ངོས་དང་པོ > རྩོམ་རིག > རྩོམ་རིག་དཔྱད་བརྗོད། > ༢༠༢༡ལོའི་བོད་ཀྱི་རྩོམ་རིག་གི་སྡིངས་ཆ་ལ་འཁྱུག་ཙམ་བལྟ་བ།
༢༠༢༡ལོའི་བོད་ཀྱི་རྩོམ་རིག་གི་སྡིངས་ཆ་ལ་འཁྱུག་ཙམ་བལྟ་བ།
རྩོམ་པ་པོ།:རེ་རྐང་གླིང་།
ཡོང་ཁུངས།:མི་རྒོད་རྩོམ་རིག་འཕྲིན་སྟེགས།
དུས་ཚོད།:2021-12-31 14:32:30
ཀློག་གྲངས།:
༢༠༢༡ལོའི་བོད་ཀྱི་རྩོམ་རིག་གི་སྡིངས་ཆ་ལ་འཁྱུག་ཙམ་བལྟ་བ།
རེ་རྐང་གླིང་།
གོ་ལ་ཧྲིལ་པོ་ཏོག་གསར་ནད་དུག་གིས་ཟང་ཟིང་དུ་བཟོས་ཤིང་། མི་དང་མིའི་དབར་དང་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་དབར་ལ་ཕན་ཚུན་དོགས་པ་འཛིན་པའི་བློ་དེས་ལག་འཇུ་ཡི་ཚབ་ཏུ་དཔུང་ཐུག་རྒྱག་པ་དང་། ཚོགས་འདུ་ཆེ་མ་ཆུང་གསུམ་དྲ་ལམ་དུ་འཚོགས་དགོས་པ། ཐ་ན་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་དག་ཀྱང་དྲ་ལམ་ཐད་གཏོང་གི་རྣམ་པས་འཚོགས་པ་སོགས་མིའི་རིགས་ལ་སྔར་བྱུང་མ་མྱོང་བའི་འཇིག་ཉེན་ནམ་ཉམས་སད་ཐེངས་ཤིག་སློང་ཐུབ་ཡོད་པ་དེས་རང་བྱུང་ཚན་རིག་གི་སྒོ་འཕར་ཡངས་པོར་འབྱེད་པ་ལ་འགྲན་བསླངས་པ་དེ་བཞིན། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཚན་རིག་པ་དང་མཆེད་མཁས་པ་དག་གིས་བློ་ཡུལ་ལས་འདས་པའི་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་ཏོག་གསར་ནད་དུག་གི་འགོག་ཁབ་གསར་གཏོད་བྱས་པ་དང་། གང་ལ་གང་འཚམས་དང་དེ་ལ་དེ་བསྟུན་གྱི་བྱེད་ཐབས་སྣ་ཚོགས་བཏོན་པ་ཡིས་རྩ་བའི་ཆ་ནས་མིའི་རིགས་ནད་ཡམས་ཀྱི་འཇིགས་པ་དེ་ལས་ཐར་ཞིང་རྣམ་པར་རྒྱལ་ཡོད་ཅེས་བརྗོད་ཆོག་པ་རེད།
ཡིན་ནའང་མིའི་རིགས་ཀྱི་ཚེ་སྲོག་དང་རང་བྱུང་ཁམས་རྨེག་མེད་བཟོ་བའི་འཇིག་ཉེན་གང་ཞིག་ཡིན་ཡང་དུས་ཀྱི་རླུང་འཚུབ་འཇགས་རྗེས་སུ་ལོ་རྒྱུས་ཀྱི་མེ་ལོང་ལས་མངོན་ཡོང་བ་ནི་བདེན་དགེ་མཛེས་གསུམ་གྱི་དཔལ་ལ་ཡོད་ཚད་བློས་གཏོང་ཐུབ་མཁན་གྱི་དཔའ་བོའི་སྣང་བརྙན་རེ་རེ་ཡིན་ཞིང་། ལོ་རྒྱུས་ཀྱི་བྱུང་བ་དེ་དག་གིས་ང་ཚོ་ལ་ཕ་མེས་ཀྱི་དཔའ་སྤོབས་དང་མིའི་རིགས་ཀྱི་བློ་སྟོབས་དེ་སྟོན་ཐུབ་ཡོད་པར་མ་ཟད། དེ་དག་ཡི་གེའི་གཟུགས་སུ་འགོད་པའི་བློ་གྲོས་ཅན་དག་གི་ཤེས་རབ་ཀྱང་མངོན་ཐུབ་ཡོད་པ་དེས་ནད་ཡམས་ཀྱིས་ཀུན་ནས་གཙེས་པའི་མི་ལོ་རེ་གཉིས་པོ་འདི་ཡང་འཛམ་གླིང་དམག་ཆེན་གཉིས་ཀྱི་རྗེས་སུ་བྱུང་བའི་འཛམ་གླིང་རང་བཞིན་གྱི་དོན་བྱ་གལ་ཆེན་ཞིག་སྟེ། སྨྱུག་ཐོགས་པ་དག་ལ་མཚོན་ན་ལོ་རྒྱུས་ཀྱི་སྒྲུང་རྩོམ་མམ་དཔའ་བོའི་སྙན་ཚིག་རྩོམ་པ་ལ་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་གནང་ཡོད་པ་རེད།
སྐབས་སུ་བབས་པ་བོད་ཀྱི་རྩོམ་རིག་གི་སྡིངས་ཆ་ལས2021ལོའི་གནས་བབ་སྐོར་ལ་ཕྱིར་མིག་ཅིག་བལྟས་ན། བོད་རང་ལ་ལོ་རྒྱུས་ཀྱི་སྒྲུང་རྩོམ་མམ་དཔའ་བོའི་སྙན་ཚིག་བྲིས་པ་ད་དུང་མིག་གི་མཐོང་ཡུལ་དུ་མ་གྱུར་པས་ཀྱང་། གནོད་ཐེབས་ས་ཁུལ་དག་ལ་གདུང་སེམས་མཉམ་སྐྱེ་ཡི་སེམས་ངོ་མཚོན་པའི་སྙན་ཚིག་དང་། བོད་སྐད་བརྙན་ཐུང་དང་རི་མོ་སོགས་མང་པོ་ཞིག་བརྩམས་གནང་མཛད་ཡོད་པ་དེས་བོད་སྐད་ཡིག་གི་ཐུན་མོང་མ་ཡིན་པའི་ཟུར་ཁ་ཞིག་མཚོན་ཡོད། ཡིན་ནའང་ལོ་འཁོར་མོའི་ཤུགས་རྐྱེན་གྱི་ངོས་ནས་བརྗོད་ན་དགའ་སྐྱོ་གཉིས་ལྡན་གྱི་དོན་བྱ་མང་པོ་ཞིག་གིས་ང་ཚོ་ལ་མངར་སྐྱུར་འདྲེས་མའི་འགལ་འདུའི་སེམས་ཁམས་ཤིག་བསླངས་ཡོང་བ་ནི། དཔེར་ན་རྩོམ་རིག་ལོ་ཙཱ་ཁོ་ནའི་སྟེང་ནས་བརྗོད་ནའང་འཛམ་གླིང་རྩོམ་རིག་གི་དཔེ་དེབ་མང་པོ་བོད་ཡིག་ཏུ་པར་དུ་བསྐྲུན་པ་དང་། སྨྱན་སྦྱོར་གསར་པའི་ལམ་ཁ་ནས་འཕྲིན་སྟེགས་མང་པོ་གསར་འབྱེད་ཀྱིས་བོད་ཀྱི་རྩོམ་རིག་སྐོར་ལ་ཕྱར་བ་གྲུ་འདེགས་ཀྱི་ལས་དོན་རླབས་པོ་ཆེ་མང་པོ་ཞིག་བསྒྲུབས་པ་ཧ་ཅང་དགའ་འོས་ནའང་། དེ་ལ་སྐུ་ཞབས་མེ་ལྕེ་ལགས་ཀྱིས«ང་ཚོས་རང་གི་རྩེད་ར་འཆུགས་མི་རུང»ཞེས་པའི་རྩོམ་དུ“རྒྱ་ཡིག་སོགས་སུ་བསྒྱུར་བའི་རྩོམ་དེ་དག་ལས་ལ་ཤས་ནི་ལོ་ཙཱ་བས་རང་མོས་སྒོས་བསྒྱུར་བ་ཡིན་པ་དང་། ལ་ཤས་ནི་རྩོམ་པ་པོ་ཁོ་རང་གིས།‘ཨ་ཁུ་ལོ་ལོ། ངའི་རྩོམ་འདི་སྒྱུར་རོགས་གནང’ཞེས་གཞན་ལ་སྐུལ་ཅིང་ཞུ་བ་འཐེན་ནས་ལོ་ཙཱ་བྱས་པ་ཡིན་འདུག”ཅེས་བརྗོད་པ་ལྟར། བོད་རང་གི་རྩོམ་རིག་ལོ་ཙཱའི་བགྱི་བ་དེ་རུལ་སུངས་ཀྱི་ངོ་བོ་རུ་འབྱམས་པ་ནས་ལོ་ཙཱ་བ“གླ་པ”དག་བྱུང་ཞིང་། རྩོམ་པ་པོ་གྲགས་ཅན་དག་གི་རྩོམ་ཡིག་ཕར་བསྒྱུར་བའི་གྲངས་ཀ་ཤིན་ཏུ་ཉུང་ལ་སྒྲུང་རྩོམ་བསྒྱུར་བའི་གྲངས་དེ་ལས་ཀྱང་ཉུང་། དེར་མ་ཟད། ཉེ་བའི་ལོ་འདི་དག་གི་རིང་ལ་བོད་རྒྱ་སྐད་གཉིས་ཕན་ཚུན་ལ་རྩོམ་པ་པོ་རང་ཉིད་དང་ལོ་ཙཱ་བ་རང་ཉིད་བྱས་ཏེ་བརྩམས་ཆོས་ཀྱི་འགབ་ཏུ་རང་གི་མིང་ཡིག་ཐེངས་གཉིས་ལ་འབྲི་བ་དེས་ཀློག་པ་པོ་རྣམས་བཞད་གད་ཤོར་དུ་བཅུག་ཡོད། སྣང་ཚུལ་དེའི་རིགས་གཅིག་ཏུ་ན་རང་གི་ལས་ཐོབ་སོགས་ཀྱི་ཆེད་དུ་རྩོམ་རིག་ཅེས་པ་ཀླད་རྒྱབ་ཏུ་དོར་བ་དང་། གཉིས་སུ་བོད་ཀྱི་རྩོམ་རིག་ཅེས་པ་ནི་རང་གི་དགའ་ཁ་འཁྱེར་ཕྱོགས་ལྟར་གང་འདོད་དུ་བརྩམ་ཆོག་ལ། ཅི་འདོད་དུ་བསྒྱུར་ཆོག་པའི་རྩེད་མོ་ཞིག་ཏུ་བསམས་ཡོད་ནའང་། བོད་ཀྱི་རྩོམ་རིག་གི་མ་འོངས་མདུན་ལྗོངས་དེ་འཛམ་གླིང་ཅན་དུ་འགྲོ་བའི་དོན་དུ་ང་ཚོས་སྔོན་བྱོན་མེས་པོ་དག་གིས་ལོ་ཙཱ་བ་ལ“འཇིག་རྟེན་མིག”ཅེས་བླ་རུ་བཀུར་ཞིང་། ཕྱི་ཡིག་བོད་རང་སྐད་དུ་བསྒྱུར་བ་རང་གི་ལས་ཀ་གཙོ་བོ་ཞིག་ཏུ་ལྟ་བའི་སྲོལ་རྒྱུན་དེ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་སྤེལ་སྒོས་བོད་ཡིག་སྐད་རིགས་གཞན་ལ་བསྒྱུར་བའི་ལས་ཀ་སྐད་རིགས་གཞན་གཙོ་རྒྱུགས་ཡིན་པའི་ལོ་ཙཱ་བར་བཅོལ་ན་ནི། མི་རིགས་ཕན་ཚུན་གྱི་ཡག་སྣང་ལྟ་བ་དང་འཇིག་རྟེན་ལྟ་ཚུལ་སོགས་ཆུ་ལ་ཆུ་བཞག་པ་ལྟར་ཐོན་པའི་དགེ་བ་རྒྱ་ཆེ་བར་འདོད།
ཡང་སྨྱན་སྦྱོར་གསར་པའི་ལམ་གྱི་བོད་ཡིག་འཕྲིན་སྟེགས་དག་ལ་མཚོན་ནའང་། ཉེ་བའི་ལོ་འདི་དག་གི་རིང་ལ«བོད་ཀྱི་རྩོམ་རིག་སྒྱུ་རྩལ»སོགས་བོད་ཡིག་དུས་དེབ་ཆེ་གྲས་རྣམས་ཀྱིས་ཀྱང་དུས་དེབ་དེ་གའི་མིང་ཐོག་ནས་འཕྲིན་སྟེགས་བཟོས་པ་ལ་ནི་ཧ་ཅང་གུས་པར་བྱ་བའི་གནས་ཡིན་ནའང་། སྟེང་གི་བཀོད་པའི་འགྱུར་ལྡོག་དང་ཁེ་ཚོང་གིས་བསྐྱེད་པའི་འདུ་ཤེས་དེས་ད་ལྟ་འཕྲིན་སྟེགས་མང་པོ་ཞིག་རྒྱ་བོད་ཡིག་མཉམ་བསྲེས་ཀྱི་འཕྲིན་སྟེགས་རྣམས་སུ་གྱུར་དང་འགྱུར་བཞིན་ཡོད། སྤྱིར་ན་རྒྱ་བོད་ཡིག་རིགས་གཉིས་ནི་ང་ཚོས་རྒྱུན་སྤྱོད་ཀྱི་ཡི་གེ་ཡིན་པ་དེས་འགལ་བ་ཆེར་མེད་ནའང་། ཀློག་པ་པོའི་ཁྱབ་ཁོངས་དང་འཕྲིན་སྟེགས་རང་གི་འགན་བབ་ཀྱི་ལས་ཀ་ལྟར་བཤད་ན། རྒྱ་ཡིག་གི་འཕྲིན་སྟེགས་རྣམས་སུ་དབྱིན་ཡིག་དང་ཉི་ཧོང་གི་ཡི་གེ་སོགས་བསྲེས་ན་མི་མཛེས་པ་ནང་བཞིན་བོད་ཡིག་གི་འཕྲིན་སྟེགས་རྣམས་སུ་རྒྱ་ཡིག་གི་རྩོམ་སོགས་འཇོག་པ་དེ་ལའང་ཆེད་ལས་དང་གཅིག་གྱུར་མིན་པའི་སྐྱོན་ཞིག་མཐོང་ཡོང་བ་མ་ཟད། རྗེས་སོར་བོད་ཡིག་གི་དུས་དེབ་དང་ཚགས་པར་སོགས་ཀྱང་ཡིག་རིགས་མང་པོ་མཉམ་བསྲེས་ཀྱི་དེབ་ཚགས་རྣམས་སུ་འགྱུར་རྒྱུའི་ལྟས་མི་ལེགས་པ་ཞིག་མངོན་ཡོད་པ་རེད། འདི་ལ་སྒེར་གཉེར་འཕྲིན་སྟེགས་མང་པོ་ཞིག་གི་འགན་འཛིན་པ་སློབ་མ་སོགས་ཡིན་པ་དེས་ཁོ་ཚོའི་མིག་ཁའི་འཚོ་ཚིས་ཀྱི་དགོས་མཁོ་དང་ཡང་ན་བཀླག་གྲངས་ཙམ་པོ་ཞིག་ལ་དམིགས་ཏེ་ཡིག་རིགས་སྣ་ཚོགས་མཉམ་བསྲེས་ཀྱི་གཞི་ས་ཞིག་བཟུང་བ་ལ་ནི་གནས་ལུགས་མང་པོ་བཤད་དགོས་པའི་རྒྱུ་མཚན་ཆེར་མེད་ནའང་། བོད་ཡིག་ཚགས་དེབ་ཀྱི་རྩོམ་སྒྲིག་ཁང་དང་སྨྱན་སྦྱོར་ལས་ཁུངས་མང་པོ་ཞིག་གིས་མི་སྒེར་བ་དེ་དག་ལ་རྗེས་ཟློས་ཀྱིས་འཕྲིན་སྟེགས་རྣམས་སུ་བོད་རྒྱ་ཡིག་མཉམ་བསྲེས་ཀྱི་རྩོམ་ཡིག་སོགས་སྤེལ་བའི་ལས་ཀ་དེ་དག་ནི་མདོར་དེད་ན་མི་རིགས་སྐད་ཡིག་གི་རང་སྐྱོང་སྲོལ་ཡིག་རྣམས་དང་ཡང་འགལ་ཡོད་པ་འདི་དག་གིས་མ་འོངས་པ་ན་བོད་ཀྱི་ལོ་ཙཱ་བ་དང་འཕྲིན་སྟེགས་དོ་དམ་པ་དག་གིས་བོད་སྐད་བོད་ཡིག་འཕེལ་རྒྱས་ཀྱི་ཕྱོགས་ལ་ནུས་ཤུགས་འདོན་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་པའི་དོན་བྱ་ཡག་པོ་ཞིག་ཏུ་བསམ་དགོས་སོ། ། (གཞན་དེང་གི་ལོ་ཙཱ་བ་མང་པོ་ཞིག་གིས་འཕྲུལ་ཆས་ལོ་ཙཱ་ལ་སྐྱབས་བཅོལ་བའི་གནས་ཚུལ་ཤིན་ཏུ་ཛ་དྲག་ཡིན་ནའང་འདིར་སྐབས་སུ་མ་བབས་པས་བསྐྱུངས་ཡོད)
✦✦
༡ འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་ཤིང་། དཔེ་སྐྲུན་རྩོམ་སྒྲིག་པ་བསོད་ལོ་ལགས་ཀྱིས་ཇུས་འགོད་དང་གཙོ་སྒྲིག་བྱས་པའི“འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས”དེབ་ཕྲེང་ཉི་ཤུ་ཅན་དེ་ད་ལོར་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་པ་འདི་ལས་བོད་ཀྱི་ཀློག་པ་པོ་དག་ལ་འཛམ་གླིང་གི་སྒྲུང་རྩོམ་གྲགས་ཅན«ལོ་བརྒྱའི་ཁེར་རྐྱང»དང«ཅ་ཅོ་དང་ཁོང་ཁྲོ»སོགས་བཀླག་རྒྱུའི་སྐལ་བ་བསྩལ་ཅིང་། ཁྱད་པར་དུ་བཀྲ་ཤིས་དཔལ་ལྡན་དང་ཁྲི་སེམས་དཔའ་སོགས་བོད་ས་སྐྱེས་རྡོ་སྐྱེས་ཀྱི་རྩོམ་པ་པོ་རྒན་གཞོན་གཉིས་ཀྱིས་དངོས་སུ་ལོ་ཙཱ་བྱས་པ་དེས་བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་འགྲོས་དང་དེང་རབས་ལོ་ཙཱའི་བྱ་བཞག་ཐད་སྔར་མེད་གསར་འབྱེད་ཀྱི་ལམ་ཚད་རྡོ་རིང་ཞིག་སློང་ཐུབ་ཡོད།

✦✦
༢ རྩོམ་པ་པོ་བཀྲས་གླིང་དབང་རྡོར།
སྐུ་ཞབས་དོན་གྲུབ་རྒྱལ་སྐུ་གཤེགས་པ་ནས་དུས་རབས་ཉེར་གཅིག་པ་ཚེས་ཚུན་དུ་གླང་མདུན་དཔལ་འབྱོར་དང་ནགས་པོ་སྐལ་བཟང་སོགས་བོད་ཀྱི་དེང་རབས་རྩོམ་རིག་གི་རྩོམ་པ་པོ་རྒན་པ་རེ་རེ་བཞིན་སྐུ་གཤེགས་ནའང་། གཞོན་ནུ་དག་ལ་མཚོན་ན་དེ་ལ་ཞིབ་འཇུག་དང་བསམ་བློ་གཏོང་རྒྱུའི་འདུན་པ་མེད་པར་ཁུ་སིམ་པོར་གནས་ཐུབ་ཡོད། ཡིན་ནའང2021ལོ་ལ་མཚོན་ན་གཞོན་ནུ་དག་གི་སེམས་ཁ་ནང་ལ་འཁོར་བའི་དན་རྟགས་དམར་པ་ཞིག་མངོན་ཡོད་པ་ནི། ད་ལོར་དགུང་ལོ89ལོན་པའི་རྩོམ་པ་པོ་གྲགས་ཅན་བཀྲས་གླིང་དབང་རྡོར་ལགས་ལ་མི་ཆུང་ཁ་བདེ་ལེ་ཚན(桑东有缘)དང་། སློབ་གྲྭ་ཆེན་མོ་བ་སྐོར་ཅིག་གིས་ཆེད་དུ་བཅར་འདྲི་བྱས་པའི་བརྙན་དང་རྩོམ་ཡིག་སོགས་ཀྱིས་དྲ་ནང་ལ་ཉམས་འུར་བསྐྱེད་པ་དེས་འཕྲིན་སྟེགས་རྣམས་སུ་སྒྲུང་རྩོམ«བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད»སྐོར་དང་འབྲེལ་ཡོད་ཀྱི་དཔྱད་རྩོམ་མང་པོ་ཞིག་ཐོན་པ་བཅས2021ལོ་ནི་རྩོམ་པ་པོ་རྒན་པ་བཀྲས་གླིང་དབང་རྡོར་གྱི་རྩོམ་རིག་གི་ལོ་ཞིག་ཏུ་གྱུར་ཡོད།

✦✦
༣ བོད་ཀྱི་རྩོམ་རིག་བྱ་དགའ།
བོད་ཀྱི་རྩོམ་རིག་བྱ་དགའ་དག་ལས་སྦྲང་ཆར་རྩོམ་རིག་བྱ་དགའ་དང་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་གཉིས་ནི་བོད་ཀྱི་རྩོམ་རིག་བྱ་དགའ་ལ་མཚོན་ན་ལྟོས་བཅས་ཀྱིས་ལོ་རྒྱུས་ཅུང་རིང་བའི་བྱ་དགའ་གཉིས་ཡིན་པར་མ་ཟད། བྱ་དགའ་སྟེར་བའི་ལོ་ཚིགས་སྟེས་དབང་གིས་ལོ་འཁོར་གཅིག་ལ་འཁེལ་ཡོད། ད་ལོར་དུས་དེབ་ཁང་གཉིས་གས་བྱ་དགའ་ཐོབ་མཁན་གྱི་མཚན་བསྟུད་མར་གསལ་བསྒྲགས་བྱས་པ་ལས2021ལོ་དེ་རྩོམ་རིག་བྱ་དགའི་ལོ་ཞིག་ཏུ་སྟོན་ཐུབ་ཡོད་པ་རེད། དེ་ལས་གཞོན་ནུ་རྩོམ་པ་པོ་ལྷ་ལུང་རྒྱ་མཚོའམ་ཁེར་བུ་ལགས་ལ་མཚོན་ན་བྱ་དགའ་དེ་གཉིས་ཀ་ལེན་མཁན་གྱི་མི་སྣ་རུ་གྱུར་བ་དེས་རྩོམ་པ་པོ་སྒེར་པའི་རྩོམ་རིག་གྲུབ་འབྲས་ལ་གཡུར་ཟའི་འབྲས་བཟང་ཐོབ་ཡོད་པ་མཚོན་ལ། ཚུལ་དེ་བཞིན་གཞོན་ནུ་རྩོམ་པ་པོ་དུང་བུ་ཆོས་འབུམ་རྒྱལ་ལའང་གངས་རྒྱན་མེ་ཏོག་སྙན་ངག་བྱ་དགའ་དང་མཚོ་སྔོན་བོད་ཡིག་གསར་འགྱུར་རྩོམ་སྒྲིག་ཁང་གིས་སྤེལ་བའི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་བསྡུར་སྐབས་གསུམ་པའི་བྱ་དགའ་ཐོབ་པ་དེས་རྩོམ་པ་པོ་གཅིག་ལ་སྒྲུང་ཐུང་དང་སྙན་ངག་གི་རྩོམ་སྣ་མི་འདྲ་བ་གཉིས་ལ་བྱ་དགའ་དུས་གཅིག་ཏུ་ཐོབ་པ་ལ་སོགས་པས་བོད་ཀྱི་རྩོམ་རིག་བྱ་དགའི་ནང་དོན་ལ་བཀྲག་མདངས་གསར་པ་ཞིག་སྩོལ་ཐུབ་ཡོད།

✦✦
༤ «སྦྲང་ཆར་རྩོམ་རིག་བྱ་དགའི་བརྩམས་ཆོས་ཕྱོགས་བསྒྲིགས»
«སྦྲང་ཆར»སྤེལ་ནས་ལོ་འཁོར40ལོན་པའི་སྐྱེས་སུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བའི་པོད་དྲུག་ཅན་གྱི་དཔེ་ཚོགས«སྦྲང་ཆར་རྩོམ་རིག་བྱ་དགའི་བརྩམས་ཆོས་ཕྱོགས་བསྒྲིགས»ཞེས་པ་འགྲེམས་སྤེལ་བྱས་པ་དེས་དུས་དེབ«སྦྲང་ཆར»གྱི་ཉིང་བཏུས་རྩོམ་ཡིག་རྣམས་ཕྱོགས་གཅིག་ཏུ་དཔར་བའི་དགེ་མཚན་དང་། ཡང་ན་བོད་རྩོམ་གྱི་ཉིང་བཏུས་དཔེ་ཚོགས་ཤིག་དཔར་བ་བཞིན་གྱི་དགེ་མཚན་མངོན་ཡོད།

✦✦
༥ «བརྩེ་དུང་གི་གཏམ་རྒྱུད»
2021ལོའི་ཟླ་དཀྱིལ་དུ་སྐུ་ཞབས་ལྗང་བུ་ལགས་ཀྱི་སྒྲུང་ཐུང་དེབ«བརྩེ་དུང་གི་གཏམ་རྒྱུད»ཅེས་པ་པར་སྐྲུན་འགྲེམས་སྤེལ་བྱས་པ་ནི་རྒྱ་ཆེའི་ཀློག་པ་པོ་དག་ལ་མཚོན་ན་རྩོམ་པ་པོ་ཁོང་གིས་དེ་སྔ་སྙན་དེབ་གཉིས་དང་ལྷུག་རྩོམ་དེབ་གཅིག་བསྟུད་མར་སྤེལ་བ་ནས་མི་ལོ་ཉི་ཤུའི་རྗེས་སུ་ཡང་བསྐྱར་དེབ་གསར་ཞིག་དཔར་བ་ཡིན་པས་ཧ་ཅང་དགའ་སྤྲོ་སྐྱེ་བའི་དོན་བྱ་ཞིག་དང་། ལྷག་པར་དུ་བོད་ཀྱི་སྙན་ངག་པ་རྩེ་གྲ་རུ་ལྟ་བའི་ལྗང་བུ་ལགས་ཀྱི་སྒྲུང་ཐུང་གི་དེབ་ཅིག་དཔར་བ་ལ་ལོ་རྒྱུས་ཀྱི་རིན་ཐང་ལྡན་པ་རེད།

✦✦
༦ «འཇམ། —Mགྲོང་ཚོའི་རྣམ་བཤད»
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་པའི་རྩོམ་པ་པོ་ལྷ་བྱམས་རྒྱལ་གྱི་རིག་གཞུང་ཞིབ་འཇུག་དེབ«འཇམ། —Mགྲོང་ཚོའི་རྣམ་བཤད»ཅེས་པ་ལས་རང་བྱུང་ཁོར་ཡུག་དང་། ཐོན་སྐྱེད་ངལ་རྩོལ། ཡུལ་སྲོལ་དད་མོས་སོགས་གནའ་བོའི་འཚོ་གནས་རིག་གནས་ཀྱི་ཐ་སྙད་མང་པོ་ཞིག་སྔོག་འདོན་ཐུབ་པ་དེ་ལས་བོད་ཀྱི་དེང་རབས་རྩོམ་རིག་གི་སྐད་བརྡ་ཕུན་ཚོགས་ཇེ་རྒྱས་སུ་གཏོང་བ་ལ་སྔ་ན་མེད་པའི་མཐུན་རྐྱེན་སྦྱོར་ཐུབ་ཡོད།

✦✦
༧ «འདི་ན་ཡང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག»གི་པར་གཞིའི་སྐོར་གྱི་གླེང་མོལ།
དཔལ་དོན་གྲུབ་རྒྱལ་སྐུ་གཤེགས་པ་ནས་ད་ལྟ་ལ་ཐུག་གི་བར་དུ་ཁོང་དང་འབྲེལ་ཡོད་ཀྱི་རྩོམ་ཡིག་བགྲང་གིས་མི་ལོངས་པ་ཞིག་ཐོན་ཡོད་ཅིང་། ལོ་རེ་རེ་བཞིན་ཁོང་ལ་རྗེས་དྲན་ཞུ་བའི་དྲན་གསོའི་བྱེད་སྒོ་རབ་དང་རིམ་པ་ཞིག་སྤེལ་གྱིན་ཡོད་པ་རེད། སྨྱན་སྦྱོར་གསར་པའི་རིག་གནས་ཤུགས་ཆེན་དར་པ་ཡིས་སྲོལ་རྒྱུན་མང་པོ་ཞིག་ལོ་རྒྱུས་ཀྱི་མཚོ་ལ་ཐིམ་ཞིང་། འགའ་ཞིག་ལ་སྲོག་གསར་ཞུགས་པའི་ངང་ཚུལ་གྱིས་བསྐྱར་དུ་ང་ཚོའི་མིག་སྒོར་ཐོན་ཡོད། དེ་ལ2021ལོར་མཚོན་ནའང་དྲ་ནང་དུ་དཔལ་དོན་གྲུབ་རྒྱལ་གྱི་རང་མོས་སྙན་ངག་གྲགས་ཅན«འདི་ན་ཡང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག»ཅེས་པའི་པར་གཞིའི་སྐོར་གྱི་གླེང་མོལ་ཞིག་ས་ཁྱབ་རྡོ་ཁྱབ་ཏུ་སོང་བ་ནི། རྩོམ་པ་པོ་ཁོང་གིས་སྙན་ངག་དེ་རྩོམ་སྐབས་ཡུལ་དངོས་སུ་སྐྱེ་བོ་སུ་དང་སུ་ཡོད་པའི་སྐོར་གྱི་རྩོད་གླེང་ལྟ་བུ་ཞིག་ཡིན་ནའང་། གླེང་མོལ་གྱི་སྐབས་སུ་སྐུ་ཞབས་ལྗང་བུ་སོགས་ཀྱི་ཕྱིར་དྲན་ལས་རྙེད་པའི་ངག་སྒྲོས་དག་ལས་སྐབས་དེའི་ལོ་རྒྱུས་ཀྱི་སྣང་བརྙན་གསོན་པོ་ཞིག་སླར་མཚོན་ཐུབ་པ་དེ་ཡིས་སྙན་ངག་བརྩམས་ཆོས་གང་དེ་ཞིབ་འཇུག་བྱེད་པ་ལ་ཕུན་སུམ་ཚོགས་པའི་རྒྱུ་ཆ་མཁོ་སྤྲོད་བྱེད་ཐུབ་ཡོད་པ་དང་། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་གི་བོད་རྩོམ་གྱི་སྣང་བརྙན་དུམ་པ་ཞིག་གིས་ཀློག་པ་པོ་དག་ལ་དཔེ་ངོས་སུ་མེད་པའི་མཚར་སྣང་དང་སྤྲོ་སྣང་བསྐྱེད་ཐུབ་ཡོད།

✦✦
༨ ནོ་བྷེལ་རྩོམ་རིག་བྱ་དགའ།
ཟླ10པའི་ཚེས7ཉིན། 2021ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་ཐན་ཙན་ནི་ཡའི་རྩོམ་པ་པོ་ཨབ་དྷུལ་རཱ་ཟག•གྷུར་ནཱ་ལ་ཐོབ་པའི་འཕྲིན་གསར“མི་རྒོད་རྩོམ་རིག”འཕྲིན་སྟེགས་སྟེང་དུས་ཐོག་ཏུ་སྤེལ་ཐུབ་པ་མ་ཟད་སྐྱབས་ཆེན་བདེ་གྲོལ་སོགས་རྩོམ་པ་པོ་མང་པོ་ཞིག་གིས་གྷུར་ནཱ་ལ་བྱ་དགའ་དེ་སྤྲད་པའི་སྣང་ཚུལ་གྱི་ངོས་ནས་དཔྱད་གཏམ་སྤེལ་བ་དེས་བོད་རྩོམ་གྱི་སྡིངས་ཆ་ལ་འཛམ་གླིང་རྩོམ་རིག་གི་དྲི་བསུང་འཐུལ་བའི་དཔལ་མངོན་པ།

✦✦
༩ སོག་ཡིག་གི་སྒྲུང་རིང«སྨན་པ་གྲྭ་ཚང»
རྩོམ་པ་པོ་གྲགས་ཅན་ཨ་ཡོན་ཀ་ཡིས་སོག་ཡིག་ཏུ་བརྩམས་པའི་སྒྲུང་རིང«སྨན་པ་གྲྭ་ཚང»ཙཱ་ལན་ཚེ་རིང་དབང་ལྡན་གྱིས་བོད་ཡིག་ཏུ་བསྒྱུར་བ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་པ་ལ་སྒྲུང་དེའི་ནང་གི་སེར་མོ་པའི་འཚོ་བ་དང་མི་སྣ་དག་གི་མིང་བོད་མིང་དང་ཐག་ཉེ་བ་དེ་དག་གིས་བོད་རྩོམ་གྱི་སྡིངས་ཆ་རུ་ལོ་ཙཱའི་དེབ་ཅིག་ལ་བྱུང་མ་མྱོང་བའི་བགྲོ་གླེང་གི་གཞི་ཚུགས་པ།

✦✦
༡༠ “ནོར་ནོར”རིས་དེབ།
བསྟུད་མར་ལོ་གསུམ་ལ་གྱོང་གུན་ཕོག་པའི་སྟབས་ཀྱིས་བོད་སྐད་བྱིས་སྒྲུང་གཙིགས་སུ་འཛིན་པའི“ནོར་ནོར”གྱི་རིས་དེབ་པར་སྐྲུན་བྱེད་མཚམས་འཇོག་ཉེན་ཡོད་པའི་བརྡ་བཏང་བ་ལ། དྲ་ནང་དུ་བྱིས་སྒྲུང་གི་དགེ་མཚན་ལས་འཕྲོལ་མོལ་གྱི་ཚ་རླབས་འཕྱུར་བ།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།