་གསུམ་གྱི་སྒོ་ནས་འཆད་པའམ་བྲིས་པ་ཧ་ཅང་ཉུང་བའམ། ཡང་ན་རང་གི་ལྟ་རྒྱ་དོག་པས་ལན་ནམ་གང་ཡིན་མ་མཐོང༌། བཅིང་འགྲོལ་བྱས་ཚུན་ཆད་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་སོགས་མཁས་དབང་དམ་པ་དུ་མས་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་བརྡ་སྤྲོད་ཀྱི་ཕྱོགས་ནས་གཙོ་བོ་ཉམས་པ་སོར་ཆུད་ཀྱི་ཐད་ལ་ཐུགས་གཞིགས་གནང་བར་མངོན་ཏེ། བོད་ཀྱི་སྲོལ་རྒྱུན་གྱི་བརྡ་སྤྲོད་གཞུང་ཕལ་ཆེ་བས་སློབ་དཔོན་ཐོན་མིའི་༼སུམ་རྟགས་༽གཉིས་གཞིར་བཟུང་ཞིང༌། དེ་ལ་འགྲེལ་རྒྱས་བསྡུས་ཅི་རིགས་ཀྱི་སྒོ་ནས་གཙོ་བོ་ཆོས་སྐད་དམ་ཡིག་སྐད་ལ་ཞིབ་འཇུག་བྱས་པ་ལས། ཁྱབ་རྒྱ་ཧ་ཅང་ཆེ་བའི་བོད་ཡིག་གི་གཞི་རྩ་བོད་ཀྱི་ཕ་སྐད་ལ་ཞིབ་འཇུག་བྱས་པ་ཕལ་ཆེར་མེད་པ་འདྲ། བཅོས་བསྒྱུར་སྒོ་འབྱེད་ཚུན་བོད་ཀྱི་རིག་གནས་ཕྱོགས་སོ་སོའི་ཐད་དབྱར་མཚོ་རྒྱས་པ་བཞིན་གོང་ནས་གོང་དུ་འཕེལ་བཞིན་ཡོད་དེ། ཁྱད་པར་དུ་ཉེ་བའི་ལོ་ཤས་རིང་ལ་བོད་ཀྱི་བརྡ་སྤྲོད་རིག་པའི་ཕྱོགས་ནས་མིང་གི་ཐད་ལ་སྲོལ་རྒྱུན་ལས་བརྟོལ་ཏེ་མིང་གི་བྱེད་ལས་ཐད་ཞིབ་འཇུག་བྱས་པར་གྲུབ་འབྲས་མི་དམན་པ་ཐོབ་ཡོད་པ་ཀུན་གྱིས་མཁྱེན་གསལ་ཏེ། དཔེར་ན་སློབ་དཔོན་ཆེན་པོ་དཔའ་རིས་སངས་རྒྱས་ལགས་ཀྱི་༼བརྡ་སྤྲོད་གསལ་བྱེད་ངག་སྒྲོན་༽དང༌། སློབ་དཔོན་ཆེན་པོ་ལྕགས་ཐར་རྒྱལ་ལགས་ཀྱི་༼བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད་༽ལྟ་བུ་སོགས་ཀྱིས་སྲོལ་རྒྱུན་མིང་གི་དབྱེ་བ་ལས་བརྒལ་ཏེ། མིང་འདོགས་ཚུལ་གྱི་དབྱེ་བ་དག་གཞིར་བཞག་སྟེང་སྔ་མས་མིང་ལ་བྱེད་ལས་ཀྱི་སྒོ་ནས་དབྱེ་བ་བཞིར་ཕྱེ་བ་དང༌། ཕྱི་མས་མིང་གི་བྱེད་ལས་ཀྱི་སྒོ་ནས་དབྱེ་བ་བརྒྱད་དུ་ཕྱེ་ཡོད་པ་མ་ཟད། ཕྱོགས་གཞན་དག་ནའང་རིག་པ་གསར་བ་མང་བོ་བཏོན་ཡོད་པས་ངེས་པར་རྗེས་སུ་ཡི་རང་བྱ་འོས་སོ། ། མིའི་རིགས་དུས་རབས་ཉེར་གཅིག་པའི་གཞུང་ལམ་དུ་རྒྱུག་བཞིན་པའི་སྐབས་ཏེ། འགྱུར་འགྲོས་ཀྱི་ཚོད་མི་ཐུག་ལ། རིག་པ་ཉིན་རེར་བརྗེས་ཤིང་ཚན་རྩལ་གྱི་འཕེལ་འགྲོས་རབ་ཏུ་མགྱོགས་པའི་དེང་འདིར་ཧུར་བརྩོན་མི་བྱ་ཀ་མེད་དང༌། རེ་བ་ཆེ་ཡང་མགོ་འཐོམ་པ། བསྐལ་བ་བཟང་ཡང་འགྲན་རྩོད་ཆེ་བ། དངོས་པོ་གསར་བ་དང༌། ལག་རྩལ་གསར་བ། གཞུང་ལུགས་གསར་བ་རབ་དང་རིམ་པ་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་འབྱུང་བའི་དུས་ཤིག་རེད། ཉེ་ཆར་པར་དུ་བཏབ་པའི་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་མང་ལ་དེ་དག་སྲོལ་རྒྱུན་གྱི་རྒྱ་ལས་བརྟོལ་ཅིང༌། མི་རིགས་གཞན་དག་གི་གཞུང་ལུགས་ལ་རིགས་བསྒྲེས་ཏེ་ལྟ་བ་གསར་བ་མང་བ་བཏོན་ཡོད་དེ་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་ལག་ལེན་གཉིས་ཆར་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ནོ། །

རྩོམ་པ་པོ་ངོ་སྤྲོད།

དགེ་འདུན་རྒྱ་མཚོ།
      དགེ་རྒན་དགེ་འདུན་རྒྱ་མཚོ་ནི་༡༩༤༨ལོར་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་སྟོད་ཞིང་ཁམས་སངས་སྡེ་བའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། ༡༩༧༥ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རྒྱུགས་འཕྲོད་དེ་སློབ་སྦྱོང་ལ་ཞུགས། དེ་ལས་བཀའ་དྲིན་ཅན་གྱི་དགེ་རྒན༧བསེ་ཚང་བློ་བཟང་དཔལ་ལྡན་མཆོག་དང་དགེ་བའི་བཤེས་གཉེན་ཆེན་མོ་༧དམུ་དགེ་བསམ་གཏན་མཆོག བླ་བྲང་དྲུང་ཡིག་ཆེན་མོ་སྨོན་ལམ་རྒྱ་མཚོ་མཆོག དུས་འཁོར་བ་ཤེས་རབ་ཆོས་འཕེལ་མཆོག ཐེ་བོ་དཀོན་མཆོག་འཕྲིན་ལས་མཆོག་སོགས་སྤྱི་བོར་བརྟེན་ནས་བོད་ཀྱི་རིག་གནས་སྤྱི་དང་། ཁྱད་པར་དུ་སྒྲ་དང་སྙན་ངག བརྡ་སྤྲོད། བསྡུས་གྲྭ་སོགས་ཐོས་པའི་བརྩོན་པ་བསྐྱེད།
      ༡༩༧༨ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས་སྔ་གཞུག་ཏུ་ཀན་ལྷོ་བོད་རིགས་འབྲིང་རིམ་སྣ་ཚོགས་ཆེད་གཉེར་སློབ་གྲྭ་དང་ཀན་ལྷོ་དགེ་འོས་སློབ་གྲྭ། ཀན་སུའུ་ཞིང་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་དགེ་རྒན་གྱི་འགན་བཞེས་པ་དང་། སློབ་མ་སྟོང་ཕྲག་མང་པོར་བོད་ཀྱི་ལོ་རྒྱུས་གཙོ་བྱས་པའི་སྒྲ་རིག་པ་དང་བསྡུས་གྲྭ། སྙན་ངག བརྡ་སྤྲོད་སོགས་སློབ་ཁྲིད་མཛད་པ་མ་ཟད། སློབ་ཁྲིད་ཀྱི་ཞོར་དུ་བོད་ཀྱི་སློབ་གསོ་དང་ལོ་རྒྱུས་སྐོར་གྱི་དཔྱད་རྩོམ་མང་བོ་《བོད་ལྗོངས་ཞིབ་འཇུག་》དང་《ཀན་སུའུ་ཞིང་ཆེན་མི་མི་རིགས་དགེ་འོས་སློབ་གླིང་གི་རིག་གཞུང་དུས་དེབ་》སོགས་ཀྱི་སྟེང་དུ་གཞོགས་བཀོད་གནང་། ལྷག་པར་དུ་སློབ་ཁྲིད་བཀོད་སྒྲིག་ལྟར་དུ་སློབ་གྲྭའི་ལོ་རྒྱུས་བསླབ་དེབ《བོད་ཀྱི་ལོ་རྒྱུས་སྤྱི་དོན་བློ་གསལ་འཇུག་ངོགས།》བརྩམས་པ་དང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་ཏེ་བཀྲམ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།