༄༅། །རྡོ་རིང་གཤོག་པ་ཅན་འཚོལ་དུ་ཕྱིན་པའི་ཟིན་ཐོ།

རྩོམ་པ་པོ།:ཆབ་འགག་རྟ་མགྲིན། ཡོང་ཁུངས།:མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། དུས་ཚོད།:2021-10-22 18:38:12 ཀློག་གྲངས།:
༄༅། །རྡོ་རིང་གཤོག་པ་ཅན་འཚོལ་དུ་ཕྱིན་པའི་ཟིན་ཐོ།
ཆབ་འགག་རྟ་མགྲིན།

[ནང་དོན་གནད་བསྡུས] དཔྱད་རྩོམ་འདིར་རྩོམ་པ་པོ་ཡུལ་དངོས་སུ་རྟོག་དཔྱོད་དུ་ཕྱིན་པའི་མཐོང་ཐོས་དངོས་ལ་བརྟེན་ནས་རྡོ་རིང་གཤོག་པ་ཅན་ཡོད་སའི་ཡུལ་བཀོད་དང་རྡོ་རིང་གི་བཟོ་བཀོད། ཆེ་ཆུང་། མཐོ་ཚད། ཞེང་ཚད། མཐུག་ཚད་སོགས་ཁྱད་ཆོས་གཙོ་བོ་རྣམས་རེ་རེ་བཞིན་ངོ་སྤྲོད་བྱས་པའི་རྨང་གཞིའི་སྟེང«རྒྱལ་པོ་བཀའ་ཐང»གི་ལུང་ཚིག་དང་སྦྲེལ་ནས། ཀྲི་ལུང་པའི་ཕུག་ཏུ“གཤོག་པ”ལྡན་པའི་རྡོ་རིང་དེ་འདྲ་ཞིག་ཡོད་པའི་རྒྱུ་མཚན་ལ་དཔྱད་པ་ཟབ་མོ་བཏང་སྟེ་རང་གི་ལྟ་ཚུལ་བརྗོད་ཅིང་། རྡོ་རིང་གི་གནས་བབ་དང་དངོས་ཡོད་གནས་ཚུལ་ལ་དམིགས་ནས་འབྲེལ་ཡོད་ཀྱི་རིག་རྫས་སྡེ་ཁག་ལ་རྡོ་རིང་དེར་ཐབས་དང་ཁྲིམས་ལུགས་ཟུང་འབྲེལ་གྱི་སྒོ་ནས་སྲུང་སྐྱོབ་གང་ལེགས་བྱེད་པའི་རེ་སྐུལ་ཞུས་ཡོད།
[གནད་ཚིག] རྡོ་རིང་གཤོག་པ་ཅན། རྟོག་དཔྱོད། ཟིན་ཐོ། 
 
གཅིག །རྡོ་རིང་གཤོག་པ་ཅན་བཙལ་བའི་གོ་རིམ།
        དེ་ཡང་བོད་ལྗོངས་སུ་རྡོ་རིང་གཤོག་པ་ཅན་ཞིག་ཡོད་པ་སྔ་མོ་ནས་ཐོས་མྱོང་རུང་དངོས་སུ་མཇལ་བའི་གོ་སྐབས་མ་བྱུང་བས། 2015ལོར«བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ»རྩོམ་སྒྲིག་ཁང་གི་བཅར་འདྲི་པ་འབའ་སྨད་རྒྱལ་ལོ་ཚེ་རིང་གིས་ཁོ་བོར་རྡོ་རིང་ཡི་གེ་ཞིབ་འཇུག་སྐོར་གྱི་དྲི་བ་འདོན་ཚེ“ཀྲིའི་ལུང་པར་རྡོ་རིང་གཤོག་པ་ཅན་ཞེས་བོད་ཀྱི་ཡི་གེ་མེད་པའི་རྡོ་རིང་རིང་ཤོས་ཤིག་ཡོད་པ་དེའི་ལོ་རྒྱུས་གསུང་རོགས”ཞེས་པ་ལའང་ཁོ་བོས“རྡོ་རིང་གཤོག་པ་ཅན་ཞེས་པ་ཐག་རིང་རྣ་ཡིས་ཐོས་མྱོང་རུང་ཐག་ཉེ་མིག་གིས་མཐོང་མ་མྱོང་ལ་དེའི་ལོ་རྒྱུས་ཀྱང་མི་ཤེས།”ཞེས་མི་བཤད་ཐབས་མེད་བྱུང་། རྒྱུ་མཚན་དེ་དང་དེའི་རྐྱེན་གྱིས་རྡོ་རིང་གཤོག་པ་ཅན་ལ་མཇལ་བའི་འདུན་པ་སྔར་ལས་ཇེ་དྲག་ཏུ་གྱུར་མོད། ད་ལྟའི་བར་བསམ་ཐོག་ལ་རྟ་མ་བརྒྱུགས། ད་ལོའི་ཟླ7པར་བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་གིས་གདན་འདྲེན་ཞུས་པ་ལྟར་སློབ་གྲྭ་དེར་ཕྱིན་ནས་ཞིབ་འཇུག་སློབ་མ་རྣམས་ལ་འཆད་ཁྲིད་བྱེད་པ་དང་། འབུམ་རམས་པའི་དཔྱད་རྩོམ་སྒོ་འབྱེད་ཀྱི་ཚོགས་འདུ་དང་རིག་ཚན་འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུར་ཞུགས་པ་སོགས་སྐབས་སུ་བབས་པའི་ལས་ཀ་ཚར་རྗེས། བོད་ལྗོངས་སློབ་ཆེན་རྩོམ་རིག་སློབ་གླིང་གིས་རླངས་འཁོར་བཀོད་སྒྲིག་བྱས་ཤིང་འགྲོ་རོགས་སུ་འབུམ་རམས་པའི་དགེ་རྒན་སྟོབས་ལྡན་དང་འབུམ་རམས་པའམ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཟླ་ཆུང་གཉིས་མངགས་པ་ལ་བརྟེན་ནས། ཟླ7པའི་ཚེས14ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་གྲོང་ཁྱེར་ལྷ་ས་ནས་ལམ་དུ་ཆས་ནས་བོད་ལྗོངས་ཀྱི་སྟག་རྩེ་རྫོང་ཚལ་གུང་ཐང་ཤང་གི་ཀྲི་ལུང་པར་རྡོ་རིང་གཤོག་པ་ཅན་འཚོལ་དུ་ཕྱིན། གྲོང་ཁྱེར་ལྷ་ས་ནས་སྤྱི་ལེ18ཙམ་ལ་སོང་བ་ན་ཀྲི་ལུང་པའི“བང་སོ་གྲུ་བཞི”སྟེ་བློན་སྟག་སྒྲ་ཀླུ་ཁོང་གི་བང་སོར་གྲགས་པ་དེའི་མདུན་དུ་སླེབས་ཤིང་། དེ་ནས་ཡང་སྤྱི་ལེ1ཙམ་ལ་ཕྱིན་རྗེས་རླངས་འཁོར་གྱི་བགྲོད་ལམ་མེད་པས་རྐང་ཐང་དུ་འགྲོ་དགོས་པར་གྱུར། དེ་ནས་ས་དེའི་མི་སེར་དར་མ་ཞིག་ལ་རྡོ་རིང་གཤོག་པ་ཅན་གང་དུ་ཡོད་པ་དང་ལམ་ཐག་ཅི་ཙམ་ཡོད་ཚུལ་འདྲི་བརྩད་བྱས་ཚེ། མི་སེར་དེས་ང་ཚོ་སྤྱི་དང་ཁྱད་པར་དུ་ཁོ་བོར་ཞིབ་ཏུ་གཟིགས་རྗེས“རྡོ་རིང་དེ་ཀྲི་ལུང་པའི་ཕུག་གི་གཡས་ངོས་ལུང་པ་ན་ཡོད། ལུང་པ་འདིའི་བྲག་ངོས་སུ་ད་དུང་མཆོད་རྟེན་ལ་སོགས་པའི་རི་མོའང་མང་དུ་ཡོད། ཁྱོད་རང་ཚོ་འདྲ་བོ་ཡིན་ན་མ་མཐའ་ཡང་དུས་ཚོད3ལྷག་ལ་འགྲོ་དགོས”ཞེས་བཤད་པས། ང་ཚོའི་དཔའ་སྤོབས་ཅུང་ཟད་ཞུམ་པར་གྱུར་མོད། ཕྱིར་ལོག་པའི་ཚོད་ལ་མ་སླེབས་པས་མི་སེར་དར་མ་དེས་བཤད་པ་ནང་བཞིན་རྡོ་རིང་གཤོག་པ་ཅན་འཚོལ་དུ་ཕྱིན། ཀྲི་ལུང་པའི་ཕུག་ཏུ་སླེབས་ཚེ་ལུང་པ་དེ་གཡས་ལུང་གཡོན་ལུང་གཉིས་སུ་ཕྱེ་ཡོད་པ་ལ་གཡས་ངོས་ལུང་བ་དེད་ནས་མུ་འཐུད་དུ་མདུན་དུ་བསྐྱོད་པ་ཡིན། ལུང་ཁོག་དོག་ཅིང་ལ་གཟར་ལ་རྡོ་མང་པར་མ་ཟད་ཆུ་བོ་དྲག་ཏུ་འབབ་པས་བགྲོད་མི་བདེ་བ་དང་། སྐབས་འགར་ད་དུང་ཆུ་བོར་ཡང་ཕར་བརྒལ་ཚུར་བརྒལ་བྱ་དགོས་པ་ཡིན། ལམ་ཁ་རྩུབ་ཅིང་རྡོ་རིང་ཡང་གར་ཡོད་གསལ་པོ་མི་ཤེས་པའི་རྐྱེན་གྱིས་སེམས་ཁྲལ་ཅུང་ཟད་བྱེད་བཞིན་མདུན་དུ་སྐྱོད་སྐབས་སྟབས་འགྲིག་པ་ཞིག་ལ་དེ་སྔའི་ང་ཚོའི་སློབ་མ་དཔལ་མཁར་རྒྱལ་དང་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་སློབ་ཁག་ཅིག་ཀྱང་རྡོ་རིང་གཤོག་པ་ཅན་ལ་མཇལ་དུ་འགྲོ་བ་དང་འཕྲད་སོང་། མ་བསྒྲིགས་ངང་གིས་འདུས་པར་ཡ་མཚར་ཞིང་རྟེན་འབྲེལ་དུ་མཐོང་ནས་དགའ་སྤྲོ་སྐྱེས་ལ། སྒོས་སུ་སློབ་མ་དཔལ་མཁར་རྒྱལ་གྱིས་རྡོ་རིང་གར་ཡོད་ཤེས་པས་ལམ་ལོག་ཏུ་འགྲོ་མི་དགོས་ལ་རྡོ་རིང་འཚོལ་ལོག་ཀྱང་བྱ་མི་དགོས་པས། བློ་བདེ་བའི་ངང་ཁོ་ཚོ་དང་མཉམ་དུ་ཕྱིན་པ་ཡིན། ས་བབ་ཇེ་མཐོར་སོང་བ་དང་བསྟུན་ནས་ཁོ་བོའི་དབུགས་ཅུང་ཟད་འཚང་བར་གྱུར་པས། སེམས་སུ་ད་ན་གཞོན་ཚོ་དང་མཉམ་དུ་ཤུགས་བརྒྱབ་ནས་སོང་ན་ལུས་པོ་མི་བདེ་བར་ཡང་འགྱུར་སྲིད། དེ་ལྟར་གྱུར་ཚེ་བདག་གཞན་ཚང་མ་མི་སྤྲོ་བར་འགྱུར་ལ་རྡོ་རིང་ལ་མཇལ་བའི་བགེགས་སུའང་འགྱུར་ལས་ཆེ་སྙམ་ནས། གོམ་ཁ་སྔར་ལས་ཇེ་དལ་དུ་བཏང་བ་ན་ན་གཞོན་ཚོའི་རྗེས་སུ་ཅུང་ཙམ་ལུས་པས་འགྲོ་རོགས་ཚོས་ཀྱང་ཁོ་བོར་སྔར་ལས་ལྟ་རྟོག་བྱེད་ཀྱིན་འདུག །དེ་ལྟར་དུས་ཚོད4དང་ཕྱེད་ཀར་སོང་རྗེས་རྡོ་རིང་གཤོག་པ་ཅན་དེ་རང་བྱུང་གི་བྲག་རི་གླང་ཆེན་གྱི་མགོ་འདྲ་བ་ཞིག་གི་གཤམ་འོག་ཏུ་ཡོད་པ་མཐོང་བྱུང་། གནས་དེ་མཚོ་ངོས་ལས་སྨི4719ཡོད་པ་ཡིན། མི་ཚང་མས་དུས་ཚོད་མང་པོར་རྐང་པ་བརྒྱབ་པས་ཧ་ཅང་ཐང་ཆད་ཡོད་རུང་རྡོ་རིང་གཤོག་པ་ཅན་དངོས་སུ་མཇལ་ཐུབ་པ་བྱུང་བས། ངལ་བ་ངང་གིས་ཡལ་ཞིང་བཞིན་གྱི་མདངས་ཕྱུང་ནས་རྒྱལ་ཁའི་ཀི་སྒྲ་སྒྲོག་གིན་འདུག །
གཉིས། རྡོ་རིང་གཤོག་པ་ཅན་གྱི་བཟོ་བཀོད། 
        རྡོ་རིང་འདི་ནི་ཀྲི་ལུང་པའི་གཡས་ངོས་ལུང་ཕུག་གི་རང་བྱུང་གི་བྲག་རི་གླང་ཆེན་གྱི་མགོ་འདྲ་བ་ཞིག་གི་གཤམ་འོག་ཏུ་འཕྲེད་དུ་བཞག་ཡོད། དེའི་མཐོ་ཚད་ལ་སྨི7.20དང་། རྟིང་གི་ཞེང་ལ་སྨི1.15དང་། དཀྱིལ་གྱི་ཞེང་ལ་སྨི1.01དང་། རྩེའི་ཞེང་ལ་སྨི0.40དང་། གཤོག་པ་དང་བཅས་པའི་ཞེང་ལ་སྨི1.27དང་། མཐུག་ཚད་ལ་སྨི0.61བཅས་ཡོད། རྡོ་རིང་འདིའི་མཐོ་ཚད་དང་ཞེང་ཚད། བོངས་ཚད་སོགས་གང་གི་ཆ་ནས་ཀྱང་བཙན་པོའི་དུས་ཀྱི་རྡོ་རིང་ཀུན་ལས་མཐོ་ཞིང་ཆེ་ལ། རྡོའི་ཁ་དོག་དང་སྤུས་ཀའང་ཞོལ་རྡོ་རིང་ཕྱི་མ་དང་ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་། ཁྲི་ལྡེ་སྲོང་བཙན་བང་སོ་མདུན་གྱི་རྡོ་རིང་བཅས་དང་མི་འདྲ་བར་ཁ་དོག་ཅུང་ཟད་སྔོ་ལ་སྤུས་ཀ་སྲ་ཞིང་འཐས་པ་རྒྱལ་སྡེ་སྐར་ཆུང་ལྷ་ཁང་གི་རྡོ་རིང་དང་ཀུན་ནས་འདྲ་བ་ཡིན། རྡོ་རིང་གི་ངོས་ཡོངས་སུ་ཡི་གེ་གཅིག་ཀྱང་བཀོད་མེད། འདིའི་བཟོ་དབྱིབས་ནི་གྲུ་བཞི་ནར་མོ་ཞིག་ཡིན་ཅིང་འགྲམ་གཉིས་སུ“གཤོག་པ”གསུམ་གསུམ་དྲུག་ཡོད། རྡོ་རིང་འདིའི་བཟོ་བཀོད་ཉ་ཞིག་དང་འདྲ་བ་ཡིན་པས། འདིའི་མིང་ལ“རྡོ་རིང་གཤོག་པ་ཅན”ཟེར་དོན་ཡང་གསེར་མིག་ཉ་ལ་ལྟོས་ནས་བཏགས་པ་ཡིན་ཀྱི། འདབ་ཆགས་བྱ་ལ་ལྟོས་ནས་བཏགས་པ་མིན་པར་སྙམ།
གསུམ། རྡོ་རིང་གཤོག་པ་ཅན་མཇལ་བའི་ཚོར་སྣང་། 
        རྡོ་རིང་འདིའི་གཞུང་ངོས་དང་འགྲམ་གཉིས། “གཤོག་པའི”སྟེང་བཅས་སུ་གཟོང་གིས་བཟོས་པའི་རྗེས་ཤུལ་གསལ་ལེར་མངོན་རུང་གཞུང་ངོས་སུ་ཡི་གེ་གཅིག་ཀྱང་མེད་པ་དང་། མགོར་སྤྲོད་རྒྱུའི་བླ་ཁེབས་དང་ཏོག །ཞབས་སུ་འཇོག་པའི་འབབ་སྟེགས་སོགས་མ་མཐོང་ལ་དེ་དག་སྤྲོད་སའི་ཕ་ཁའང་བཏོད་མེད་ཅིང་། འགྲམ་གཉིས་སུ“གཤོག་པ”གསུམ་གསུམ་དྲུག་ཡོད་པའི་སྣང་ཚུལ་འདི་དག་མཐོང་མ་དག་ཡིད་ཀྱི་མེ་ལོང་ངོས་སུ«རྒྱལ་པོ་བཀའ་ཐང»དུ་གཙིགས་ཀྱི་རྡོ་རིང་བཞེངས་པའི་གོ་རིམ་དང་སྒྲིག་སྲོལ་བསྟན་པ་སྟེ། “གཙུག་ལག་ལྷ་ཁང་ཚར་བའི་དུས་སུ་ནི། སྟོང་སྡེ་ཕྱོགས་ཀྱི་མི་རྣམས་ཀུན་ཚོགས་ནས། རིན་ཅེན་རྡོ་ལ་འཕྲུལ་གྱིས་འཁྱགས་ལུང་བཏགས། །རྒྱལ་པོའི་དྲུང་དུ་བདེ་བླག་དྲངས་ནས་ནི། །རིག་པ་ཅན་གྱི་རྡོ་བཟོ་མཁན་རྣམས་ཀྱིས། །ལྕགས་ཞུན་རྡོ་རྗེ་ཕ་ལམ་བཏབ་ནས་ནི། །འཕྲུལ་གྱི་བཟོ་བོས་གཟོང་ཐོགས་ལག་གིས་བདར། །ཇི་ལྟར་རྡོ་རིང་བཟོ་ལེགས་བཙུགས་པ་ནི། །ཡབ་མེས་རྒྱལ་པོས་ཇི་ལྟར་མཛད་ཚུལ་དང་། །ཐང་ཡིག་རྒྱལ་པོའི་བཀའ་ལུང་བསྩལ་བ་བྲིས། །རྒྱལ་པོ་དགེ་སྤྱོད་སྒོ་མོ་རྣམ་བཞི་ལ། །སྲོང་གི་བང་སོ་ཆེ་བའི་ཡོན་ཏན་དང་། །བཞུགས་ཀྱི་སྐུ་མཁར་བཞེངས་ཀྱི་ལྷ་ཁང་དང་། །རྩིས་ཀྱི་རྡོ་རིང་རྣམ་པ་བཞི་ལ་ནི། །རབ་གནས་མཛད་དུས་སྟོང་སྡེའི་མི་རྣམས་ཚོགས། །ལོ་པཎ་གྲུབ་ཐོབ་བླ་མཆོད་རྣམས་ལ་ནི། །ཚོགས་ཀྱི་འཁོར་ལོའི་དགའ་སྟོན་བྱས་ནས་སུ། །བོད་ཀྱི་བདེ་སྐྱིད་གཟིགས་མོ་སྣ་ཚོགས་བྱས། །”ཞེས་བཀོད་པ་ཅིག་ཅར་དུ་ཤར་བྱུང་། «རྒྱལ་པོ་བཀའ་ཐང»གི་ལུང་ཚིག་འདི་ལྟར་ན་བཙན་པོའི་དུས་སྐབས་སུ་སྲིད་གཞུང་ལ་བཀའ་གཙིགས་ཀྱི་རྡོ་རིང་བཞེང་བའི་དགོས་པ་བྱུང་ཚེ། ཐོག་མར་སྟོང་སྡེའི་ཕྱོགས་ཀྱི་འབངས་རྣམས་ཀྱིས་རྡོ་རིང་བཟོ་བར་འོས་པའི་རྡོ་འཚོལ་བ་དང་། རྡོ་བཙལ་ནས་རྙེད་རྗེས་དེ་ལ་ཐག་པ་སོགས་ཀྱི་འཁྱགས་ལུང་ངམ་ཡར་འགྱོག་བྱེད་ཀྱི་ཨ་ལུང་བཏགས་ནས་བཙན་པོའི་སྤྱན་སྔར་དྲངས་ཏེ་རྡོའི་ཆེ་ཆུང་དང་ཁ་དོག་ལེགས་མིན། སྤུས་ཀ་བཟང་ངན་སོགས་ལ་གཟིགས་སུ་འཇུག་དགོས། བཙན་པོས་གཟིགས་ནས་བཀས་གནང་རྗེས། ད་གཟོད་རྡོ་བཟོ་རིག་པ་ཅན་རྣམས་ཀྱིས་ཞིབ་ཏུ་བརྐོ་བཟོ་བདར་གསུམ་བྱས་ཐོག་རྒྱལ་བློན་གང་རུང་གི་མཛད་རྗེས་དང་གཙུག་ལག་ཁང་གི་དཀར་ཆག་དང་འབྲེལ་བའི་བཀའ་གཙིགས་ཀྱི་ཡི་གེ་བཀོད་ནས་འཛུགས་པའི་ཚེ། ད་དུང་རྗེ་འབངས་རྣམས་ལྷན་དུ་འཚོགས་ཤིང་ལོ་པཎ་དང་གྲུབ་ཐོབ་བླ་མཆོད་རྣམས་ཀྱིས་རབ་གནས་མཛད་དེ་དགྱེས་སྐྱེམས་སྟོན་མོ་བྱ་དགོས་པ་རེད། དེས་ན“གཤོག་པ”ལྡན་པའི་རྡོ་རིང་འདི་ཡང་རྡོ་རིང་བཟོ་འཕྲོར་ལུས་པ་ཞིག་ཡིན་པ་ལས་མགོ་རྟིང་ཆ་ཚང་བའི་རྡོ་རིང་ཚད་མ་ཞིག་མ་ཡིན་ཏེ། སྟོང་སྡེ་རྣམས་ཀྱིས་བཙན་པོ་སྲིད་གཞུང་ངམ་བོད་ས་གནས་སྲིད་གཞུང་གི་བཀའ་བཀོད་ལྟར་རྡོ་རིང་བཟོ་བྱེད་ཀྱི་རྡོ་བཙལ་ནས་རྙེད་རྗེས། བཙན་པོའམ་བོད་ས་གནས་སྲིད་གཞུང་གི་བདག་པོའི་སྤྱན་སྔར་འདྲེན་བདེ་བའི་ཆེད་དུ་རང་བྱུང་གི་རྡོ་གླེགས་ལ་གཟོང་གིས་ལས་སྣོན་རགས་ཙམ་བྱས་ནས་མཁོ་བ་མེད་པའི་ཆ་རྣམས་དོར་ལ། འགྲམ་གཉིས་སུ“གཤོག་པ”གསུམ་གསུམ་དྲུག་བཟོས་ནས་ཐག་པ་སོགས་ཀྱི་འཁྱགས་ལུང་ངམ་འགྱོགས་ལུང་འདོགས་ས་བྱས་པར་ངེས། རྡོ་རིང་འདིའི་མཐོ་ཚད་དང་ཞེང་ཚད། བོངས་ཚད་གང་ཡིན་ཡང་བཙན་པོའི་དུས་ཀྱི་རྡོ་རིང་ཀུན་ལས་མཐོ་ཞིང་ཆེ་བའི་ཆ་ནས་བརྟགས་ནའང་འདི་སྲིད་གཞུང་ཞིག་གི་ལས་གཞི་ཡིན་པ་ལས་མི་སྒེར་དང་གཙུག་ལག་ཁང་ག་གེ་མོའི་སྟོབས་ཀྱིས་ནུས་པ་ཞིག་མིན་པ་རྟོགས་ཐུབ། ཡིན་ནའང་རྡོ་རིང་འདི་བཙན་པོའི་དྲུང་ངམ་བཞེངས་སའི་གནས་སུ་འདྲེན་ལོང་མ་བྱུང་བར་རྡོ་རིང་བཞེང་མཁན་གྱི་ཐུགས་དགོངས་སམ་རྡོ་རིང་བཞེང་བའི་འཆར་བཀོད་ལ་འགྱུར་བ་བྱུང་བ་དང་། ཡང་ན་དུས་ཟིང་བྱུང་བ་སོགས་རྒྱུ་རྐྱེན་གང་རུང་ལ་བརྟེན་ནས་ད་ལྟའི་བར་ལུང་པ་ཁུག་ཀྱོག་འདིར་ལུས་པར་སྙམ།
        མདོར་ན་རྡོ་རིང་བཟོ་འཕྲོ་འདི་ནི«རྒྱལ་པོ་བཀའ་ཐང»དུ་གཙིགས་ཀྱི་རྡོ་རིང་བཞེངས་པའི་གོ་རིམ་དང་སྒྲིག་སྲོལ་བསྟན་པ་དེའི་དཔེ་དཔང་དངོས་ཡིན་ནོ། །གོང་དུ་ཞུས་པ་བཞིན་རྡོ་རིང་གཤོག་པ་ཅན་ནི་བོད་བཙན་པོའི་དུས་སུ་གཙིགས་ཀྱི་རྡོ་རིང་བཞེང་བའི་གོ་རིམ་དང་སྒྲིག་སྲོལ་མཚོན་པའི་དཔེ་དཔང་དངོས་ཡིན་པས་རིག་གནས་དངོས་རྫས་ཀྱི་རིན་ཐང་ཆེན་པོ་ལྡན་ལ། འདི་དང་འབྲེལ་བའི་ ལོ་རྒྱུས་རྒྱབ་ལྗོངས་ཏེ། དང་པོར་དགོས་པ་གང་ལ་དམིགས་ཏེ་རྡོ་གླེགས་བཙལ་ནས་ལས་སྣོན་བྱས་པ་དང་། རྗེས་སུ་རྒྱུ་རྐྱེན་གང་གི་དབང་གིས་རྡོ་རིང་བཞེངས་མཚམས་བཞག་པའི་ལོ་རྒྱུས་གསལ་བར་བྱས་ན། རྡོ་རིང་འདི་ལོ་རྒྱུས་ཀྱི་དཔང་པོ་རྩ་ཆེན་ཡང་ཡིན་པས་འདི་ལ་སྲུང་སྐྱོབ་གང་ལེགས་བྱ་དགོས་ཀྱང་ད་སྔ་ལུང་པ་ཁུག་ཀྱོག་ཏུ་མགོན་མེད་བདག་མེད་དུ་ལུས་འདུག །དུས་ཡུན་རིང་པོར་འདི་ལྟར་སྣང་མེད་དུ་བསྐྱུར་བ་ཡིན་ན། སྟོད་ནས་བྲག་རི་བསྙིལ་བའི་ཉེན་ཁ་དང་གཤམ་ནས་ཆུ་ལོག་གིས་འཇིག་ཉེན་ཧ་ཅང་ཆེ་བས། རྡོ་རིང་འདིའི་ལོ་རྒྱུས་རྒྱབ་ལྗོངས་ངོ་མ་མཁྱེན་མཁན་དང་ཡང་ན་འདིའི་སྐོར་གྱི་ཡིག་ཚངས་ཁུངས་ཐུབ་ཡོད་མཁན་ཚོས་ངོ་སྤྲོད་གསལ་པོ་དང་ཞིབ་འཇུག་ཟབ་མོ་བྱེད་པ་དང་ཆབས་ཅིག །འབྲེལ་ཡོད་རིག་རྫས་སྡེ་ཁག་གིས་ཀྱང་རྡོ་རིང་འདིར་དོ་སྣང་བྱས་ནས་ཐབས་དང་ཁྲིམས་ལུགས་ཟུང་འབྲེལ་གྱི་སྒོ་ནས་སྲུང་སྐྱོབ་གང་ལ་གང་འཚམ་བྱས་ན་ལོ་རྒྱུས་དང་དངོས་ཡོད་ཟུང་གི་དོན་སྙིང་ཆེན་པོ་ལྡན་པར་སྙམ་མོ། །

ཆབ་འགག་རྟ་མགྲིན། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ།》 (བོད་ཡིག)ཀྱི་གཙོ་སྒྲིག་པ་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཡིན།

ཡོང་ཁུངས། མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། 2020ལོའི་དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།