ངོས་དང་པོ > རྩོམ་རིག > རྩོམ་རིག་དཔྱད་བརྗོད། > ༄༅། །བོད་ཀྱི་དེང་རབས་སྒྲུང་གཏམ་གྱི་དེང་རབས་ཀྱི་ཆ་ལ་གསར་དུ་དཔྱད་པ།
༄༅། །བོད་ཀྱི་དེང་རབས་སྒྲུང་གཏམ་གྱི་དེང་རབས་ཀྱི་ཆ་ལ་གསར་དུ་དཔྱད་པ།
རྩོམ་པ་པོ།:ཚེ་དབང་རྣམ་རྒྱལ།
ཡོང་ཁུངས།:ཀྲུང་གོའི་བོད་རིག་པ། 2020ལོའི་དེབ་གསུམ་པ།
དུས་ཚོད།:2021-10-25 11:15:40
ཀློག་གྲངས།:
༄༅། །བོད་ཀྱི་དེང་རབས་སྒྲུང་གཏམ་གྱི་དེང་རབས་ཀྱི་ཆ་ལ་གསར་དུ་དཔྱད་པ།
«སྦྲང་ཆར»(1981—2010)དུ་བཀོད་པའི་སྒྲུང་གཏམ་གཞིར་བཟུང་བ།
ཚེ་དབང་རྣམ་རྒྱལ།
ནང་དོན་གནད་བསྡུས། འཛམ་གླིང་རྩོམ་རིག་ལ་མཚོན་ན། དེང་རབས་སྒྲུང་གཏམ་ནི་དུས་རབས་བཅུ་དགུ་བའི་དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་དང་མི་འདྲ་བའི་སྒྱུ་རྩལ་གྱི་མཚོན་ཐབས་རང་རྐྱ་འཕེར་བ་ཞིག་ཡིན་ལ། དེ་ནི་གསར་རྩོམ་གྱི་ཁྱད་ཆོས་དང་མཛེས་དཔྱོད་ཀྱི་ལྟ་བ་ཐ་དད་པ་ཞིག་གི་ངོས་ནས་འཇོག་གིན་ཡོད། འཛམ་གླིང་སྤྱི་མཐུན་གྱི་ངོས་འཛིན་འདི་ཉིད་ལྟར་སོང་ཚེ། བོད་ཀྱི་དེང་རབས་སྒྲུང་གཏམ་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་མགོ་ནས་བྱུང་བ་མ་ཡིན་པར། ལོ་རབས་བརྒྱད་ཅུ་པའི་དུས་དཀྱིལ་ལ་མྱུ་གུ་ཙམ་འབུས་ཤིང་། དུས་རབས་ཉི་ཤུ་པའི་དུས་མཇུག་དང་ཉེར་གཅིག་པའི་དུས་མགོ་ནས་བཟུང་ད་གཟོད་ཁྱོན་ཡོངས་ནས་དེང་རབས་ལ་ཕྱོགས་མགོ་ཚུགས་པ་ཞིག་རེད།བརྡ་ཆད་གཙོ་བོ། དེང་རབས་སྒྲུང་གཏམ། བོད་ཀྱི་དེང་རབས་སྒྲུང་གཏམ། སྤྱི་ཚོགས་ཀྱི་དེང་རབས་རང་བཞིན། མཛེས་དཔྱོད་ཀྱི་དེང་རབས་རང་བཞིན།
རྩོམ་རིག་ཞིབ་འཇུག་གི་སྡེ་རུ། བོད་ཀྱི་དེང་རབས་རྩོམ་རིག་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་བྱུང་བར་ཁས་འཆེས་ལ། དེ་བཞིན་དུ་བོད་ཀྱི་དེང་རབས་སྒྲུང་གཏམ་ཡང་སྐབས་དེ་ནས་བཟུང་དར་བར་འདོད་པ་ནིད་ལྟ་ཡོངས་གྲགས་ཀྱི་ལྟ་བ་ཞིག་ཏུ་གྱུར་ཡོད། འོན་ཏེ་འཛམ་གླིང་སྤྱི་མཐུན་གྱི་ངོས་འཛིན་ལྟར་གང་དེའི་དེང་རབས་རང་བཞིན་ཞེས་པ་མཛེས་དཔྱོད་ཀྱི་དེང་རབས་རང་བཞིན་ལ་ངོས་འཛིན་བྱས་ཚེ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་མགོ་ནས་བཟུང་བོད་ལ་དེང་རབས་སྒྲུང་གཏམ་བྱུང་བར་རློམ་པའི་ལྟ་བ་དེས་རྐང་མི་ཚུགས་ཤིང་། བོད་ཀྱི་སྒྲུང་གཏམ་གསར་རྩོམ་དེང་རབས་ལ་ཕྱོགས་པའི་དུས་མཚམས་ཀྱང་བསྐྱར་དུ་འཇོག་དགོས་པར་འགྱུར་ལ། དེ་ལྟར་བྱུང་ན་ནི་བོད་ཀྱི་སྒྲུང་གཏམ་ཞིབ་འཇུག་དེ་འཛམ་གླིང་རྩོམ་རིག་ཞིབ་འཇུག་གི་སྤྱི་སྲོལ་དང་ཡང་མཐུན་པར་འགྱུར་རོ། །
དང་པོ། བོད་ཀྱི་སྒྲུང་གཏམ་གསར་པའི་དེང་རབས་རང་བཞིན་གྱི་དོགས་དཔྱོད།
བོད་ཀྱི་སྒྲུང་གཏམ་གསར་པའི་དེང་རབས་རང་བཞིན་གླེང་བ་ལ། ཐོག་མར་དེང་རབས་རང་བཞིན་ཞེས་པ་ཅི་འདྲ་ཞིག་ཡིན་པ་རྟོགས་དགོས་ཏེ། མུ་ཐཱ་ཡེ་ཁ་ལིན་ནེ་སི་ཁོ་(马泰-卡林内斯库)ཡི«དེང་རབས་རང་བཞིན་གྱི་ངོ་གདོང་རྣམ་ལྔ»ཞེས་པ་རུ། “སྒྱུ་རྩལ་དང་སྤྱི་ཚོགས་ཀྱི་འབྲེལ་བའི་ཐད་ནས་གླེང་ཚེ། ངས་ནི་སྔོན་མར་རང་ཉིད་ཀྱིས་དེང་རབས་རང་བཞིན་འདི་ཉིད་འགལ་བ་ལྟག་སྤྲོད་ཀྱི་རྣམ་གྲངས་གཉིས་སུ་ཕྱེ་བ་དེ་བསྐྱར་དུ་གླེང་དགོས་པར་འགྱུར་ཏེ། གཅིག་ནི་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སུ་བྱུང་བའི་དེང་རབས་རང་བཞིན་ཡིན་ལ། དེ་ནི་བཟོ་ལས་གསར་བརྗེ་དང་ཚན་རིག་གསར་བརྗེ། ད་དུང་མ་རྩ་རིང་ལུགས་ལ་ཡོ་རོབ་ནུབ་མ་རུ་རྒྱལ་ཁ་ཐོབ་རྗེས་སུ་བྱུང་བ་དེ་ལ་བྱ་ཞིང་། ཅིག་ཤོས་ནི་ངོ་བོའི་ཆ་ནས་རིག་པའི་བརྒལ་བརྟག་ཏུ་འགྲོ་བའི་མཛེས་དཔྱོད་ཀྱི་དེང་རབས་རང་བཞིན་ཏེ། གང་དེའི་ཕྱི་མོ་བྷོ་རྡི་ལེ་ཨར་ལ་གཏུག་ཆོག”1ཅེས་དེང་རབས་ཞེས་པ་འདིར་སྤྱི་ཚོགས་ཀྱི་དེང་རབས་རང་བཞིན(社会现代性)དང་། མཛེས་དཔྱོད་ཀྱི་དེང་རབས་རང་བཞིན་(审美现代性)གཉིས་སུ་ཕྱེ་ཡོད་པ་བཞིན། འདིར་སྐབས་སུ་བབས་པའི་སྒྲུང་གཏམ་གྱི་དེང་རབས་རང་བཞིན་ནི་མཛེས་དཔྱོད་ཀྱི་དེང་རབས་རང་བཞིན་ལ་གཏོགས་པས། མཛེས་དཔྱོད་ཀྱི་ཆ་ནས་བསམ་བློ་གཏོང་དགོས་པ་ནི་ཆེས་ཐོག་མར་ངེས་དགོས་པའི་གནད་ཅིག་ཡིན་ལ། མཛེས་དཔྱོད་ཀྱི་ཆ་ནས་བསམ་བློ་བཏང་ཚེ། དེང་རབས་སྒྲུང་གཏམ་ལ་དུས་རབས་བཅུ་དགུ་པའི་དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་དང་མི་འདྲ་བའི་གསར་རྩོམ་གྱི་ཁྱད་ཆོས་དུ་མ་ཞིག་མཆིས་ཤིང་། ཁྱད་ཆོས་དེ་དག་ལ་རིགས་བསྒྲེས་ཏེ་དཔྱད་ཚེ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པར་བྱུང་བའི་བོད་ཀྱི་སྒྲུང་གཏམ་ཕལ་མོ་ཆེ་ལས་སྒྲུང་གཏམ་གྱི་དེང་རབས་རང་བཞིན་ནམ། དེང་རབས་སྒྲུང་གཏམ་ལ་ཡོད་འོས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་མཛེས་དཔྱོད་ཀྱི་ལྟ་བ་དག་རྙེད་དཀའ་བར་འགྱུར་ན། སྐབས་དེར་བྱུང་བའི་སྒྲུང་གཏམ་བྱིངས་དང་། ཐ་ན་དུས་རབས་ཉེར་གཅིག་གི་ཚུན་ལ་བྱུང་བའི་སྒྲུང་གཏམ་རེ་ཟུང་ཡང་དེང་རབས་སྒྲུང་གཏམ་ལ་འཇོག་ཐབས་མེད་པར་འགྱུར། དེས་ན་ཐོག་མར་སྤྱིར་དེང་རབས་སྒྲུང་གཏམ་ཞེས་པ་དེར་ཡང་སྙིང་ཁྱད་ཆོས་ཇི་འདྲ་ཞིག་ལྡན་དགོས་མིན་གྱི་གནད་ནས་དཔྱད་པར་བྱའོ། །
གཅིག དེང་རབས་སྒྲུང་གཏམ་གྱི་དེང་རབས་རང་བཞིན།
དེང་རབས་སྒྲུང་གཏམ་གྱི་དེང་རབས་རང་བཞིན་ནམ། གསར་རྩོམ་གྱི་ཁྱད་ཆོས་ནི་གཙོ་བོ་དངོས་ཡོད་རིང་ལུགས་ཀྱི་རྩོམ་སྲོལ་དང་ལྟོས་ས་ལྟོས་འཇོག་གིས་བཞག་པ་ཞིག་ཡིན་ཏེ། དེང་རབས་སྒྲུང་གཏམ་ཞེས་པ་ནི་སྲོལ་རྒྱུན་སྒྲུང་གཏམ་(དངོས་ཡོད་རིང་ལུགས)གྱི་རྩོམ་པའི་རྣམ་གཞག་ལ་ཚོད་བགམ་པའམ། ཐོད་བརྒལ་བྱུང་བའི་ཆ་ཞིག་ནས་དེང་རབས་སུ་གྱུར་པ་ལས་གཞན་གང་ཡང་མིན་པས་སོ། །དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་ལ་ཆ་བཞག་ན། བྱུང་རིམ་ཆ་ཚང་ཞིག་གི་མགོ་རྐང་བསྒྲིག་རྒྱུ་ནི་རང་ཉིད་ཀྱི་ཁྱད་ཆོས་གལ་ཆེན་ཞིག་ཏུ་གྱུར་ཡོད། འོན་ཏེ་དེང་རབས་སྒྲུང་གཏམ་གྱིས་ཐོག་མར་ཏག་ཏག་བྱུང་རིམ་གྱི་ཆ་འདི་ནས་དངོས་ཡོད་རིང་ལུགས་ལ་ཚོད་བགམས་པ་ཡིན་ཏེ། “བྱུང་རིམ་སྟེ། དོན་དག་བྱུང་བའི་གཏན་ཚིགས་ཀྱི་གོ་རིམ་མམ། ཡང་ན་ཝེ་ཁི་ཁྲོ་རེན་དུས་སྐབས་(维多利亚时期)སུ་མེད་དུ་མི་རུང་བའི་སྒྲུང་གཏམ་གྱི་གྲུབ་ཆ་གལ་ཆེན་འདི་ཉིད་དེང་རབས་སྒྲུང་གཏམ་གྱི་ཁྲོད་དུ་གཞི་ནས་རབ་རིབ་"ཅིག་ལས་གཟུང་དུ་མེད་པར་གྱུར་པ་སྟེ། དཔེར་ན། མར་སེའོ་ཕུའུ་རཱ་སི་ཐྲི་(马塞尔·普鲁斯特)ཡི་སྒྲུང་གཏམ་ཆེན་མོ«འདས་པའི་དུས་ཀྱི་ཕྱིར་དྲན་» «追忆似水年华»ནི་ཡིག་འབྲུ་ས་ཡ་གསུམ་སྟེ། པོད་ཆེན་པོ་བདུན་གྱི་བདག་ཉིད་ཅན་ཞིག་ཡིན་མོད། གཞུང་ཚད་ཀྱི་ཕུང་པོ་གཏོས་ཆེ་བ་དེ་རུ་རྩོམ་པ་པོས“ངའི་"རྣམ་རྟོག་ཇི་སྙེད་ཅིག་གི་འཁྱུག་སྟངས་ཇི་ལྟར་མངོན་པའི་ཐད་ལ་འབད་པ་ལས། དོན་གྱི་བྱུང་རིམ་ཇི་བཞིན་དུ་བསྟར་བའི་ལས་ལ་ངལ་བ་ཆེས་ཆེར་བསྟེན་མེད་པ་དང་། ལྗེམ་སི རྫོ་ཡེ་སི་(詹姆斯·乔伊斯)«ཡི་ལེ་སེ་བཟི» «尤利西斯»ལ་མཚོན་ནའང་། མི་སྣ་གསུམ་པོའི་ཉིན་གཅིག་གི་འཚོ་བའི་དྲན་སྣང་དུ་མ་ཞིག་ལས་བྱུང་རིམ་གལ་ཆེན་ཞིག་ཐོག་མཐའ་བར་གསུམ་དུ་ནག་འགྲོས་སུ་དེད་མེད་ལ། དོན་གྱི་བྱུང་རིམ་ཆེན་པོ་དག་ཆེས་ཆེར་བསྐྱུངས་ཤིང་། མི་སྣ་གསུམ་གྱི་ཉིན་གཅིག་གི་མཐོང་ཐོས་ཙག་ཙིག་དག་ཆེས་ཆེར་སྤྲོས་ཏེ་པོད་ཆེན་པོ་སྟོད་སྨད་གཉིས་ཀྱི་གཞུང་ཚད་ཅིག་བསྐྲུན་པ་ནི་མ་གཞི་ནས་བྱུང་རིམ་ལ་ཚོད་བགམས་པ་ཞིག་ཏུ་གྱུར་ཡོད། དེང་རབས་སྒྲུང་གཏམ་གྱིས་བྱུང་རིམ་བསྐྱུངས་པའམ། བྱུང་རིམ་ལ་ཚོད་བགམས་པ་ཙམ་དུ་མ་ཟད། སྐབས་ལ་ལར་བྱུང་རིམ་ཡལ་བར་དོར་བའི་སྐབས་ཀྱང་ཡོད་པ་ཏོ་རི་སེ་རའེ་ཁྲར་རྡུ་སིན་(多萝西·理查德森)གྱི«གནས་མཇལ» «朝圣之旅»ལྟ་བུས་ཀྱང་མཚོན། འདི་ལས་དངོས་ཡོད་རིང་ལུགས་དང་དེང་རབས་སྒྲུང་གཏམ་གཉིས་ཀའི་བྱུང་རིམ་ཐད་ཀྱི་ཁྱད་པར་ངེས་ཅན་ཞིག་རྟོགས་ཐུབ་སྟེ། ཁྱད་པར་དེ་ཉིད་དཔེ་རིས་ཤིག་གིས་མཚོན་པ་ཡིན་ན། དངོས་ཡོད་རིང་ལུགས་ཀྱི་བྱུང་རིམ་ནི་ཚེག་Aནས་Bབར་དུ་ཤར་མར་འཐེན་པའི་དྲང་ཐིག་ཅིག་ཏུ་འགྲུབ་སྲིད་ལ། དེང་རབས་སྒྲུང་གཏམ་ནི་ལྟེ་བ་Aནས་བཀྱེས་ཏེ་ཕྱོགས་བཞི་མཚམས་བརྒྱད་དུ་འཕྲོས་པའི་སྒོར་དབྱིབས་ཤིག་ཏུ་འགྱུར་ངེས་པ་གཤམ་གྱི་དཔེ་རིས་ཁག་གཉིས་ལས་མངོན་པ་ལྟར་རོ། །
གོང་གསལ་དཔེ་རིས་གཉིས་ལས་མཚོན་པ་ལྟར། དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་ནི་གཙོ་བོ་གཏམ་རྒྱུད་ཀྱི་དུས་ཚོད་(故事时间)དབང་བཙན་པར་བྱས་པས་དྲང་ཐིག་ཅིག་གི་རྣམ་པས་མདུན་ནས་མདུན་ལ་སྐྱོད་ཅིང་། དེང་རབས་རིང་ལུགས་ཀྱི་སྒྲུང་གཏམ་ནི་སྤྲོས་བརྗོད་ཀྱི་དུས་ཚོད་(叙述时间)2དབང་བཙན་པར་བྱས་པས་ལྟེ་བ་གཅིག་ནས་ཕྱོགས་བཞིར་འགྱེད་ཅིང་འཕྲོ་བའི་སྤྲོས་བརྗོད་བྱེད་སྟངས་ཤིག་ཏུ་མངོན་པས། བྱུང་རིམ་གྱི་ཆ་ནས་བལྟས་ཚེ། དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་ནི་དྲང་ཐིག་ཅིག་དང་དེང་རབས་རིང་ལུགས་ཀྱི་སྒྲུང་གཏམ་ནི་སྒོར་དབྱིབས་ཤིག་ཏུ་བཟུང་ཆོག་པར་སེམས།
དེས་ན་འདི་ནི་དེང་རབས་སྒྲུང་གཏམ་དང་དངོས་ཡོད་རིང་ལུགས་གཉིས་ཀའི་ཁྱད་པར་གཙོ་བོ་དེ་ཡིན་ལ། བྱུང་རིམ་གྱི་ཆ་ནས་ཁྱད་པར་འདི་འདྲ་ཞིག་བྱུང་བ་དེས་ཁྱད་པར་གཞན་དུ་མ་ཞིག་ཀྱང་སྐྱེད་པར་བྱེད་དེ། དངོས་ཡོད་རིང་ལུགས་ཀྱིས་བྱུང་རིམ་གཙོ་བོར་འཛིན་པ་ནི་གང་དེས“བདེན་པའི་རང་བཞིན"ཞེས་པའི་སྒྱུ་རྩལ་གྱི་རྩ་དོན་ཞིག་གཙི་བས་ཡིན་ལ། “བདེན་པའི་རང་བཞིན”ཞེས་པ་ནི་སྤྱི་ཚོགས་འཚོ་བ་དངོས་དང་དོན་གྱི་བྱུང་བ་ངེས་ཅན་ཞིག་གིས་མཚོན་དགོས་པར་འགྱུར་བས། སྤྱི་ཚོགས་འཚོ་བ་དང་དོན་གྱི་བྱུང་བའི“བདེན་པའི་རང་བཞིན”དེ་ཉིད་མཚོན་སླད། དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་གྱིས་རང་དབང་མེད་པར་དགག་གཞག་དང་སུན་འབྱིན་གྱི་སྤྲོས་བརྗོད་ཀྱི་ལངས་ཕྱོགས་ཤིག་འཛིན་དགོས་པར་གྱུར་ཡོད། འོན་ཏེ་དེང་རབས་སྒྲུང་གཏམ་གྱིས་བྱུང་རིམ་གྱི་ངལ་བ་མི་བསྟེན་ལ། སྤྱི་ཚོགས་ཀྱི་དོན་དངོས་མཚོན་པའི་ཨུ་ཚུགས་ཀྱང་མི་བྱེད་པས། སྒྲུང་གཏམ་གྱི་སྤྲོས་བརྗོད་ནི་དགག་གཞག་དང་སུན་འབྱིན་གྱི་ཕྱོགས་སུ་མ་ལྷུང་བར་གཟུ་བོར་གནས་པའི་ཚུལ་དུ་མངོན་ཏེ། རའོ་ལན་རྡུ་བྷར་ཐྲིའི་སྐད་ཆ་ལྟར་བཤད་ན“གསར་རྩོམ་གྱི་ཐིག་ལེའི་"(写作的零度)3རྣམ་འགྱུར་ཞིག་འཛིན་ཐུབ་ཡོད། དེས་ན་ཕྱོགས་སུ་མ་ལྷུང་བའི་སྤྲོས་བརྗོད་ཀྱི་ལངས་ཕྱོགས་འདིའང་དངོས་ཡོད་རིང་ལུགས་དང་ཐ་དད་དུ་གྱུར་པའི་དེང་རབས་སྒྲུང་གཏམ་གྱི་ཁྱད་ཆོས་ཤིག་ཏུ་བགྲང་རུང་བ་ཡིན། ཕྱོགས་སུ་མ་ལྷུང་བའི་སྤྲོས་བརྗོད་ཀྱི་ལངས་ཕྱོགས་ཤིག་བསྟེན་ཐུབ་པར་གྱུར་པ་ནི་གཙོ་བོ་སྒྲུང་གཏམ་གསར་རྩོམ་གྱི་སྨྱུག་རྩེ་སླར་སྒྲུང་གཏམ་རང་སྟེང་དུ་འབབ་ཐུབ་པར་གྱུར་པས་ཡིན་ཏེ། དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་དུ་གསར་རྩོམ་གྱི་སྨྱུག་རྩེ་གཏོད་ཡུལ་ནི་སྤྱི་ཚོགས་འཚོ་བ་དང་སྐབས་བབ་གནད་དོན་སོགས་ཡིན་མོད། འོན་ཏེ་དེང་རབས་སྒྲུང་གཏམ་དུ་བསླེབས་པ་ན་སྒྲུང་གཏམ་གྱི་དམིགས་ཡུལ་ནི་སྒྲུང་གཏམ་རང་ཉིད་དུ་གྱུར་ཟིན་པས། དེང་རབས་སྒྲུང་གཏམ་ལ་མཚོན་ན་སྒྱུ་རྩལ་གྱི་གནད་དོན་ལས་སྤྱི་ཚོགས་ཀྱི་གནད་དོན་ཆེར་མེད་ལ། དེའང་གོ་སླ་བར་བཤད་ན། དེང་རབས་སྒྲུང་གཏམ་ནི་ནང་དོན་དང་རྣམ་པ་གཉིས་ལས་རྣམ་པར་གཞོལ་ཆེ་བ་ཡིན། རྣམ་པར་གཞོལ་ཆེ་བའི་མཛེས་དཔྱོད་ཀྱི་འགྱུར་ལྡོག་འདིའི་རྐྱེན་པས། དུས་རབས་གཅིག་ལྷག་གི་འཕེལ་རྒྱས་ཀྱི་གོ་རིམ་དུ་དེང་རབས་སྒྲུང་གཏམ་གྱིས་སྒྲུང་གཏམ་གསར་རྩོམ་གྱི་ལག་ཐབས་དང་མཚོན་སྟངས་འདྲ་མིན་ཡང་སྣ་ཚོགས་ཤིག་རྙེད་ཡོད་དེ། སྒྲུང་གཏམ་དུ་སྒྲུང་གཏམ་བརྩེགས་པ་ལྗ་ཡེ་རྡིའི«དངུལ་ལོར་རྫུན་མ་བཟོ་མཁན»(纪德«伪币制造者»)ལྟ་བུ་དང་། སྤྲོས་བརྗོད་ཀྱི་མཐོང་སྣེ་དུ་མ་ཞིག་སྤྱད་པ་ཧྥོ་ཁི་ནིར་གྱི«འུར་ཟིང་དང་འཁྲུག་ལོང»(福克纳«喧哗与骚动»)ལྟ་བུ། དངོས་ཡོད་དང་སྒྱུ་འཕྲུལ་རྐྱ་འཐབ་པ་མཱ་ཨར་ཁི་སིའི«ལོ་བརྒྱའི་ཁེར་རྐྱང»(马尔克斯«百年孤独»)ལྟ་བུ་སོགས་སྒྲུང་གཏམ་གསར་རྩོམ་གྱི་ཐབས་རྩལ་ཇི་སྙེད་ཅིག་གི་སྲོལ་ཕྱེ་བ་ནི་དངོས་ཡོད་རིང་ལུགས་ཀྱིས་ནམ་ཡང་བསྐྲུན་དུ་མེད་པ་ཞིག་ཡིན་ལ། སྒྲུང་གཏམ་མཛེས་དཔྱོད་ཀྱི་མཐོ་ཚད་ངེས་ཅན་ཞིག་ཀྱང་བསྐྲུན་ཡོད་པས། ཕྱིའི་སྤྱི་ཚོགས་ཀྱི་དོན་དངོས་ལས་སླར་སྒྲུང་གཏམ་གྱི་སྒྱུ་རྩལ་རང་སྟེང་དུ་བབས་པའི་ཁ་ནང་ལ་ཕྱོགས་ཚུལ་འདིའང་དེང་རབས་སྒྲུང་གཏམ་དངོས་ཡོད་རིང་ལུགས་ལས་ཐ་དད་དུ་གྱུར་པའི་ཆ་ཞིག་ཏུ་བཟུང་ཆོག
དེང་རབས་སྒྲུང་གཏམ་གྱི་ཁ་ནང་ལ་ཕྱོགས་ཚུལ་ནི་འདི་ཙམ་ཡང་མིན་ཏེ། ཝིར་ལྗེ་ནིས་ཡ·ཝའོ་ཧྥུའུ་(弗吉尼亚·伍尔夫)ཡིས་སྲོལ་རྒྱུན་སྒྲུང་གཏམ་དང་དེང་རབས་སྒྲུང་གཏམ་གླེང་སྐབས། དངོས་པོ་རིང་ལུགས་པ་(物质主义之)དང་ནང་སེམས་སྨྲ་བའི་(精神性)4རྣམ་དབྱེ་སོ་སོར་བཞག་པ་ལྟར། དེང་རབས་སྒྲུང་གཏམ་དུ་མི་སྣའི་སེམས་ཁམས་དང་། སྤྱིར་མིའི་ནང་སེམས་ཀྱི་འགྱུར་བའི་ཐད་ལ་དམིགས་པ་གཏོད་ཆེ་བ་དེའང་དངོས་ཡོད་རིང་ལུགས་དང་མི་འདྲ་བའི་ཁྱད་པར་གཞན་ཞིག་ཡིན་ལ། དངོས་ཡོད་རིང་ལུགས་ཀྱི་སྐབས་སུ་མི་སྣའི་སེམས་ཁམས་སྒྲུང་གཏམ་དུ་བྱུང་དུས། དེ་ནི་རྩོམ་པ་པོས་འདོད་བློ་བཞིན་དགའ་སྐྱོ་ཆགས་སྡང་གི་འགྱུར་བ་དུ་མ་ཞིག་སྟོན་པ་ཙམ་ཡིན་མོད། དེང་རབས་སྒྲུང་གཏམ་དུ་སེམས་ཀྱི་ངོ་བོ་དང་རང་བཞིན། ཆོས་ཉིད་ལ་སོགས་ལ་བརྟག་ཅི་ཐུབ་ཀྱིས། སེམས་འདུལ་དཀའ་བ་དང་འགྱུར་བག་རྒོད་པ། ཆ་འཇོག་བྲལ་བའི་ཁྱད་ཆོས་ཡོད་ཚད་སྒྲུང་གཏམ་སྒྱུ་རྩལ་གྱི་གྲོགས་སུ་ཁྱེར་བ་ན། རྟོག་པ་འོག་འགྱུའི་སྒྲུང་གཏམ་དང་སེམས་ཀྱི་ལབ་བརྡོལ། མཚན་ཉིད་རིག་པའི་བསམ་གཞིག་བྱེད་སྟངས། ཡ་མ་བརླའི་སྣང་བ་(荒诞感)སོགས་ཀྱི་ལག་ཐབས་དང་བརྗོད་གཞི་ཇི་སྙེད་ཅིག་སྒྲུང་གཏམ་གྱི་མཛེས་དཔྱོད་དུ་བྱུང་བ་ཡིན། དེར་བརྟེན། “དུས་རབས་འདི་ཉིད་ཀྱི་དུས་མགོར། སྒྲུང་གཏམ་གྱིས་རྒྱ་བསྐྱེད་ཆོག་པའི་མངའ་ཁོངས་གཞི་ནས་འཛད་ལ་ཉེ་བའི་ཚེ། དེ་ཉིད་ཁ་ཕྱིར་འཁོར་ནས་ནང་སེམས་ལ་ཕྱོགས་པ་ཡིན་"5ཞེས་བརྗོད་པའང་དོན་ལ་གནས་པའི་གཏམ་དུ་འཁུམས་པ་བཅས་ནང་སེམས་ལ་གཞོལ་ཆེ་བ་འདིའང་དེང་རབས་སྒྲུང་གཏམ་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཏུ་གྱུར་ཡོད།
གཞན་ད་དུང་དེང་རབས་སྒྲུང་གཏམ་གྱི་གྲོང་ཁྱེར་རང་བཞིན་སོགས་ཁྱད་ཆོས་ཕྲ་མོ་དུ་མ་ཞིག་ཀྱང་བགྲང་དུ་མཆིས་མོད། གོང་དུ་སོང་ཟིན་པའི་བྱུང་རིམ་གྱི་ཆ་དང་སྤྲོས་བརྗོད་ཀྱི་ལངས་ཕྱོགས། ནང་དོན་དང་རྣམ་པའི་གཙོ་ཕལ། ནང་སེམས་ལ་གཞོལ་ཆེ་བ་བཅས་ཁྱད་ཆོས་བཞི་ནི་དེང་རབས་སྒྲུང་གཏམ་གྱི་རྟགས་མཚན་དམིགས་བསལ་བ་ཁག་ཅིག་ཏུ་གྱུར་ཡོད་གཤིས། གཤམ་ནས་ཁྱད་ཆོས་འདི་དག་ལས་འཕྲོས་ཏེ་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པའི་སྒྲུང་གཏམ་དག་ལ་མཐའ་དཔྱོད་ཅིག་བྱ་རྒྱུ་དང་། དེའང་སྐབས་དེའི་སྒྲུང་གཏམ་ལ “སྲོལ་རྒྱུན་བྱུང་རིམ་(传统情节)"གྱི་སྒྲུང་གཏམ་དང་དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་ཞེས་པའི་རྣམ་གྲངས་བཞག་སྟེ་དཔྱད་པར་བྱའོ། །
གཉིས། སྲོལ་རྒྱུན་བྱུང་རིམ་གྱི་སྒྲུང་གཏམ།
བོད་ལ་སྒྲུང་གཏམ་གསར་པ་དར་བའི་ཐོག་མའི་གནས་སྐབས་སུ། དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་ལའང་གཞག་ཏུ་མེད་པའི་སྒྲུང་གཏམ་ཁག་ཅིག་ཀྱང་བྱུང་ཡོད་ལ། དེ་དག་ལ་སྒྲུང་གཏམ་ཞིབ་འཇུག་གི་སྡེ་རུ“སྲོལ་རྒྱུན་བྱུང་རིམ་"གྱི་སྒྲུང་གཏམ་ཞེས་པའི་ཐ་སྙད་བྱེད་པ་ཡིན། “སྲོལ་རྒྱུན་བྱུང་རིམ་"ཞེས་པ་ནི་སྒྲུང་གཏམ་གང་ཞིག་གི་བྱུང་རིམ་སྔོན་མའི“ལྷ་སྒྲུང་དང་། ལོ་རྒྱུས། ངག་རྒྱུན། རྩོམ་པ་པོ་སྔོན་མའི་བརྩམས་ཆོས་"6སོགས་ལས་ཕྱུང་བ་ལ་གོ་སྟེ། མཐར་གཏུགས་ན་བྱུང་རིམ་གང་དེ་རྩོམ་པ་པོའི་བློ་གྲོས་ཀྱི་རྩལ་ལས་མ་ཐོན་པའི་གནད་དེ་སྟོན་པ་ཡིན། དེས་ན་བོད་ཀྱི་སྒྲུང་གཏམ་གསར་པ་ལམ་ལ་ཆས་པའི་གོ་རིམ་དུའང་། སྔོན་གྱི་ལོ་རྒྱུས་དང་རྩོམ་རིག་བརྩམས་ཆོས། དམངས་ཁྲོད་གཏམ་རྒྱུད་སོགས་ལས་སྒྲུང་གཏམ་གྱི་བྱུང་རིམ་བླངས་པའང་ཇི་སྙེད་ཅིག་མཆིས་ཏེ། ཆེས་ཐོག་མར་བགྲང་འོས་པ་ནི་དོན་གྲུབ་རྒྱལ་གྱི«འབྲོང་སྟག་ཐང»ཡིན་ལ། འདི་ནི་དུས་དེབ«སྦྲང་ཆར»གྱིས་སྒྲུང་གཏམ་དུ་ངོས་བཟུང་སྟེ་བཀོད་པའི་སྒྲུང་གཏམ་ཐོག་མའང་ཡིན། འོན་ཏེ་སྒྲུང་གཏམ་རང་དུ“ཁོས་ཕ་བོང་འབྲོང་སྟག་གཉིས་རིག་ནས་འདི་གའི་དམངས་ཁྲོད་དུ་གྲགས་པའི་ངག་རྒྱུན་ཞིག་དབང་མེད་དུ་ཡིད་ལ་འཁོར་བྱུང་"7ཞེས་པ་ལྟར། དེ་ནི་རྩོམ་པ་པོའི་ཡིད་ལ་“ངག་རྒྱུན་ཞིག་དབང་མེད་དུ་"འཁོར་ཏེ་བརྩམས་པའི་སྒྲུང་གཏམ་ཞིག་ཡིན་པ་ཤིན་ཏུ་གསལ་ཏེ། འབྲོང་སྟག་ཐང་དང་འབྲེལ་བའི་གཏམ་རྒྱུད་དེ་ནི་ད་ལྟའི་བར་དུ་དགུ་རོང་ས་ཆར་གྲགས་ཆེ་བར་མ་ཟད། འབྲོང་སྟག་ཐང་ཞེས་པའི་ས་མིང་དེའང་དེང་གི་བར་དུ་མ་ཉམས་སོར་གནས་སུ་མཆིས་ལ། སྐབས་རེ་འགར་ཕ་བོང་དེ་གཉིས་ཀར “ཕ་བོང་སྟག་གཡག"ཅེས་ཀྱང་འབོད་པར་གྲགས། དམངས་ཁྲོད་དུ་གྲགས་པའི«འབྲོང་སྟག་ཐང»གི་གཏམ་རྒྱུད་དུ། ཡུལ་དེ་གའི་གཞི་བདག་འབྲོག་རྐྱོང་ཞེས་པ་ཞིག་གིས་རང་ཉིད་ཀྱི་འཁོར་གཉིས་འབྲོང་སྟག་གཉིས་ལ་བཤོལ་འདེབས་པར་མངགས་པ་ད་ལྟ་ཕ་བོང་ཆུང་ངུ་གཉིས་ལ་གྱུར་ཏེ་ཡོད་ཚུལ་སོགས་སྒྲུང་གཏམ་གྱི་བྱུང་རིམ་ལས་ཀྱང་ཆ་ཚང་བ་ཞིག་བཤད་རྒྱུ་འདུག་གོ །སྤྱིར«འབྲོང་སྟག་ཐང»གི་བྱུང་རིམ་ཧྲིལ་པོ་གཏམ་རྒྱུད་དེ་ལས་ཕྱུང་བ་མིན་མོད། «འབྲོང་སྟག་ཐང»ཞེས་པའི་གཏམ་རྒྱུད་དེའི་མ་དཔེ་(原型)སྒྲུང་གཏམ་གྱི་སྒྲོམ་གཞིར་གྱུར་ཅིང་། གསར་དུ་བསྣན་པའི་ལྷ་མོ་ཚེ་རིང་(འབྲོང་ཐང)དང་སྐལ་བཟང་རྒྱལ་(སྟག་ཐང)གཉིས་ཀའི་བརྩེ་དུང་གི་བྱུང་རིམ་དེའང་ཧ་ཅང་བསྡུས་དྲགས་པས། བརྩམས་ཆོས་འདི་ནི་གཏམ་རྒྱུད་བཅོས་མ་ཞིག་སྟེ། སྲོལ་རྒྱུན་བྱུང་རིམ་གྱི་སྒྲུང་གཏམ་ཞིག་ཏུ་འཇོག་པ་ལས་འོས་མེད། གཞན་ཡང་ལྡོང་ནོར་སྡེའི«བཅོས་མ་མིན་པའི་བརྩེ་དུང»དང«ནད་བདག་གི་རང་གཟུགས་ཕྱིར་མངོན་པ།»གཅོད་པ་དོན་གྲུབ་ཀྱི«བུ་མོ་སྤུན་གསུམ»ཞེས་པ་སོགས་ནི་ཐད་ཀར་དམངས་ཁྲོད་གཏམ་རྒྱུད་བཅོས་སྒྲིག་གིས་བརྩམས་པ་ཤ་སྟག་ཡིན་ལ། བརྩམས་ཆོས་དེ་དག་དམངས་ཁྲོད་གཏམ་རྒྱུད་ནས་སྒྲུང་གཏམ་གྱི་རྣམ་པར་བསྒྱུར་ཟིན་ཀྱང་། ད་དུང་གཏམ་རྒྱུད་ཀྱི་ཁྱད་ཆོས་ཡལ་མེད་པ་བརྩམས་ཆོས་དེ་དག་གི་སྤྲོས་བརྗོད་བྱེད་ཐབས་ལས་ཀྱང་ཤེས་སླ་སྟེ། ལྡོང་ནོར་སྡེའི«བཅོས་མ་མིན་པའི་བརྩེ་དུང»དུ། “དེ་ཡང་སྔོན་རི་ཕོ་རོག་རྒྱལ་མོ་བྱ་བའི་ཤར་ཕྱོགས་ཆབ་རྫ་ཀླུང་རིང་མོའི་གཡས་འགྲམ་འོམ་ཐང་པད་མ་སྤུངས་པའི་དགའ་ཚལ་ན་མི་ཁྱིམ་ཕལ་བ་གཉིས་ལས་སྐྱེས་པའི་གཞོན་ནུ་ཕོ་མོ་གཉིས་ཡོད་པ། གཅིག་གི་མིང་ལ་བཀྲ་ཤིས་དོན་གྲུབ་པ་དང་། གཅིག་གི་མིང་ལ་བདེ་སྐྱིད་སྒྲོལ་མ་ཟེར་"ཞེས་པའི་མགོ་རྩོམ་སྟངས་དང་། «ནད་བདག་གི་རང་གཟུགས་ཕྱིར་མངོན་པ»རུ། “དེ་ཡང་སྔོན་གྱི་ཚེ་འཕགས་བོད་གཉིས་ཀྱི་ས་མཚམས། གངས་ཅན་རི་ཡི་ཉེ་འདབས་སུ་"ཞེས་བྱུང་བ་ལྟ་བུ་ནི་གཏམ་རྒྱུད་ཀྱི་སྤྲོས་བརྗོད་འཁྲུལ་མེད་ཅིག་ཏུ་འཁུམས་ལ། བརྩམས་ཆོས་འདི་དག་གི་ཁྲོད་དུ་རྩོམ་པ་པོས་གསར་གཏོད་བྱས་པའི་བྱུང་རིམ་ཅི་ཡང་མེད་པར་མ་ཟད། སྤྲོས་བརྗོད་ཀྱི་སྐབས་སུའང་གཏམ་རྒྱུད་ཀྱི་སྤྲོས་བརྗོད་བྱེད་ཐབས་བསྟེན་ཡོད།
སྲོལ་རྒྱུན་གྱི་བྱུང་རིམ་ལས་བརྩམས་པའི་སྒྲུང་གཏམ་འདི་རིགས་ནི་ལོ་རབས་བརྒྱད་ཅུ་པའི་དུས་མགོ་ཙམ་དུ་མ་ཟད་ཕྱིས་སུའང་རེ་ཟུང་བྱུང་ཡོད་པ་1990ལོའི«སྦྲང་ཆར»དེབ་གཉིས་པ་ནས་བཟུང་མུ་འགོད་བྱས་པའི་དོན་གྲུབ་དབང་འབུམ་གྱི«བཙན་པོ་རིམ་བྱོན་གྱི་རྟོགས་བརྗོད་རབ་གསལ་མེ་ལོང་)དང་། 1998ལོའི་«སྦྲང་
ཆར»དེབ་བཞི་པར་བཀོད་པའི་བཀྲ་བྷའི་«ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ»ད་དུང་དུས་རབས་ཉེར་གཅིག་གི་ཚུན་ལ་བྱུང་བའི་རང་སྒྲའི«ཐོན་མི་སམ་བྷོ་ཊ»དང་། འབྲོང་བུ་རྡོ་རྗེ་རིན་ཆེན་གྱི«གངས་ཅན་བོད་ཡུལ་ལ་སྤྲིངས་པའི་འཕྲིན» ཚེ་བརྟན་རྡོ་རྗེའི«ཙོང་ཁའི་རྒྱལ་པོ»སོགས་ལྟ་བུ་ཡིན་ལ། སྒྲུང་གཏམ་འདི་དག་གི་སྤྲོས་བརྗོད་ལ་གཏམ་རྒྱུད་ཀྱི་ཞད་ཅུང་ཆུང་མོད། བྱུང་རིམ་གང་ཞིག་ནག་འགྲོས་སུ་འདེད་པ་ལས་བྱུང་རིམ་དེ་ཉིད་ཇི་ལྟར་སྤྲོ་བའི་སྒྱུ་རྩལ་གྱི་ལག་ཐབས་ལ་དོ་སྣང་ཆེར་བྱས་མེད་པས། སྔར་བཞིན་དེང་རབས་སྒྲུང་གཏམ་གྱི་ཁྱད་ཆོས་ཐོན་མེད། དེ་བཞིན་དུ་ཉེ་ཆར་སྒྲུང་གཏམ་པ་བཀྲ་བྷས་རྒྱ་གར་གྱི་ཟློས་གར་གྲགས་ཅན«བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར»དང་བོད་ཀྱི«བྱ་སྤྲེལ་གཏམ་རྒྱུད»གཉིས་དེང་རབས་སྒྲུང་གཏམ་དུ་སྒྱུར་བའི་ཚོད་ལྟ་བྱས་པའང་དེ་ལས་མ་འདས་ཏེ། སྒྲུང་གཏམ་གྱི་བྱུང་རིམ་རྩོམ་པ་པོའི་བློ་གྲོས་ཀྱི་རྩལ་ལས་མ་བྱུང་བའི་དབང་གིས། སྒྲུང་གཏམ་གྱི་སྒྱུ་རྩལ་ཐད་སྔར་བཞིན་དེང་རབས་སྒྲུང་གཏམ་དུ་ངོས་བཟུང་ཆོག་པའི་ཐོད་རྒལ་ཆེར་བྱུང་མེད།
མདོར་ན། སྲོལ་རྒྱུན་བྱུང་རིམ་གྱི་སྒྲུང་གཏམ་འདི་དག་ལས་དེང་རབས་སྒྲུང་གཏམ་གྱི་ཁྱད་ཆོས་མཐོང་དཀའ་ལ། ཐ་ན་སྒྲུང་གཏམ་གྱི་བྱུང་རིམ་ཡང་རྩོམ་པ་པོས་གསར་གཏོད་བྱས་པ་མིན་གཤིས། སྒྲུང་གཏམ་འདི་རིགས་ལའང་དེང་རབས་ཀྱི་བརྡ་བྱེད་པ་ནི་རིགས་པ་ཧ་ཅང་རྩིང་དྲགས་པའི་སྐྱོན་དུ་ཆེའོ། །
གསུམ། དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ།
ཕལ་ཆེར་གཏམ་རྒྱུད་ལྟ་བུའི་སྒྲུང་གཏམ་དེ་རིགས་བྱུང་བ་དང་དུས་མཉམ་དུ། དོན་གྲུབ་རྒྱལ་གྱི«སྤྲུལ་སྐུ»1981ལོའི་«སྦྲང་ཆར»དེབ་དང་པོར་བཀོད་ཅིང་། ལྷུན་གྲུབ་ཀྱི་«སྟོན་མཇུག་ཏུ་བྱུང་བའི་གཏམ་རྒྱུད་རྟ་ནག་སྒྲོག་འགྲོས»ཀྱང་1982ལོའི«སྦྲང་ཆར»དེབ་གཉིས་པར་བཀོད་ལ། དེའི་མུར་དོན་གྲུབ་རྒྱལ་གྱི«སད་ཀྱིས་བཅོམ་པའི་མེ་ཏོག»ཅེས་པའི་སྒྲུང་འབྲིང་དེའང་1982ལོའི་དེབ་བཞི་པ་ནས་མུ་འགོད་བྱེད་འགོ་བརྩམས་པ་ན། བོད་ཀྱི་སྒྲུང་གཏམ་གསར་རྩོམ་གྱི་གནས་བབ་ལ་ཅིས་ཀྱང་ཡིད་འཇོག་བྱ་རི་བའི་འགྱུར་ལྡོག་ཅིག་བྱུང་དང་འབྱུང་མུར་ཡོད་པ་རྟོགས་ཐུབ་སྟེ། སྐབས་དེའི་སྒྲུང་གཏམ་ཕལ་མོ་ཆེའི་བྱུང་རིམ་ནི“སྲོལ་རྒྱུན་གྱི་བྱུང་རིམ་ལས་ཕྱུང་བ་མིན་པར་(非传统情节)"8རྩོམ་པ་པོའི་བློ་གྲོས་ཀྱི་རྩལ་ལས་བྱུང་བ་འབའ་ཞིག་ཏུ་མངོན། སྒྲུང་གཏམ་གྱི་བྱུང་རིམ་སྔོན་གྱི་ལོ་རྒྱུས་སོགས་ལས་མ་བླངས་པར་རྩོམ་པ་པོས་གསར་དུ་རྩོམ་གྱིན་པའི་སྣང་ཚུལ་དེ་ལས། བོད་ཀྱི་སྒྲུང་གཏམ་ནི་བྱུང་རིམ་གསར་གཏོད་ཀྱི་དུས་སྐབས་ཤིག་ཏུ་ཞུགས་ཟིན་པ་མཚོན་ལ། བྱུང་རིམ་ནི་སྒྲུང་གཏམ་གྱི་སྲོག་ཤིང་ཡིན་པའི་ངོས་འཛིན་ཞིག་ཀྱང་སྐབས་དེའི་རྩོམ་པ་པོ་སྤྱི་ལ་ཁྱབ་ཡོད་ཚོད་འདུག་པས། སྐབས་དེ་ནས་བཟུང་བོད་ཀྱི་རྩོམ་སྟེགས་སུ་བྱུང་རིམ་གཙོ་བོར་འཛིན་པའི་སྒྲུང་གཏམ་གྱི་མཛེས་དཔྱོད་ལྟ་བ་ཞིག་ཁྱབ་འགོ་ཚུགས་པ་ཡིན་ཏེ། དོན་གྲུབ་རྒྱལ་གྱི་«སྤྲུལ་སྐུ་»དང«སད་ཀྱིས་བཅོམ་པའི་མེ་ཏོག»ལྷུན་གྲུབ་ཀྱི«སྟོན་མཇུག་ཏུ་བྱུང་བའི་གཏམ་རྒྱུད་རྟ་ནག་སྒྲོག་འགྲོས» རིག་འཛིན་གྱི་«དཔེ་ཚབ་སྤྲོད་པ» ལྷ་རྒྱལ་ཚེ་རིང་གི«དངུལ་གྱི་སོར་གདུབ»སོགས་ཀྱིས་གཙོས་ལོ་རབས་བརྒྱད་ཅུ་པའི་དུས་མགོར་བྱུང་བའི་སྒྲུང་གཏམ་དེ་དག་བྱུང་རིམ་གཙོ་བོར་འཛིན་པའི་སྒྲུང་གཏམ་གྱི་རིགས་ཡིན་པར་མ་ཟད། རྡོ་རྗེ་རིན་ཆེན་གྱི«ཨ་མའི་སེམས»དང་། པིར་ཐོགས་ཀྱི«གྲུབ་ཐོབ་པ» རྣམ་སྲས་ཀྱི«མི་རབས་གསུམ་གྱི་ཕྲུག་ལྭ» ཆབ་འགག་རྡོ་རྗེ་ཚེ་རིང་གི«ཕ་ཡུལ» ལྕགས་ཐར་འབུམ་གྱི«ཨ-ངའི་ཨ་ཕ» ཚེ་རིང་དོན་གྲུབ་ཀྱི་«Dསྡེ་བའི་ཀླན་ཀ»དང«ར་ལོ»ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི«སྤྱང་ཀི། ལུག་རྫི་དང་ཁོའི་ཆུང་མ»དང་«གངས་ལྗོངས། རྣམ་ཤེས་ཀྱི་འཇིག་རྟེན»རེབ་གོང་རྡོ་རྗེ་མཁར་གྱི«དངུལ་སྒོར» རང་སྒྲའི«འདྲེ་རྐང་ཏོ» བཀྲ་བྷའི«སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས» འབྲོང་བུ་རྡོ་རྗེ་རིན་ཆེན་གྱི«གླག་མོ་དུས་སྟོན»སོགས་ལོ་རབས་བརྒྱད་ཅུ་པའི་དུས་དཀྱིལ་ནས་དུས་རབས་ཉེར་གཅིག་གི་བར་དུ་བྱུང་བའི་སྒྲུང་གཏམ་ཕལ་མོ་ཆེ་རུའང་བྱུང་རིམ་ཆ་ཚང་ཞིག་སྟོན་པའི་ལས་ལ་འབད་ཡོད།
ཐ་ན་དུས་རབས་ཉེར་གཅིག་གི་རྗེས་སུ་བྱུང་བའི་ཨ་སྨྱོན་གྱི«ཨ་ཁུ་རྣམ་རྒྱལ་དང་ཁོའི་གནའ་རྒྱའི་ཚེ་ལོ» རྣམ་སྲས་ཀྱི«ཀྱག་ཀྱོག་ཏུ་འབབ་པའི་ལུང་ཆུ» ཚེ་རིང་དོན་གྲུབ་ཀྱི«བཙུན་ཡག» སྟག་འབུམ་རྒྱལ་གྱི་«ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག» ཧུ་ར་འཇའ་པེའི«ལོ་མའི་ཟིན་ཐོ»རང་སྒྲའི«བྲག་ཁུང་པ་དང་ཁོང་གི་ཉེ་འཁོར་གྱི་ཚོང་པ་ཚོ»སོགས་ཀྱང་བྱུང་རིམ་གཙོ་བོར་འཛིན་པའི་སྒྲུང་གཏམ་གྱི་རིགས་སུ་འཇོག་པ་ལས་འོས་མེད། «སྤྲུལ་སྐུ»རུ “མི་རྒྱ་ལྭ་གྱོན་པ་འདྲ་བ་ཞིག་(སྤྲུལ་སྐུ)"9ཐོག་མར་ཨ་ཁུ་ཉི་མ་ཚང་ལ་འོངས་ཤིང་། དེ་ནས “འབྲུག་མོ”ལ་མགོ་སྐོར་བཏང་བ། དེ་ནས་ཨ་ཁུ་ཉི་མ་ཚང་གི་ཟངས་སྐུ་སོགས་བརྐུས་པ། མཐར་རྫོང་སྤྱི་བདེ་ཁང་དུ་བཀག་ཉར་བྱས་"10པ་སོགས་ནི་ལུ་གུ་རྒྱུད་དུ་འབྲེལ་བའི་བྱུང་རིམ་ཆ་ཚང་ཞིག་ཡིན་ལ། བྱུང་རིམ་འདི་དག་ཀློག་པ་པོར་གོ་རིམ་ལྟར་རྩིས་སྤྲོད་རྒྱུ་ནི་སྒྲུང་གཏམ་འདིའི་འགན་འཁྲི་གཙོ་བོ་རུ་གྱུར་ཡོད། དེ་བཞིན་དུ་ལོ་རབས་དགུ་བཅུ་པར་བྱུང་བའི་ཨ་སྨྱོན་གྱི«གངས་ལྗོངས། རྣམ་ཤེས་ཀྱི་འཇིག་རྟེན་»དུའང “ཨ་ཁུ་དགེ་བོའི"ཆུང་མ་གྲོངས་རྗེས་ཀྱི་རྣམ་ཤེས་སླར་རང་ཉིད་ཀྱི་བུ་མོ་ཚེ་སྒྲོན་ལ་འཁོར་བའི་བྱུང་བ་དེ་སྒྲུང་གཏམ་གྱི་གཞུང་རྟ་རུ་གྱུར་ཡོད་པ་དང་། སྟོང་ལོ་གསར་པའི་ཚུན་ལ་བྱུང་བའི་ཧུ་ར་འཇའ་པེའི«ལོ་མའི་ཟིན་ཐོ་»རུའང་་འབུམ་སྐྱབས་"དང“ལེགས་མཛེས་"གཉིས་ཀྱི་བརྩེ་དུང་ལ་ཉེ་ཞོ་ཡང་ཡང་བྱུང་བའི་གཏམ་རྒྱུད་ཅིག་ནག་འགྲོས་སུ་དེད་ཡོད་པ་སོགས་གང་ལ་མཚོན་ནའང་། རྩོམ་པ་པོས་རྣམ་ཀུན་ཡིད་རྟོན་རུང་བའི་བྱུང་རིམ་ཆ་ཚང་ཞིག་སྒྲུང་གཏམ་དུ་བསྟར་བར་འབད་པ་བྱེད་ཀྱིན་གདའ།
དེས་ན་ཡིད་རྟོན་རུང་བའི་བྱུང་རིམ་ཆ་ཚང་ཞིག་སྒྲུང་གཏམ་དུ་བསྟར་ཆེད། རྩོམ་པ་པོས་སྤྱི་ཚོགས་ཀྱི་དོན་དངོས་གང་རུང་ཞིག་སྒྲུང་གཏམ་ལས་མངོན་དགོས་པར་འགྱུར་ལ། སྤྱི་ཚོགས་ཀྱི་དོན་གནས་གང་ཞིག་ལ་སྒྲུང་གཏམ་གྱི་ལམ་ནས་བསམ་གཞིག་གཏོང་དུས། ད་ནི་སྒྲུང་གཏམ་གང་དེའི་སྤྲོས་བརྗོད་ལ་རང་ཉིད་ཀྱི་ལངས་ཕྱོགས་ངེས་ཅན་ཞིག་རང་བཞིན་གྱིས་གྲུབ་ཡོད་དེ། «སྤྲུལ་སྐུ»དང«གྲུབ་ཐོབ་པ་རྟ་ནག་པ»སོགས་སུ་ཆོས་ལུགས་མི་སྣར་དགག་པའི་རྣམ་འགྱུར་བསྟན་ཡོད་པ་དང་། «སད་ཀྱིས་བཅོམ་པའི་མེ་ཏོག»དང«དངུལ་གྱི་སོར་གདུབ» «ལོ་མའི་ཟིན་ཐོ»སོགས་སུ་བརྩེ་དུང་གི་གེགས་སུ་གྱུར་པའི་སྤྱི་ཚོགས་ཀྱི་གནས་བབ་སྐོར་ཞིག་སུན་ཕྱུང་བ། «དུར་ཐང»དང«མི་རབས་གསུམ་གྱི་ཕྲུག་ལྭ»སོགས་སུ་བོད་ཀྱི་རྗེས་ལུས་དང་རྙིང་ཞེན་གྱི་བསམ་བློ་ཐེར་འདོན་གྱི་ལངས་ཕྱོགས་ཤིག་བཟུང་ཡོད་པ་སོགས་བྱུང་རིམ་གཙོ་བོར་འཛིན་པའི་སྒྲུང་གཏམ་འདི་དག་གིས་སྤྲོས་བརྗོད་ཀྱི་ཆ་ནས་ཀྱང“ཐིག་ལེའི་གསར་རྩོམ་"གྱི་ལངས་ཕྱོགས་ཤིག་ཟིན་མེད་པ་ཧ་ཅང་གསལ།
དེར་བརྟེན། སྒྲུང་གཏམ་དུ་བྱུང་རིམ་གཙོ་བོར་འཛིན་པ་དང་སྤྲོས་བརྗོད་ཀྱི་ལངས་ཕྱོགས་ངེས་ཅན་ཞིག་བཟུང་ཡོད་པའི་རིགས་འདི་ནི་སྲོལ་རྒྱུན་སྒྲུང་གཏམ་སྟེ། དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་གྱི་ཁྱད་ཆོས་རྩོལ་མེད་ཅིག་ཡིན་གཤིས། སྒྲུང་གཏམ་འདི་རིགས་དེང་རབས་སྒྲུང་གཏམ་དུ་འཇོག་པ་ནི་སྒྲུང་གཏམ་གྱི་ངོས་འཛིན་ལ་ཞིབ་ཆ་མ་ཐོན་པའི་ནོངས་པ་ཆེན་པོ་ཞིག་ཏུ་འགྱུར་ལ། གོང་དུ་སོང་ཟིན་པ་ལྟར་དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་ནི་ཕལ་ཆེར་བོད་ཀྱི་སྒྲུང་གཏམ་འཕེལ་རྒྱས་ཀྱི་དུས་སྐབས་སོ་སོར་ཁྱབ་ཡོད་པར་མ་ཟད། སྒྲུང་གཏམ་གསར་རྩོམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུའང་གྱུར་ཡོད་པས། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་བྱུང་བའི་སྒྲུང་གཏམ་གྱི་རྩོམ་པའི་རྣམ་གཞག་འདི་ཉིད་དེང་རབས་སྒྲུང་གཏམ་འབའ་ཞིག་ཏུ་ངོས་འཛིན་མི་རུང་བའི་གནད་ཀའང་འདིར་ཐུག་ཡོད།
གཉིས་པ། བོད་ཀྱི་སྒྲུང་གཏམ་དེང་རབས་སྒྲུང་གཏམ་ལ་ཕྱོགས་པའི་དུས་མཚམས།
དེས་ན་བོད་ཀྱི་སྒྲུང་གཏམ་གསར་རྩོམ་ནི་སྲོལ་རྒྱུན་བྱུང་རིམ་གྱི་སྒྲུང་གཏམ་དང་དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་སྟེ་གསར་རྩོམ་གྱི་དུས་སྐབས་གཉིས་བརྒྱུད་རྗེས། གཞི་ནས་དེང་རབས་སྒྲུང་གཏམ་ལ་ཕྱོགས་པ་ཡིན་ཏེ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་དཀྱིལ་ལ་ཐོག་མའི་མྱུ་གུ་ཙམ་འབུས་ཤིང་། སྤྱི་ལོ་2000ཡས་མས་ཏེ་ལྷ་བྱམས་རྒྱལ་སོགས་ཀྱི་མི་རབས་དེ་ནས་བཟུང་ད་གཟོད་ཁྱོན་ཡོངས་ནས་དེང་རབས་སྒྲུང་གཏམ་གྱི་གསར་རྩོམ་དངོས་ལ་ཞུགས་པ་ཡིན།
གཅིག བོད་ཀྱི་དེང་རབས་སྲུང་གཏམ་གྱི་ཐོག་མའི་དུས་སྐབས།
འཛམ་གླིང་སྒྲུང་གཏམ་ལ་མཚོན་ན། རྒེ་སི་ཐ་ཧྥུའུ·ཧུའུ་ལོ་བྷེལ་(居斯塔夫·福楼拜)གྱི་སྐབས་ནས་བཟུང་དེང་རབས་ཀྱི་མྱུ་གུ་འབུ་མགོ་ཚུགས་པ་བཞིན། བོད་ཀྱི་སྒྲུང་གཏམ་ལའང་ལོ་རབས་བརྒྱད་ཅུ་པའི་དུས་དཀྱིལ་ནས་བཟུང་དེང་རབས་ཀྱི་མྱུ་གུ་ཐར་ཐོར་རེ་ཉམ་ཆུང་ངང་འབུ་བཞིན་ཡོད་དེ། 1986ལོའི་«སྦྲང་ཆར»དེབ་གཉིས་པར་བཀོད་པའི་ལྗང་བུའི«སོག་རུས་ལས་མཆེད་པའི་རྣམ་ཤེས»ནི་སྐབས་དེར་དངོས་ཡོད་རིང་ལུགས་ཀྱི་ཞིང་ས་ཐོལ་གྱིས་བརྟོལ་བའི་དེང་རབས་ཀྱི་མྱུ་གུ་གསོན་པོ་ཞིག་ཡིན་པ་བསྙོན་དུ་མེད་དེ། སྐབས་དེའི་བྱུང་རིམ་གཙོ་བོར་འཛིན་པའི་སྒྲུང་གཏམ་བྱིངས་དང་མི་འདྲ་བར། «སོག་རུས་ལས་མཆེད་པའི་རྣམ་ཤེས»ནི་བྱུང་རིམ་ལ་བརྟེན་ནས་བརྩམས་པའི་སྒྲུང་གཏམ་ཞིག་མིན་ལ། ཐ་ན་སྒྲུང་གཏམ་དེར་བྱུང་རིམ་བྱེ་བྲག་པ་ཞིག་ཕལ་ཆེར་གཟུང་དུ་མེད་པའི་ཚོད་ཡིན། ཅིས་ཀྱང་བྱུང་རིམ་ཞིག་སྟོན་དགོས་ཚེ། “རྒན་མོ་"ས་རུ་འགྱེལ་རྗེས་ཀྱི་མི་སྣའི་གཏམ་གླེང་དེའི་མཇུག་ཐོགས་སུ། ཤར་ཕྱོགས་ཀྱི་མཁའ་མཐའ་ནས་ཟླ་བ་ཤར་ཙ་ན། གློ་བུར་དུ“ཁོ་"རང་སྨན་ལེན་དུ་སོང་ནས་ཕྱིར་ལྡོག་པའི་ལམ་དུ་ཡོད་པའི་བྱུང་བ་ཕྲ་མོ་དེ་ལས་སྒྲུང་གཏམ་ཡོངས་སུ་དོན་གྱི་བྱུང་རིམ་ཧྲིལ་པོ་ཞིག་གཟུང་དུ་མེད་ལ། དེ་ནི་ཝིར་ལྗེ་ནིས་ཡ་ ཝའོ་ཧྥུའུ་(弗吉尼亚·伍尔夫)ཡི«རྩིག་ལྡེབས་ཀྱི་ཐིག་ལེ»ལྟར་སྤྲོས་རྗོད་པའི་(叙述者)འདུ་ཤེས་ཀྱི་འཁྱུག་སྟངས་ལྟར་བརྩམས་པ་ཞིག་ཡིན་པ་རྩོམ་མཇུག་ཏུ“ཁོས་བདག་གིས་གང་དྲན་གྱི་ཡིད་ཁམས་སྣ་ཚོགས་འགྲིམས་ནས་དཀའ་ལས་མང་པོ་ཞིག་མྱངས་"11ཞེས་པའི་གསལ་བཤད་ལྟ་བུའི་སྐད་ཆ་དེ་ལས་ཀྱང་རྟོགས་ཐུབ། དེས་ན«སོག་རུས་ལས་མཆེད་པའི་རྣམ་ཤེས»ཀྱིས་སྐབས་དེར་རྒྱུགས་ཆེ་བའི་སྒྲུང་གཏམ་བྱིངས་ལ་ཚོད་བགམ་པའི་ཟོལ་གྱིས་བྱུང་རིམ་ཅམ་གྱིས་བསྐྱུར་ནས་སྒྱུ་རྩལ་གྱི་ལག་ཐབས་གསར་པ་ཞིག་ལ་གཞོལ་ཡོད་པས། ལྗང་བུའི་སྒྲུང་གཏམ་གྱི་ངོས་འཛིན་དུ་ནང་གི་བྱུང་རིམ་ལས་ཕྱིའི་སྒྱུ་རྩལ་གྱི་རྣམ་པ་གཙོ་བོར་བཟུང་ཡོད་པ་རྟོགས་ཐུབ། གཞན་ཡང་། མི་ལན·ཁིན་རྡུ་རཡིས“སྒྲུང་གཏམ་གྱིས་དོན་དངོས་ལ་མི་རྟོག་པར། གནས་པ་ལ་རྟོག་"12ཅེས་པ་ལྟར། སྒྲུང་གཏམ་འདིའི་སྤྲོས་བརྗོད་དུ་དོན་དངོས་གང་ཞིག་ལ་དགག་རྒྱག་དང་སུན་འབྱིན་གྱི་ལངས་ཕྱོགས་ཀྱང་གང་ཡང་བསྟེན་མེད་པས། «སོག་རུས་ལས་མཆེད་པའི་རྣམ་ཤེས»ཞེས་པ་འདི་ནི་ཡས་ཀྱི་ཚན་པ་རུ་དེང་རབས་སྒྲུང་གཏམ་ལ་བཞག་པའི་ཁྱད་ཆོས་དེ་དག་དང་ཡོངས་སུ་མཐུན་པ་ཡིན། དེ་བཞིན་དུ་1987ལོ་ནས་བཟུང«སྦྲང་ཆར»དུ་མུ་འགོད་བྱས་ཡོད་པའི་ལྗང་བུའི“བསིལ་ལྡན་གྲོང་ཚོའི་གཏམ་རྒྱུད"ཀྱི་སྐོར་ཏེ། «ཤི་གསོན»དང་། «ཆ་མི་འགྲིག་པའི་ལྷམ» «ལྕགས་ལོ། ཀླུ་སྐྱབས། ཐར་འབུམ་དང་དེའི་ཐོད་པའི་ལྦ་བ» «གསེར་ཉ»སོགས་ཀྱང་བྱུང་རིམ་ཆ་ཚང་ཞིག་ནག་འགྲོས་སུ་དེད་ནས་སྤྱི་ཚོགས་ཀྱི་དོན་དངོས་གང་ཞིག་ལ་དགག་གཞག་གི་ལངས་ཕྱོགས་འཛིན་པ་དེའི་རིགས་མ་ཡིན་པར། དེང་རབས་སྒྲུང་གཏམ་གྱི་ཞད་ཆེས་ཆེར་མངའ་བ་ཡིན།
སྐབས་དེར་དེང་རབས་སྒྲུང་གཏམ་ལ་ཚོད་ལྟ་བྱེད་མཁན་ནི་ལྗང་བུ་འབའ་ཞིག་ཀྱང་མིན་པར། 1987ལོའི་«སྦྲང་ཆར»དེབ་གསུམ་པར་བཀོད་པའི་བན་དེ་བཀྲ་ཤིས་ཀྱི«འཆི་བདག་གི་ཞགས་པས་ཟིན་དུས»དང་། 1988ལོའི་དེབ་དང་པོར་བཀོད་པའི་ཡེ་ཤེས་ཚེ་རིང་གི«རང་གིས་རང་ལ་སྨྲས་པ»གཉིས་ཀྱང་ཡོད་ལ། སྔ་མ་དེ་རུ་འཆི་བར་ཕྱོགས་པའི་དགེ་རྒན་ཞིག་གི་ནང་སེམས་ཀྱི་འགྱུར་བ་ཇི་སྙེད་གསོང་པོར་བརྗོད་དེ། མི་རྣམས“འཆི་བདག་གི་ཞགས་པས་ཟིན་པའི་"སྐད་ཅིག་མ་དེར་མངོན་སྲིད་པའི་མི་གཤིས་ཀྱི་རང་བཞིན་དང་ནང་སེམས་ཀྱི་གསང་བ་སོགས་ཇི་བཞིན་དུ་བརྩམས་ཆོས་འདི་གཉིས་ཀྱང“ནང་ལ་རྟོག་པའི་(内省的小说)"13དེང་རབས་སྒྲུང་གཏམ་གྱི་རྣམ་གྲངས་སུ་བགྲང་ཆོག་པ་ཡིན། ད་དུང་སྐབས་དེར་བཀྲ་ཤིས་ཟླ་བའི«གཙང་པོའི་ཕ་རོལ»དང«གངས་ལྗོངས། རྒྱུན་བུའི་མདུད་པ་ལ་བརྒྱུས་པའི་རྣམ་ཤེས»གཉིས་ཀྱང་བོད་ཡིག་ཏུ་བསྒྱུར་ནས«སྦྲང་ཆར»དུ་བཀོད་ཡོད་པ་སོགས་བོད་ཀྱི་སྒྲུང་གཏམ་དེང་རབས་ལ་ཕྱོགས་པའི་སྔ་ལྟས་ཇི་སྙེད་ཅིག་བསྟན་དང་སྟོན་བཞིན་པར་གདའོ། །
དེ་བས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་དཀྱིལ་ནས་བཟུང་། བོད་ཀྱི་སྒྲུང་གཏམ་གསར་རྩོམ་དུ་དེང་རབས་སྒྲུང་གཏམ་གྱི་མྱུ་གུ་འབུ་མགོ་ཚུགས་ཡོད་ལ། དེའང་ཕྱིས་སུ་བོད་ཀྱི་སྒྲུང་གཏམ་ཁྱོན་ཡོངས་ནས་དེང་རབས་ལ་ཕྱོགས་པའི་སྟ་གོན་དུའང་གྱུར་ཡོད།
གཉིས། བོད་ཀྱི་སྒྲུང་གཏམ་ཁྱོན་ཡོངས་ནས་དེང་རབས་ལ་ཕྱོགས་པའི་དུས་སྐབས།
བོད་ཀྱི་སྒྲུང་གཏམ་གསར་རྩོམ་ཁྱོན་ཡོངས་ནས་དེང་རབས་ལ་ཕྱོགས་པ་སྟེ། སྲོལ་རྒྱུན་སྒྲུང་གཏམ་(དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ)གྱི་མཛེས་དཔྱོད་ལྟ་བར་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་བའི་དུས་མཚམས་ནི་ཁོ་བོས་དུས་རབས་ཉི་ཤུ་པའི་དུས་མཇུག་དང་དུས་རབས་ཉེར་གཅིག་པའི་དུས་མགོ་རུ་བཞག་ཆོག་པར་འདོད་ལ། སྤྱི་ལོ་2000ལོའི་ཡས་མས་ནས་བྱུང་བའི་སྒྲུང་གཏམ་ཁག་ཅིག་ལ་ད་གཟོད་དེང་རབས་སྒྲུང་གཏམ་གྱི་ཐསྙད་བྱེད་ཆོག་པར་མ་ཟད། ནུབ་གླིང་གི་དེང་རབས་སྒྲུང་གཏམ་གྱི་ངོས་འཛིན་ལྟར་སོང་ཡང་རིགས་པའི་དཔྱད་པ་མི་བཟོད་པའི་ཐེ་ཚོམ་ཆེར་མི་དགོས་པར་སྙམ།
ཐོག་མར་བརྩམས་ཆོས་ཀྱི་གྲངས་ཀའི་ཆ་ནས་བལྟས་ཚེ་2000ལོའི་ཡས་མས་ནས་བཟུང་དེང་རབས་སྒྲུང་གཏམ་གྱི་གྲངས་འབོར་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་པ་མངོན་གསལ་ཡིན་པས། ལོ་རབས་བརྒྱད་ཅུ་པའི་དུས་དཀྱིལ་གྱི་ལྗང་བུའི་དུས་སྐབས་དང་མི་འདྲ་སྟེ། སྐབས་དེར་དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་འབའ་ཞིག་གིས་བོད་ཀྱི་རྩོམ་སྟེགས་ལ་མངའ་དབང་བསྒྱུར་བའི་གནས་བབ་དེར་འགྱུར་ལྡོག་བྱུང་ནས་དེང་རབས་སྒྲུང་གཏམ་གྱི་གྲངས་འབོར་གྱིས་ཀྱང་ཕལ་ཆེར་སྐབས་དེའི་སྒྲུང་གཏམ་གསར་རྩོམ་གྱི་ཕྱེད་ཀ་ཙམ་ཟིན་པའི་ཚད་ལ་བསླེབས་འདུག«སྦྲང་ཆར»ལ་མཚོན་ན། སྐབས་སྐབས་སུ་དུས་དེབ་འདོན་ཐེངས་གཅིག་གི་སྒྲུང་གཏམ་གྱི་ལེ་ཚན་ཡོད་ཚད་དེང་རབས་སྒྲུང་གཏམ་གྱིས་བཟུང་འདུག་པའི་གནས་ཚུལ་ཡང་མཆིས་པས། དེ་ནི་སྔོན་མའི་སྒྲུང་གཏམ་གསར་རྩོམ་དུ་ཅིས་ཀྱང་མཐོང་དཀོན་པ་ཞིག་ཡིན་ཏེ། 1999ལོའི་དེབ་གསུམ་པ་རུ་ཁྱོན་བོད་སྒྲུང་གཉིས་ལས་མེད་པ་ལ། གཉིས་ཀ་སྔོན་མའི་དགག་གཞག་དང་སུན་འབྱིན་གྱི་དབང་དུ་མ་སོང་བའི་སྟག་འབུམ་རྒྱལ་གྱི«སྡེ་དཔོན»དང་བཀྲ་བྷའི«བྱིའུ་ཆུང་དམར་པོ»གཉིས་རེད། 2000ལོའི་དེབ་གསུམ་པ་དང་བཞི་པར་ཡང་བྱུང་རིམ་གཙོ་བོར་མི་བྱེད་པའི་དེང་རབས་སྒྲུང་གཏམ་ཤ་སྟག་སྟེ། རང་སྒྲའི«བྱི་ལའི་གཏམ་རྒྱུད»དང་། ལྷ་བྱམས་རྒྱལ་གྱི«རོང་གྲོང་གི་འགྲུལ་བཞུད»བཀྲ་བྷའི«ཤ་ཡུ་མོ་ཤེའུ»དང་«འཚུབ་མ་ཁེར་རྐྱང» ཚེ་རིང་དོན་གྲུབ་ཀྱི«སྤྱི་འགྲོས་ཤིག»བཅས་བྱུང་ཡོད་པས། བོད་ཀྱི་སྒྲུང་གཏམ་དེང་རབས་ལ་ཕྱོགས་པའི་རྗེས་ཤུལ་གསལ་པོ་ཞིག་མཐོང་ཐུབ་ལ། ལྷག་པར་དུ་1997ལོའི་«སྦྲང་ཆར»དེབ་དང་པོ་རུ་ལུང་རིན་ཆེན་གྱི«སྐོར་བྲོ»ཞེས་པའི་སྒྲུང་གཏམ་དེ་བྱུང་བ་ནས་བཟུང་། 2006ལོའི་བར་ཏེ་བགྲང་བྱ་བཅུ་ཕྲག་ལྷག་གི་ཡུན་ལ་དེང་རབས་སྒྲུང་གཏམ་གྱི་རྒྱུན་ཆད་(འདིའི་རྗེས་སུ་དེ་བས་ཀྱང་ཆད་མེད)མེད་པས། འདི་ལས་ཀྱང་བོད་ཀྱི་སྒྲུང་གཏམ་གསར་རྩོམ་ངེས་པ་དོན་གྱིས་དེང་རབས་ལ་ཕྱོགས་ཟིན་པ་རྟོགས་ཐུབ།
བར་དུ་གསར་རྩོམ་གྱི་མཛེས་དཔྱོད་ལྟ་བའི་ཆ་ནས་བལྟས་ན། སྐབས་དེར“སྒྲུང་གཏམ་ནི་སྒྱུ་རྩལ་གྱིས་ཕྱུག་དགོས་པའི་"14འདུ་ཤེས་ཤིག་སད་ཀྱིན་པ་དེ་ནི་སྔོན་མ་དང་ཡེ་ནས་མི་འདྲ་བའི་ཁྱད་པར་ཞིག་སྟེ། 1997ལོའི«སྦྲང་ཆར»དེབ་དང་པོར་བཀོད་པའི་ལུང་རིན་ཆེན་གྱི«སྐོར་བྲོ་»དང་། 1999ལོའི«སྦྲང་ཆར»དེབ་གཉིས་པར་བཀོད་པའི་པད་མ་ཚེ་བརྟན་གྱི«གངས»ད་དུང་2000ལོའི«སྦྲང་ཆར»དེབ་གསུམ་པར་བཀོད་པའི་ལྷ་བྱམས་རྒྱལ་གྱི«རོང་གྲོང་གི་འགྲུལ་བཞུད»དང་། བཀྲ་བྷའི«ཤ་ཡུ་མོ་ཤེའུ»སོགས་གང་ཡིན་ཡང་། སྒྲུང་གཏམ་གྱི་ནང་དོན་ལས་སྒྱུ་རྩལ་གྱི་རྣམ་པར་གཞོལ་ཆེ་བའི་གསར་རྩོམ་གྱི་ཀུན་སློང་ཞིག་ཐོག་མཐའ་བར་གསུམ་དུ་བཅངས་འདུག་པ་ཚོར་ཐུབ་ལ། དེ་ནི“ཚད་ངེས་ཅན་ཞིག་ནས་རྣམ་པའང་ནང་དོན་ཡིན་"15ཞེས་པའི་དེང་རབས་ཀྱི་ཁྱད་ཆོས་དེའི་མངོན་སྟངས་ཤིག་སྟེ། ལྗ་ཡེ་རྡིའི«དངུལ་ལོར་རྫུན་མ་བཟོ་མཁན»(纪德«伪币制造者»)དང་འདྲ་བར་ལུང་རིན་ཆེན་གྱི«སྐོར་བྲོ»ཡང“སྐོར་བྲོ་"ཞེས་པའི་སྒྲུང་གཏམ་ཞིག་གི་བྱུང་རིམ་ལས་འཕྲོས་ཏེ་བརྩམས་ཡོད་པ་དང་། པད་མ་ཚེ་བརྟན་གྱི་«གངས»ལ་མཚོན་ནའང་་ལུག་རྫི་གཅོད་པའི་"རྨི་ལམ་དུ་བྱུང་བའི་་ཁ་བའི་མཚན་མོ་"དང“བྱིས་པ་དམར་རྗེན་"དེ་གཉིས་མངོན་སུམ་དུ་བྱུང་བའི་ཆ་དེར་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་ཞད་ངེས་ཅན་ཞིག་ལྡན་ལ། དེ་བཞིན་དུ་ལྷ་བྱམས་རྒྱལ་གྱི“རོང་གྲོང་གི་འགྲུལ་བཞུད”ཀྱི་ལྷུག་རྩོམ་ལྟ་བུའི་སྤྲོས་བརྗོད་ཀྱི་སྐད་ཆ་དང་། བཀྲ་བྷའི«ཤ་ཡུ་མོ་ཤེའུ»ཡི“ཤ་ཡུ་མོ་ཤེའུ་"ཞེས་པའི་རྡུང་ལེན་དེ་དང་འདྲ་བའི་སྤྲོས་བརྗོད་ཀྱི་དབྱངས་འགྲོས་སོགས་གང་ལ་བལྟས་ཀྱང་། སྐབས་འདིའི་སྒྲུང་གཏམ་དག་གིས་ཀློག་པ་པོར་ཧ་རོ་རྡུ·བྷི་ལུམ་གྱིས་བཤད་པའི་་ཆ་མེད་"(陌生性)16ཀྱི་སྣང་བ་ཞིག་སྟེར་བར་འབད་པ་བྱེད་ཀྱིན་པ་ཤིན་ཏུ་གསལ། གཞན་ཡང་། པད་མ་ཚེ་བརྟན་གྱི«གཟའ་ཉི་མ»རུ་སྔོན་མར་དགག་གཞག་གི་འབེན་དུ་གྱུར་པའི་མི་རིགས་ཀྱི་རིག་གནས་ལ་ཐོག་མའི་ཁས་འཆེ་ཐོབ་ཅིང་། རང་སྒྲའི«ཨ་ཁུ་དཔོན»དུ་ཆོས་ལུགས་མི་སྣའི་སྣང་བརྙན་ལ་ཆེས་ཐོག་མར་གཟུར་གནས་ཀྱི་དཀར་འདོན་བྱས་པ། ད་དུང་པད་མ་ཚེ་བརྟན་གྱི་«ཨ་ཁུ་ཐོད་པ་ལ་བཅར་འདྲིར་ཕྱིན་པ»དང་«རོ་སྒྲུང་མེ་མདའ» བཀྲ་བྷའི«ཨ་ཁུ་ཁྱི་སྐྱག་རྟ་ལ་དགའ» ལྷ་བྱམས་རྒྱལ་གྱི«སྒྲོལ་མའི་རྨི་ལམ»སོགས་སུ་སྒྲུང་གཏམ་གྱི་མཚོན་ཐབས་ལ་བློ་སྤོབས་ཆེན་པོས་ཚོད་ལྟ་བྱས་ཡོད་ལ། པད་མ་ཚེ་བརྟན་གྱི«སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་པ»རུ་ཨ་ཁུའུ་ཐ་རྒ་བ་རེའུ་ཡོའུ་ནོ་སི་ཁེའི་(芥川龙之介)«ལོ་ཧྲིན་མིན»ལྟར་དོན་གཅིག་ལ་འགྲེལ་ཚུལ་དུ་མ་བྱུང་བའི་སྒྲུང་གཏམ་གྱི་སྒྲིག་གཞི་དང་། ལྷ་བྱམས་རྒྱལ་གྱི«གྲིབ་གཟུགས་ཀྱི་མི་ཚེ»རུ་བསྐྲུན་པའི“གྲིབ་གཟུགས"ཀྱི་ཡིད་བརྙན། རིག་ལྡན་རྒྱ་མཚོའི«གནའ་གྲོང་»དུ “Tཟུང་ཟླ་བ་"ཡང་"k"«མཁར་རྫོང»གི་འདབས་སུ་བསླེབས་པའི་ཚུལ་གྱིས“གནའ་གྲོང་"དུ་བརྟོལ་བ་སོགས་སྣང་ཚུལ་དུ་མ་ཞིག་ལས། 2000ལོའི་ཡས་མས་སུ་བྱུང་བའི་བརྩམས་ཆོས་འདི་དག་ནི་བྱུང་རིམ་གཙོ་བོར་བཟུང་སྟེ་སྤྱི་ཚོགས་ཀྱི་དོན་དངོས་གང་ཞིག་མཚོན་ཅི་ཐུབ་བྱེད་པའི་སྔོན་མའི་སྒྲུང་གཏམ་དག་དང་ཁྱད་པར་ངེས་ཅན་ཞིག་ཡོད་པ་ཤིན་ཏུ་གསལ།
མཐར་རྩོམ་པ་པོའི་ཆ་ནས་བལྟས་ན། སྐབས་འདིར་སྒྲུང་གཏམ་རྩོམ་པ་པོར་ཡང་འགྱུར་ལྡོག་ངེས་ཅན་ཞིག་བྱུང་ཡོད་དེ། གཅིག་ནས་སྔོན་མར་དངོས་ཡོད་རིང་ལུགས་ཀྱི་གསར་རྩོམ་ལ་ཞུགས་པའི་རྩོམ་པ་པོ་སྐོར་ཞིག་གིས་གཞི་ནས་དེང་རབས་སྒྲུང་གཏམ་ལ་ཚོད་ལྟ་བྱེད་འགོ་བརྩམས་པ་བཀྲ་བྷའི«ཤ་ཡུ་མོ་ཤེའུ»དང«ཨ་ཁུ་ཁྱི་སྐྱག་རྟ་ལ་དགའ»སྟག་འབུམ་རྒྱལ་གྱི«སྡེ་དཔོན» རང་སྒྲའི«བྱི་ལའི་གཏམ་རྒྱུད» རིག་ལྡན་རྒྱ་མཚོའི«གནའ་གྲོང»དང«ཁྲིམས་ཁང་ཞིག་གི་བཅད་ཁྲ»ལྟ་བུ་སོགས་ཡིན་ལ། འདི་ནི་སྔོན་མའི་དངོས་ཡོད་རིང་ལུགས་ཀྱི་ནང་ཁུལ་ལ་འགྱུར་ལྡོག་གསར་པ་ཞིག་བྱུང་བ་ཡིན་པ་དང་། གཉིས་ནས་གསར་སྐྱེས་སྒྲུང་གཏམ་པ་ཁག་ཅིག་སྟོབས་ཤུགས་གསར་པ་ཞིག་གི་ཚུལ་གྱིས་རྩོམ་སྟེགས་སུ་ཞུགས་པ་སྟེ། ལྷ་བྱམས་རྒྱལ་དང་། པད་མ་ཚེ་བརྟན།17 ཆོས་སྐྱོང་། རྒྱལ་མཚན། སྐྱབས་ཆེན་བདེ་གྲོལ།ཅོ་ནེ་ཡུམ་ཚེ་རིང་། ད་དུང་ཕྱིས་སུ་སྒྲུང་གཏམ་གསར་རྩོམ་ལ་ཞུགས་པའི་སྒོ་མེ་ཚེ་རིང་བཀྲ་ཤིས་སོགས་ཀྱིས་གཙོས་རྩོམ་པ་པོའི་རབས་གསར་པ་འདིས་ནི་ཕལ་ཆེར་གསར་རྩོམ་གྱི་གོམ་པ་དང་པོ་དེང་རབས་སྒྲུང་གཏམ་ནས་སྤོས་པ་ཡིན་པས། ཁོ་ཚོ་ནི་བོད་ཀྱི་སྒྲུང་གཏམ་དེང་རབས་ལ་ཕྱོགས་པའི་མཚོན་རྟགས་གཙོ་བོ་ཞིག་ཏུ་གྱུར་ཡོད། དེར་མ་ཟད། དེང་རབས་སྒྲུང་གཏམ་གྱི་མི་རབས་གསར་པ་འདི་འདྲ་ཞིག་བྱུང་བས། བོད་ཀྱི་སྒྲུང་གཏམ་དེང་རབས་ལ་ཕྱོགས་པའི་དབྱེ་མཚམས་ཀྱང་དུས་ལ་བལྟས་ནས་འཇོག་པ་ལས་མི་ལ་བལྟས་ཏེ་བཞག་ཚེ་དེ་བས་ཀྱང་གཙིགས་པར་མངོན་ཏེ། ལྷ་བྱམས་རྒྱལ་སོགས་ཀྱི་མི་རབས་འདིའི་གྲས་སུ་དགག་གཞག་དང་སུན་འབྱིན་གྱི་དབང་དུ་གྱུར་ཏེ་སྤྱི་ཚོགས་ཀྱི་དོན་དངོས་མཚོན་པའི་ལས་འབའ་ཞིག་དོན་དུ་གཉེར་བའི་སྒྲུང་གཏམ་པ་ནི་ཕལ་ཆེར་རྙེད་དཀའ་བའི་ཚོད་ཡིན་པས་སོ། །
དེས་ན་བོད་ཀྱི་སྒྲུང་གཏམ་གསར་རྩོམ་ནི་ཕལ་ཆེར་2000ལོའི་ཡས་མས་ནས་བཟུང་ཁྱོན་ཡོངས་ནས་དེང་རབས་ལ་ཞུགས་མགོ་བརྩམས་པར་བརྗོད་ཆོག་ལ། དེ་བས་ཀྱང་ལྷ་བྱམས་རྒྱལ་སོགས་ཀྱི་མི་རབས་གསར་པ་དེ་ནས་བཟུང་ཁྱོན་ཡོངས་ནས་དེང་རབས་ལ་ཕྱོགས་པར་བརྗོད་ན་དེ་བས་ཀྱང་གཙིགས་པར་སྙམ།
མཇུག་བསྡོམས།
མདོར་ན། འཛམ་གླིང་སྤྱི་མཐུན་གྱི་ངོས་འཛིན་ལྟར་སོང་ཚེ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པར་བྱུང་བའི་བོད་ཀྱི་སྒྲུང་གཏམ་བྱིངས་ནི་སྲོལ་རྒྱུན་བྱུང་རིམ་གྱི་སྒྲུང་གཏམ་དང་དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་དུ་འཇོག་པ་ལས་འོས་མེད་གཤིས། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་བྱུང་བའི་སྒྲུང་གཏམ་ཡོད་ཚད་ལ་དེང་རབས་ཀྱི་ཐ་སྙད་བྱེད་པ་ནི་ནོར་བ་རྒྱུན་འབྱམས་ཀྱི་སྣང་ཚུལ་ཞིག་ཏུ་འདོད་ལ། བོད་ཀྱི་དེང་རབས་སྒྲུང་གཏམ་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་དཀྱིལ་ནས་མྱུ་གུ་ཙམ་འབུས་ཏེ། དུས་རབས་ཉེར་གཅིག་གི་ཡས་མས་སམ་ལྷ་བྱམས་རྒྱལ་སོགས་ཀྱི་མི་རབས་དེ་ནས་བཟུང་ཁྱོན་ཡོངས་ནས་དར་འགོ་ཚུགས་པ་ནི་བོད་ཀྱི་སྒྲུང་གཏམ་གསར་རྩོམ་གྱི་དོན་དངོས་གནས་ཚུལ་ཞིག་ཏུ་མཐོང་ངོ་། །
དཔྱད་གཞིའི་ཡིག་ཆ།
① 马泰·卡林内斯库:«现代性的五副面孔»[M],南京:译林出版社,2015年,第355页。
② 拉尔·热奈特:«叙事话语、新叙事话语»[M],北京:中国社会科学出版社,1990年,第12页。
③ 罗兰·巴尔特:«写作的零度»[M],北京:中国人民大学出版社,2008年,第6页。
④ 吉尼亚·伍尔夫:«普通读者»[M],北京:人民文学出版社,2013年,第168页。
⑤ 马·布雷德伯里、詹·麦克法兰编:«现代主义»[M],上海:上海外语教育出版社,1992年,第367页。
⑥ 恩·P·瓦特:«小说的兴起»[M],北京:三联书店出版社,1992年,第7页。
⑦⑨⑩ དོན་གྲུབ་རྒྱལ། «དཔལ་དོན་གྲུབ་རྒྱལ་གསུང་འབུམ»(པོད་གཉིས་པ།) བརྩམས་སྒྲུང་ཕྱོགས་བསྒྲིགས། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1997ལོ། ཤོག་ངོས195,123,153
⑧ 恩·P·瓦特:«小说的兴起»[M], 北京:三联书店出版社,1992年,第8页。
⑪ 1986ལོའི་«སྦྲང་ཆར་»དེབ་གཉིས་པ།
⑫ 兰·昆德拉:«小说的艺术»[M],上海:上海译文出版社,2012年,第47页。
⑬ 布雷德伯里、詹·麦克法兰编:«现代主义»[M],上海:上海外语教育出版社,1992年,第367页。
⑭ 亨利·詹姆斯:«小说的艺术»[M],上海:上海译文出版社,2001年,第9页。
⑮ 布雷德伯里、詹·麦克法兰编:«现代主义»[M],上海:上海外语教育出版社,1992年,第374页。
⑯ 哈罗德·布鲁姆:«西方经典»[M],南京:译林出版社,2015年,第2页。
⑰ འདིར་རྩོམ་པ་པོའི་ན་ཚོད་ལྟར་བཞག་པ་མིན་པར་གསར་རྩོམ་ལ་ཞུགས་པའི་དུས་ཀྱི་སྔ་འཕྱི་ལ་བསྟུན་ཡོད། ཡོང་ཁུངས། «ཀྲུང་གོའི་བོད་རིག་པ» 2020.3
ཡོང་ཁུངས། «ཀྲུང་གོའི་བོད་རིག་པ» 2020ལོའི་དེབ་གསུམ་པ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།