༄༅།།འཇུ་མི་ཕམ་གྱི་ས་དཔྱད་སྙིང་བོའི་མཆན་འགྲེལ།
རྩོམ་པ་པོ།:སྔོ་དེའུ་སྒོམ་པ་བཀྲ་ཤིས།
ཡོང་ཁུངས།:སྔོ་རྡེའུ་ཚང་གི་འཕྲིན་སྟེགས།
དུས་ཚོད།:2022-05-16 09:14:06
ཀློག་གྲངས།:
༄༅། །འཇུ་མི་ཕམ་གྱི་ས་དཔྱད་སྙིང་བོའི་མཆན་འགྲེལ།
སྔོ་དེའུ་སྒོམ་པ་བཀྲ་ཤིས་ཀྱིས་མཆན་བཏབ།
༄༅། །ས་དཔྱད་སྙིང་བོ་བཞུགས་སོ།།[༡]
ཟུར་མཆན།
[༡] ས་དཔྱད་ཀྱི་མན་ངག་ཤིན་ཏུ་བསྡུས་པ་འདི་ཉེ་རབས་ཀྱི་མཁས་དབང་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་གསུང་འབུམ་པོད༼ག༽བ༼རྩིས་སྐོར་ནོར་བུའི་ཕྲེང་བ༽ཞེས་བྱ་བ་ལས་ཁོལ་དུ་ཕྱུངས། མཚན་བྱང༼ས་དཔྱད་སྙིང་བོ་བཞུགས་སོ།།༽ཞེས་པ་ནི། གཞུང་དེའི་མཇུག་བྱང་དུ། འདི་ནི་ས་དཔྱད་སྙིང་བོ་ཡིན། །ཞེས་འཁོད་པའི་ཚིག་ཟུར་ལས་དྲངས་ཏེ་མཆན་འདེབས་པ་བོས་གསར་དུ་བཏགས་པའོ། །
[༢] སྤྱིར་ས་ཞེས་པ་འབྱུང་བཞིའི་ནང་ཚན་སྲ་ཞིང་འཐས་པའི་ངོ་བོ་ཅན་དང་། ས་ལམ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་ས། རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་གྱི་རྟེན་གཞི་སོགས་དོན་དུ་མར་འཇུག་པ་ཚིག་མཛོད་རྣམས་སུ་གསལ་བ་ལྟར་ཏེ། མདོ་སྡེའི་རྒྱན་ལས། བློ་ལྡན་གང་དུ་བསྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང༌། །ས་བཟང་བ་དང་གྲོགས་བཟང་དང༌། །རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན། །ཞེས་གསུངས་པའི་གནས་བཟང་བོ་དང་ས་བཟང་བོའི་ཁྱད་པར་ནི། རྗེ་ཙོང་ཁ་བའི་ལམ་རིམ་ཆེན་མོར། གཅན་གཟན་སོགས་སྐྱེ་བོ་མི་བསྲུན་པ་དང་དགྲ་ལ་སོགས་པ་མི་གནས་པས་གནས་བཟང་བ་དང༌། ནད་མི་སྐྱེད་པའི་ས་ཡིན་པས་ས་བཟང་བ་དང༌། ཞེས་གསུངས་སོ། །བྱེ་བྲག་ས་དཔྱད་ཀྱི་གཞུང་བསྡུས་པ་འདིས་མཚོན་པའི་ས་གཞུང་རྣམས་ཀྱི་བརྗོད་བྱ་གཙོ་བོ་ས་ནི། སྒར་དགོན་སྡེ་ཆགས་ས་དང་། གཙུག་ལག་ཁང་དང་མཆོད་རྟེན་བཞེངས་ས། རྒྱལ་བོའི་ཕོ་བྲང་བརྩིག་ས་དང་། འབངས་ཀྱི་ཁང་ཁྱིམ་དབུབ་ས། གཤིན་པོའི་དུར་གདབ་ས་སོགས་ལ་གོ་དགོས་ཏེ། མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻ་ཌཱུརྱ་དཀར་བོའི་དོ་ཤལ་གྱི་ལེའུ་སོ་གཉིས་པ་སྟེ་ཕྱི་ནང་ས་དཔྱད་ཀྱི་མཚོན་བྱེད་དུ་བགྱིས་པའི་ལེའུ་ཞེས་བྱ་བར། དགེ་འདུན་སྡེ་དང་གཙུག་ལག་བརྩིག །རྒྱལ་བོའི་ཕོ་བྲང་བཞེངས་པ་དང་། །གསོན་པོ་དཀྱུས་མའི་ཁྱིམ་ཁང་བརྩིག །གཤིན་གྱི་དུར་ས་འདེབས་པ་ལ། །ས་ཡི་དཔྱད་ཐབས་གཅེས་པ་སྟེ། །ཞེས་སོ།།
སྐབས་འདིའི་ས་ཞེས་པའི་གོ་དོན་དང་འབྲེལ་ཏེ་ས་དཔྱད་ལ་དོ་སྣང་ཡོད་པའི་ལས་དང་བོ་བ་ཚོར་ཞུ་བྱ་ཞིག་ནི། ང་ཚོས་ས་སློབ་ན་ཐོག་མར་འགྲོ་བ་མིའི་རིགས་ཀྱི་ཁྱིམ་གཞིར་གྱུར་པའི་སའི་གོ་ལའམ་ས་ལྒང་འདི་འཇིག་རྟེན་ཁམས་ཆེན་པོའི་ཁྲོད་ཀྱི་སྐར་མ་ཆུང་ཆུང་ཞིག་ཡིན་པ་ཤེས་དགོས་ཤིང་། འཇིག་རྟེན་ཁམས་ཆེན་པོ་ཆགས་ཚུལ་མངོན་པ་དང་དུས་འཁོར་གྱི་གཞུང་ལས་ཇི་ལྟར་གསུངས་ཡོད་པ་དང་། དེའི་རྣམ་གཞག་སྟོན་པའི་དེང་རབས་ཚན་རིག་གི་གཞུང་ས་ཁམས་རིག་པ་དང་ས་གཤིས་རིག་པའི་གཞུང་ལའང་ངེས་ཆ་ཅུང་ཙམ་ཡོད་པ་བྱ་རྒྱུ་གལ་ཆེ། ང་ཚོས་མི་རིགས་རང་གི་སྲོལ་རྒྱུན་གྱི་ས་དཔྱད་རིག་པ་དང་། དེང་རབས་ཀྱི་ས་ཁམས་རིག་པའི་གཞུང་དུ། འཇིག་རྟེན་ཁམས་ཆེན་པོའི་ཁོར་ཡུག་དང་། རླུང་ཁམས་ཆེན་པོའི་ཁོར་ཡུག།རྒྱ་མཚོ་ཆེན་པོའི་ཁོར་ཡུག།ས་གཞི་ཆེན་པོའི་ཁོར་ཡུག།མིའི་རིགས་འཚོ་གཞེས་ཀྱི་ཁོར་ཡུག། ཞིང་ལས་དང་བཟོ་ལས་ས་ཁོངས་ཀྱི་ཁོར་ཡུག་སོགས་བསྟན་ཡོད་པ་གནའ་དེང་ཟུང་འབྲེལ་གྱི་ཚུལ་དུ་གང་ཐུབ་ཅི་ནུས་ཀྱིས་སློབ་སྦྱོང་བྱས་ན་ཕན་སྐྱེད་བླ་ལྷག་འབྱུང་ངེས་སྙམ་མོ།།
[༣] ས་བ་རྣམས་ཀྱི་ངག་སྒྲོས་སུ། ཤར་ཕྱོགས་དམའ་ལ་ཡངས་པ་དེ། །ཚེ་ཐག་རིང་བའི་ཀ་བ་ཡིན། །ལྷོ་ཕྱོགས་རིན་ཆེན་སྤུངས་པ་དེ། །ལོངས་སྤྱོད་རྒྱས་པའི་ཀ་བ་ཡིན། །ནུབ་ཕྱོགས་མཐོ་ལ་འདན་པ་དེ། །བསོད་ནམས་རྒྱས་པའི་ཀ་བ་ཡིན། །བྱང་ཕྱོགས་ཡོལ་བ་བྲེས་འདྲ་དེ། །ཕུགས་སུ་བརྟན་པའི་ཀ་བ་ཡིན། །ཞེས་ཟེར་སྲོལ་ཡོད་པ་ལྟར། ཤར་ཕྱེས་ལྷོ་སྤུངས་ནུབ་འདན་བྱང་གཡོར་བ་བཅས་ལ་སའི་ཀ་བ་བཞི་ཟེར་བ་ཡིན། འདིར་ཤར་ཕྱེས་ཞེས་པ་ནི་ཤར་ཕྱོགས་ཀྱི་རི་མགོ་དམའ་ཞིང་ཁ་ཡངས་པོར་ཕྱེས་པའམ་། ཤར་རི་རྒྱང་རིང་ན་གནས་ཤིང་མཐོང་རྒྱ་ཡངས་པ་དང་། ལྷོ་སྤུངས་ཞེས་པ་ལྷོ་ཕྱོགས་སུ་རི་ཆེ་ཆུང་དུ་མ་མཎྜལ་བཞིན་དུ་ཚོམ་བུར་སྤུངས་པ། ནུབ་འདན་ཞེས་པ་ནི་ནུབ་ཕྱོགས་ཀྱི་རི་བོ་སྒོ་འདན་པའམ་གཏན་པ་ལྟ་བུར་ཡོད་པ་དང་། བྱང་གཡོར་བ་ཞེས་པ་བྱང་ཕྱོགས་ཀྱི་རི་བོ་གྲུ་གཟིངས་ཀྱི་རླུང་གཡོར་ལྟ་བུའམ་སྒྲིབ་བྱེད་ཀྱི་ཡོལ་བ་ལྟ་བུར་ཡོད་པའི་དོན་ལ་གོ་དགོས་ཤིང་། གཞི་བརྟན་པ་སོགས་ཀྱི་བྱེད་ལས་ལྡན་པས་སའི་ཀ་བ་ཞེས་པ་སྟེ། སློབ་དཔོན་པདྨའི་གསང་སྔགས་ལམ་རིམ་ལས་བྱུང་བའི་ས་དཔྱད་ཐོར་བུ་ཞེས་བྱ་བར། ནུབ་མཐོ། བྱང་སྐྱོབ། ཤར་གཞོལ། ལྷོ་འདུས། ཞེས་གསུངས་ཤིང་། རཱ་ག་ཨ་སྱེས་མཛད་པའི་རི་ཆོས་མཚམས་ཀྱི་ཞལ་གདམས་ལས་ས་དཔྱད་རིན་ཆེན་ཀུན་འདུས་ལས། ས་ཡི་ཀ་བ་རྣམ་བཞི་ནི། །ཤར་ཕྱེ་ལྷོ་སྤུངས་ནུབ་འདན་པ། །བྱང་ནས་ཡོལ་བ་བྲེས་འདྲ་བཟང་། །ཞེས་གསུངས།
སའི་ཀ་བཞི་དང་སྲུང་བཞི་སྟེ་ཤར་ཀྱི་སྟག་སྐྱ་བོ་ལྷོའི་གཡུ་འབྲུག་སྔོན་མོ་ནུབ་ཀྱི་བྱ་དམར་བོ་བྱང་གི་རུས་སྦལ་སེར་བོ་བཅས་ཚང་མིན་བརྟག་པ་ནི་ས་དཔྱད་བཟང་ངན་བརྟག་པའི་འགྲོ་རིམ་གལ་ཆེན་ཞིག་ཡིན་ཞིང་། སྤྱིར་བཏང་དགོན་གྲོང་གང་ལའང་ཀ་བཞི་དང་སྲུང་བཞི་ཚང་དགོས་པས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་ལྷ་མོ་ཚུལ་ཁྲིམས་ཚང་གིས་མཛད་པའི་ས་དཔྱད་ཚིག་དོན་ཀུན་གསལ་ལས། ཀ་བཞི་སྲུང་བཞི་ཚང་བ་སྤྱི་ལ་དགོས། །ཞེས་གསུངས་སོ།།
[༤] རྒྱབ་རི་རྒྱུད་བཟང་མཐོ་བ་དང་། །མདུན་རི་ཚུར་འདུད་ཕྱོགས་ཀུན་སྣུམ། །ཞེས་པའི་རྒྱབ་རི་ནི་ཁྱིམ་གཞིའི་རྒྱབ་ཕྱོགས་སུ་ཡོད་པའི་རི་བོ་སྟེ། སའི་གོ་ལའི་བྱང་ཕྱེད་དུ་གནས་པའི་མི་རྣམས་ཀྱིས་སྤྱིར་བཏང་སྡོད་ཁང་གི་རྒྱབ་གཏོད་ས་བྱང་ཕྱོགས་དང་མདུན་གཏོད་ས་ལྷོ་ཕྱོགས་བྱེད་པ་ཡིན། འབྱུང་རྩིས་ལྟར་ན་བྱང་ཕྱོགས་ཆུའི་ཁམས་དང་ལྷོ་ཕྱོགས་མེའི་ཁམས་ཡིན་པས་ཆུ་གྲོགས་མེའི་ཕྱོགས་སུ་ཁ་གཏད་ན་ཁྱིམ་གཞིར་དཀར་ཆ་ལྡན་པ་དང་དྲོད་འཁྱིལ་བའི་ལེགས་ཆ་ལྡན་ཞིང་། གཉེན་ཉི་མ་གཉིས་ཀར་ངོ་སྟོན། དགྲ་བསེར་བུ་གཉིས་ཀར་རྒྱབ་སྐོར་ཞེས་པའི་དཔེ་ལྟར་བྱང་རླུང་ལ་གཡོལ་བ་དང་། ཉི་ཟླ་པང་དུ་ལེན་པ་སོགས་ཀྱི་དགེ་མཚན་ལྡན་པས། ས་དཔྱད་ཚིག་དོན་ཀུན་གསལ་ལས། ནུབ་ཀྱི་སྟོད་སྨད་བྱང་སྟོད་སྨད། །འདི་བཞི་རྒྱབ་ཀྱི་གཏད་ས་དང་། །ཤར་སྨད་ཤར་ལྷོ་ལྷོའི་སྟོད་སྨད། །འདི་བཞི་མདུན་གྱི་གཏོད་ས་ཡིན། །ཕྱོགས་མཚམས་གཞན་ལ་མི་རུང་ངོ་། །ཞེས་གསུངས། ཁ་བྱང་ནས་ལྷོ་རུ་གཏད་པ་གོང་དུ་བཤད་ཟིན་པ་ལྟར་ལ། ནུབ་ནས་ཤར་དུ་གཏད་པ་ནི། འབྱུང་རྩིས་ལྟར་ན་ནུབ་ཕྱོགས་ལྕགས་ཀྱི་ཁམས་དང་ཤར་ཕྱོགས་ཤིང་གི་ཁམས་ཡིན་པས་ལྕགས་གྲོགས་ཤིང་གི་ཕྱོགས་སུ་སྡོད་ཁང་གི་ཁ་གཏད་ན་སྔ་དྲོ་ཉི་འོད་ཕོག་སྔ་ཞིང་ཕྱི་དྲོ་ཉི་ཟེར་སྡུད་འཕྱི་བའི་དགེ་མཚན་ལྡན། སྤྱིར་བཏང་ཕྱོགས་མཚམས་གཞན་ལ་ཁ་གཏད་མི་རུང་བར་གསུངས་པ་ནི། ཤར་ནས་ནུབ་ལ་ཁ་གཏད་ན་ཤིང་དགྲ་ལྕགས་དང་། ལྷོ་ནས་བྱང་ལ་ཁ་གཏད་ན་མེ་དགྲ་ཆུ། ནུབ་ནས་ལྷོ་ལ་ཁ་གཏད་ན་ལྕགས་དགྲ་མེ། བྱང་ནས་མཚམས་བཞི་ལ་གཏད་ན་ཆུ་དགྲ་ས་ཡིན་པས། མི་མཐུན་གཅོད་འདྲལ་གྱི་ཕྱོགས་སུ་ཁ་གཏད་ན་མི་ལེགས་ཤིང་། དེ་ལས་ལྡོག་ན་ལེགས་པར་དགོངས་པ་ཡིན་ནོ།།
རྒྱབ་རི་རྒྱུད་བཟང་མཐོ་བ་དང་། །ཞེས་པས་རྒྱབ་རི་གང་དེ་གཅིག་ན་རི་རྒྱུད་རིང་བོ་སའི་དམུ་ཐག་ཅན་ཡིན་པ་དང་། གཉིས་སུ་ཕོ་རི་རྩེ་འཛིན་ལྡན་པ་སོགས་ས་དཔྱད་བཟང་བ། གསུམ་དུ་རི་རྒྱུད་རིང་བ་ཁོ་ནར་མ་ཟད་པར་མཐོ་བརྩེགས་ཀྱི་ཚུལ་དུ་གཅིག་ལས་གཅིག་མཐོ་དགོས་པར་བསྟན།
མདུན་རི་ཚུར་འདུད་ཕྱོགས་ཀུན་སྣུམ། །ཞེས་པས། ཁྱིམ་གཞིའི་མདུན་ཐད་ཀྱི་རི་བོ་རྒྱབ་རི་ལས་ཅུང་དམའ་ཞིང་མོ་རི་ཚུར་གུས་པས་འདུད་པའི་བཟོ་ལྟ་ཅན་ཕྱོགས་ཀུན་སྔོ་ཁེབས་ཀྱིས་ཡོངས་སུ་གཡོགས་ཏེ་རྟག་ཏུ་སྣུམ་ཤིག་གེར་ཡོད་པ། ས་དཔྱད་ཀྱི་གཞུང་དུ་བསྟན་པའི་ཟ་འོག་གུར་ཁྱིམ་ཕུབ་འདྲ་སོགས་ཀྱི་ཁྱད་ཆོས་ཡར་ལྡན་དུ་ཚང་བ་ཞིག་ཡིན་ན་ལེགས་པར་བསྟན་པའོ།།
[༥] སའི་ལེགས་ཉེས་ཀྱི་བླང་དོར་འབྱེད་པའི་རྣམ་གཞག་བྱེ་མ་བརྡལ་སྤུངས་ཞེས་བྱ་བ་ལས། དཔྱད་ཀྱི་དང་བོ་གནམ་ལ་དཔྱད་དགོས། ཞེས་དང་། སའི་དམར་ཁྲིད་བྱེ་མ་བརྡལ་སྤུངས་ལྡེ་མིག་གསེར་མཛོད་རིང་མོ་མུ་ཏིག་གི་ཕྲེང་བ་ཞེས་བྱ་བ་ལས་ཀྱང་། དང་བོ་ས་མ་དཔྱད་པའི་སྔོན་དུ་གནམ་དཔྱད་དགོས། ཞེས་གསུངས་པ་ལྟར། སའི་སྤྱི་ཁོག་ལེགས་ཉེས་ལ་དཔྱད་པ་གནད་དུ་ཐིངས་པ་བྱེད་པར་ས་དཔྱད་ཀྱི་གཞུང་ལུགས་ལྟར་ཐོག་མར་གནམ་ལ་དཔྱད་ཤེས་པར་བྱ་དགོས། འདིར་གནམ་ཟླུམ་ཞེས་པ་ནི་གནམ་གྱི་དབྱིབས་ཟླུམ་པོ་སྟེ། གནམ་ཟླུམ་པོ་འཁོར་ལོ་རྩིབས་བརྒྱད་ལྟ་བུར་ཡོད་ན་སའང་ཟླུམ་པོ་པད་མ་འདབ་བརྒྱད་ལྟ་བུར་ཡོད་པ་ཡིན། ཞི་རྒྱས་དབང་དྲག་གི་ལས་བཞི་བསྒྲུབ་པ་ལ་གནམ་ས་ཟླུམ་པོ་ཞི་བ་དང་། གྲུ་བཞི་རྒྱས་པ། ཟླ་གམ་དབང་། གྲུ་གསུམ་དྲག་པོའི་ལས་བསྒྲུབ་པའི་སར་བསྔགས་སོ། །གནམ་ཡོ་མེད་ནི་ཤར་གནམ་ནུབ་ཏུ་མ་ཡོ་བ་དང་། ལྷོ་གནམ་བྱང་དུ་མ་ཡོ་བ་སོགས་ཏེ། ཉི་ལམ་རིང་ཞེས་པ་ཉི་ཟླའི་རྒྱུ་ལམ་རིང་བ་གནམ་གྱི་དམུ་ཐག་ཅན་ནངས་སྔ་མོར་ཉི་མའི་འོད་ཐོབ་སྔ་ལ་དགོང་ཕྱི་དྲོར་ཉི་མའི་ཟེར་སྡུད་འཕྱི་བའོ། །ས་གཞི་ཀུན་ནས་བརྡལ་ལེགས་པ་ནི། སྒང་གཤོང་དང་འབའ་འབུར། གད་པ་དང་འོབས་དོང་གྲོག་ཤུར་སོགས་མེད་པར་ས་གཞི་ལག་མཐིལ་ལྟར་ངོས་མཉམ་པའོ།།
[༦] ཕུ་བཟང་ཡངས་ལ་མདའ་བསྣོལ་བ། །ཤར་དང་ལྷོར་ལམ་ཆུ་ཤིང་བཟང་། །ཞེས་པའི་ཚིག་རྐང་དང་བོས། ཁྱིམ་གཞི་གང་དུ་ཆགས་པའི་ཕུ་མདའ་བར་གསུམ་ལས་ལུང་བའི་ཕུ་མ་ཤོ་བ་དང་སའི་དཔྱད་བཟང་བ་རྒྱ་ཁྱོན་ཡངས་པ་བཅས་ཀྱི་དགེ་མཚན་ལྡན་པ་དང་། ལུང་མདོ་ཕྱག་རྒྱ་བསྣོལ་བའི་ཚུལ་དུ་ཡོད་ན་ལེགས་པར་བསྟན། ས་དཔྱད་ཉུང་བསྡུས་ཤེལ་དཀར་མེ་ལོང་ལས། ས་ཕུ་ཤ་བོ་རྭ་རྒྱས་དང་། །ས་མདོ་ཕྱག་རྒྱ་བསྣོལ་འདྲ་དགོས། །ཞེས་སོ། །ཚིག་རྐང་གཉིས་པས། ཁྱིམ་གཞི་གང་དུ་ཆགས་པའི་ཤར་ན་ལམ་ཡོད་པ་སྲུང་བཞིའི་ནང་གི་ཤར་གྱི་སྟག་སྐྱ་བོར་དཔྱད་ཆོག་ལ། ལྷོ་ཕྱོགས་སུ་ཆུ་ཡོད་པ་ལྷོའི་གཡུ་འབྲུག་སྔོན་མོར་དཔྱད་པ་དང་། ཤར་ལམ་ཆུ་དང་འགྲོགས་པ་རྒྱ་སྟག་ཕོ་མོ་དང་། ལྷོ་ལམ་ཆུ་དང་འགྲོགས་པ་གཡུ་འབྲུག་ཕོ་མོ། ནུབ་ཀྱི་བྲག་དང་ཤིང་འཐབ་པ་རྨ་བྱ་ཕོ་མོ། བྱང་དུ་གངས་མཚོ་འཕྲད་པ་རུས་སྦལ་ཕོ་མོར་དཔྱད་ཆོག་པས། སྲུང་བཞིའི་ཡོན་ཏན་དེ་དག་ལྡན་ཞིང་། ཤར་སྟག་ས་མདས་བསད་པ་དང་། གཡུ་འབྲུག་དོང་ལྷུང་སོགས་ཀྱི་སྐྱོན་དང་བྲལ་བ་ས་དཔལ་བཟང་བོར་ངོས་འཛིན་རིགས་པར་བསྟན་པའོ།།
[༧] རི་བྲག་ཤིང་དང་གནམ་སྒྲོན་དང་། །ལན་ཞབས་བཅུད་ཤོར་མདོག་དབྱིབས་ངན། །རྩུབ་གཟེངས་མི་སྡུག་མཚན་མ་སྤངས། །ཞེས་པའི་ཚིག་རྐང་དང་བོས། རི་སྒྲོན་དང་། བྲག་སྒྲོན། ཤིང་སྒྲོན། གནམ་སྒྲོན་བཅས་སྤང་དགོས་པར་བསྟན། ཁོ་བོ་མཐོང་རྒྱ་ཆུངས་པས་ས་དཔྱད་ཀྱི་གཞུང་གི་བརྡ་ཆད་གལ་ཆེན་སྒྲོན་ཞེས་པའི་ཐ་སྙད་འདིའི་གོ་དོན་གསལ་བོར་འགྲེལ་བརྗོད་བྱས་ཡོད་པ་རེ་ཞིག་མ་མཐོང་ཡང་། ཐ་སྙད་གྲུབ་སྟངས་ཀྱི་ཆ་ནས་བསམ་བློ་བཏང་ན། བོད་སྐད་ཀྱི་ནང་ན་བྱ་ཚིག་མིང་ཚིག་ཏུ་གྱུར་པ་མང་བོ་ཡོད་པ་ལྟར། ས་དཔྱད་ཀྱི་གཞུང་གི་བརྡ་ཆད་སྒྲོན་དང་ལེན་དང་འདེབས་སོགས་ཀྱང་བྱ་ཚིག་མིང་ཚིག་ཏུ་གྱུར་པའི་ཐ་སྙད་དུ་ངེས་ཤིང་། ས་དཔྱད་བྱེ་མ་བརྡལ་སྤུངས་སུ། ཤར་ན་རྡོའི་སྒྲོན་མཚོན་ཆ་ཅན་དང་། ལྷོ་ན་ཆུ་སྒྲོན་ཝུ་བའི་ཟེགས་མ་ཅན། ནུབ་ན་ལམ་སྒྲོན་མིའི་ཞོན་པ་ཅན། བྱང་ན་ཤིང་སྒྲོན་རླུང་གི་གཡབ་མོ་ཅན་བཞི་ཡོད་པ་སྒྲོན་ནག་དང་། རིའི་མགོ་ན་ལུག་བརྒྱ་བསྐོར་ས་ཡོད་པ་སོགས་སྒྲོན་དཀར་དང་། ཤིང་མགོ་མངོན་ཙམ་ཡོད་པ་སོགས་སྒྲོན་ནག་ཡིན་པར་གསུངས་ཤིང་། ཤར་ཕྱོགས་ན་བྲག་དཀར་རྡོ་དཀར་ལབ་ཙེ་ཡར་ཆས་ཡོད་པ་སོགས་བཞི་ནི་སྒྲོན་བཟང་བོ་བཞི་ཡིན་པར་བཤད་འདུག་ལ། མཁས་པ་མི་བཞིས་མཛད་པའི་ས་དཔྱད་ཅེས་བྱ་བར་ས་མིག་དང་སྒྲོན་གྱི་བར་ཐག་རིང་ཉེ་བར་མ་གསུམ་གྱི་སྒོ་ནས་སྒྲོན་ལ་དཀར་ནག་ཁྲ་གསུམ་ཡོད་པར་བཤད་འདུག་པས། ད་ལྟ་ཡོངས་གྲགས་སུ་སྒྲོན་ཞེས་པ་གནོད་བྱེད་ས་དགྲ་སྤྱི་ལ་འགྲེལ་བརྗོད་བྱེད་སྲོལ་ཆགས་འདུག་ཀྱང་། ས་དཔྱད་ཀྱི་གཞུང་རྙིང་བ་རྣམས་ལྟར་ན་སྒྲོན་ཞེས་པ་མཐའ་གཅིག་ཏུ་ས་དགྲ་ཁོ་ན་ལ་གོ་མི་འོས་པར་མངོན་ནོ།།
ས་དཔྱད་ཀྱི་གཞུང་པདྨ་ཐབས་མཁས་ཀྱི་ཞལ་ཁྲིད་མཆན་བུ་བརྒྱབ་པ་ཞེས་བྱ་བར། ད་ས་ལ་དོན་གལ་སྒྲོན་པའི་ཚེ། །སྒྲོན་ལ་རྣམ་པ་དྲུག་ཏུ་ཡོད། །ཅེས་གསུངས་པར་གཞིགས་ན། སྒྲོན་ཞེས་པ་ས་ལ་དཔྱོད་པའི་དུས་སུ་སའི་དཔྱད་བཟང་ངན་གྱི་དོན་གལ་བོ་ཆེ་དག་སྙན་དུ་སྒྲོན་བྱེད་ཀྱི་རྟགས་མཚན་ལ་འགྲེལ་ཨེ་ཆོག་སྙམ་སྟེ་བརྟག
འདིར་བཤད་པའི་རི་སྒྲོན་སོགས་ནི་ཡོངས་གྲགས་ཀྱི་སྒྲོན་བཅུ་གཉིས་སམ་བཅུ་བཞིའི་ནང་ཚན་སྟེ། སྒྲོན་བཅུ་བཞི་ནི། བཻ་དཀར་ལས། ས་སྒྲོན་དང་ནི་གནམ་སྒྲོན་གཉིས། །ཤིང་སྒྲོན་དང་ནི་ཆུ་སྒྲོན་གཉིས། །མེ་སྒྲོན་དང་ནི་གཡག་སྒྲོན་གཉིས། །ཟུར་སྒྲོན་དང་ནི་སྒོ་སྒྲོན་གཉིས། །ལམ་སྒྲོན་དང་ནི་གདུང་སྒྲོན་གཉིས། །འཇག་སྒྲོན་དང་ནི་མཁར་སྒྲོན་གཉིས། །བྲག་སྒྲོན་དང་ནི་རི་སྒྲོན་གཉིས། །ཞེས་པ་ལྟར་ལ། སྒྲོན་བཅུ་བཞིའི་ནང་གི་གནོད་ཚབས་ཆེ་བའི་སྒྲོན་ཆེན་བཞི་ནི། ས་དཔྱད་ཉུང་བསྡུས་ཤེལ་དཀར་མེ་ལོང་ལས། ཆུ་སྒྲོན་ཉི་མའི་སྲན་མདའ་དང་། །བྲག་སྒྲོན་ཕུག་པ་དཀར་ཁུང་དང་། །ཤིང་སྒྲོན་རེ་བའི་གཡབ་མོ་དང་། །ས་སྒྲོན་གད་པ་མདུང་རྩེ་རྣམས། །ས་ཡི་སྒྲོན་ཆེན་རྣམ་བཞི་ཡིན། །ཞེས་དང་། ས་དཔྱད་ཚིག་དོན་ཀུན་གསལ་ལས་དེ་དང་ཅུང་མི་འདྲ་བར། ཕྱི་ལ་འབྱུང་བའི་སྒྲོན་ཆེན་ནི། །ས་སྒྲོན་གད་པ་མདུང་རྩེ་དང་། །ཆུ་སྒྲོན་ཉི་མའི་མཚོན་ཆ་ཅན། །ཤིང་སྒྲོན་རེ་བའི་གཡབ་མོ་དང་། །རླུང་སྒྲོན་གོང་བུ་མདའ་ལྟོང་བཞི། །ཞེས་སོ།།
ཚིག་རྐང་ཕྱི་མའི་ལན་ཞབས་ཞེས་པ་ལེན་ཞབས་ཨེ་ཡིན་སྙམ་སྟེ། ས་དཔྱད་ཀྱི་གཞུང་དུ་མདུན་རིའི་དཔལ་ཁ་ལེན་ས་ལ་ལེན་ཞེས་པའི་ཐ་སྙད་བཏགས་འདུག་པས། འདིར་ལན་ཞབས་ཞེས་པ་དཔལ་ཁ་ལེན་སའི་ས་མིག་གི་ཞབས་སམ་འགབ་དང་། ཁྱིམ་གཞིའི་རྨང་འདིང་སའི་འདེབས་ཀྱི་འགབ་གཉིས་ཀ་ལ་གོ་ཆོག་གམ་སྙམ། བཅུད་ཤོར་ནི་འདེབས་དང་ལེན་གཉིས་ལ་བུམ་པ་ཞབས་བརྡོལ་ལྟ་བུའི་སྐྱོན་ཡོད་པ་སྟེ། གཞན་གོ་སླའོ།།
[༨] ཕྱོགས་ཀུན་ཚུར་ལ་རང་ཕྱོགས་འདུད། །ཅེས་པ་རྒྱལ་བློན་བཙུན་གསུམ་གྱི་རི་ལས་རྒྱལ་བོའི་རི་ལ་བློན་འབངས་བཙུན་གསུམ་གྱི་རི་ཡིས་ཕྱོགས་ཀུན་ནས་ཚུར་རང་ཕྱོགས་ལ་གུས་པས་འདུད་པ་དང་མཚུངས་པའི་ཁྱད་ཆོས་ལྡན་དགོས་ཤིང་། ཁྱིམ་གཞི་ཆགས་སའི་ས་མིག་དེར་ཡང་རི་བོའི་ཚོགས་ཀྱིས་ཕྱོགས་མཚམས་ཀུན་ནས་ཚུར་ལ་འདུད་པའི་རྣམ་པ་ཡོད་ན་ལེགས་པའི་དོན་ཏེ། ས་དཔྱད་ཚིག་དོན་ཀུན་གསལ་ལས། རྒྱབ་རི་བྲག་དང་ནགས་ཀྱིས་བརྒྱན། །ཕྱོགས་ཀྱི་རི་རྣམས་ཚུར་ལ་གུས། །ཞེས་སོ།།
[༩] གང་དེར་ཤ་འུད་བྲག་རལ་དང་། །ལམ་སོགས་གདོང་སྣ་མ་ཟུག་པའི། །ཞེས་པའི་ཤ་འུད་ནི་ཤྭ་འོད་རྒྱུག་ཤུལ་ཏེ། ཉེ་འཁོར་དུ་ཤྭ་འོད་རྒྱུག་ཤུལ་དང་ས་རལ་བྲག་རལ་གད་རལ་གད་ཁུང་བྲག་ཁུང་སོགས་མེད་པ་དང་། ས་མིག་གི་སྟེང་ལ་ལམ་སྣ་ཆུ་སྣ་དང་རིའི་གདོང་སྣ་མ་ཟུག་པ་སྟེ། ས་དཔྱད་སྡོང་བོ་དགུ་འདུས་ཀྱི་མན་ངག་ལག་ཏུ་ལེན་ཐབས་ཞེས་བྱ་བ་ལས། ལམ་སྣ་མང་བོ་ཟུག་པ་ནི་སྟག་མོ་ཟ་ཁ་གཤིབ་པ་ཡིན་པས་སྤང་དགོས་སོ། །ཞེས་སོ།།
[༡༠] ཁྲི་འཕང་ཉལ་དམིགས་ལྟ་བུའི་གནས། །བརྟན་བརླིང་དབུས་དམིགས་བཟུང་བྱས་ན། །ས་དེར་གང་གནས་བསམ་པ་འགྲུབ། །ཞེས་པའི་ཁྲི་འཕང་ནི་གདན་ཁྲི་མཐོན་པོ་དང་། ཉལ་དམིགས་ཞེས་པ་ཉལ་ཁྲི་དྲ་མིག་ཅན་ཏེ། ཁྲི་འཕང་ཉལ་དམིགས་ལྟ་བུའི་གནས་ཞེས་པ་སྲ་བ་བྲག་གི་གདན་ཁྲི་དང་། ཆུ་སྲིན་དུང་སྦལ་གྱི་ཁྲི། སྟོབས་ཆེན་གླང་ཆེན་བསྣོལ་བའི་ཁྲི། རྩལ་ཆེན་སེང་གེའི་ཁྲི་སོགས་ས་འགབ་ལ་གཅེས་པའི་གདན་ཁྲི་ལྔའི་ནང་གི་གང་རུང་ལྡན་པ་སོགས་ཀྱི་བརྟན་ཞིང་བརླིང་བའི་དགེ་མཚན་ཅན་གྱི་ས་མིག་གི་དབུས་སམ་ལྟེ་བའམ་གཞུང་དཀྱིལ་དམིགས་སུ་བཟུང་སྟེ་ཁྱིམ་གཞི་གསར་དུ་འཛིན་པ་སོགས་ཀྱི་ལས་བྱས་ན། ས་དེར་གང་གནས་ཚེ་རིང་ནད་མེད་རིགས་རྒྱུད་མངའ་ཐང་ལོངས་སྤྱོད་རྒྱས་ཤིང་། ཆོས་འབྱོར་བདེ་དགེ་ལེགས་ཚོགས་ཐམས་ཅད་ཇི་ལྟར་བསམ་པ་གེགས་མེད་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ་ཞེས་པའོ།།
མཆན་འགྲེལ་ཉུང་ངུ་འདི་དུང་ཕྲུག་རི་ཁྲོད་པ་དམེ་ཤུལ་ཨ་ཁུ་སྐལ་བཟང་སྦྱིན་པས་བསྐུལ་པ་ལྟར། སྔོ་དེའུ་སྒོམ་པ་བཀྲ་ཤིས་སུ་འབོད་པས་རབ་གནས་ཆུ་སྟག་ལོའི་ནག་ཟླའི་ཡར་ཚེས་ལ་གཡར་ཁྲལ་དུ་བགྱིས་པའོ།།
སྨྲས་པ།
སྔོན་རབས་མཁས་པའི་གསུང་ཟབ་ཆུ་གཏེར་ལས།།
རང་བློའི་སྐྱོགས་ཀྱིས་བཅུས་པའི་མཆན་བུ་འདིར།།
མ་རྟོགས་འཁྲུལ་བའི་སྙོག་མ་གང་མཆིས་པ།།
དཔྱོད་ལྡན་ཀེ་ཏ་ཀ་ཡིས་བགྲུང་བར་མཛོད།།
དགེ་ཚོགས་ས་དཔྱད་རིག་གནས་གོང་སྤེལ་དང་།།
ས་དཔལ་བཟང་བོའི་དགེ་མཚན་མངོན་པ་དང་།།
ས་ཆེན་ཁོར་ཡུག་སྲུང་ཞིང་སྐྱོབ་པ་དང་།།
ས་ལམ་རྟོགས་པ་བརྙེས་པའི་རྒྱུར་གྱུར་ཅིག།
སྔོན་རབས་མཁས་པའི་གསུང་ཟབ་ཆུ་གཏེར་ལས།།
རང་བློའི་སྐྱོགས་ཀྱིས་བཅུས་པའི་མཆན་བུ་འདིར།།
མ་རྟོགས་འཁྲུལ་བའི་སྙོག་མ་གང་མཆིས་པ།།
དཔྱོད་ལྡན་ཀེ་ཏ་ཀ་ཡིས་བགྲུང་བར་མཛོད།།
དགེ་ཚོགས་ས་དཔྱད་རིག་གནས་གོང་སྤེལ་དང་།།
ས་དཔལ་བཟང་བོའི་དགེ་མཚན་མངོན་པ་དང་།།
ས་ཆེན་ཁོར་ཡུག་སྲུང་ཞིང་སྐྱོབ་པ་དང་།།
ས་ལམ་རྟོགས་པ་བརྙེས་པའི་རྒྱུར་གྱུར་ཅིག།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།