སྨྲི་ཏི་མཚན་འབར་གྱི«ཁྲུང་ཁྲུང»བཀླགས་པའི་མྱོང་ཟིན།
རྩོམ་པ་པོ།:ཆོས་དབྱིངས་རྒྱ་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-12-09 09:00:58
ཀློག་གྲངས།:
སྨྲི་ཏི་མཚན་འབར་གྱི«ཁྲུང་ཁྲུང»བཀླགས་པའི་མྱོང་ཟིན།
ཆོས་དབྱིངས་རྒྱ་མཚོ།
རྩོམ་པ་པོ། སྨྲི་ཏི་མཚན་འབར།ཆོས་དབྱིངས་རྒྱ་མཚོ།
ཤོག་ངོས། ༢༦༤བྱོན།
རིགས་དབྱེ། སྒྲུང་ཐུང་ཕྱོགས་བསྒྲིགས།
དཔེ་སྐྲུན་ཁང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
པར་གཞི། ༢༠༢༤ལོའི་ཟླ༦པར་པར་གཞི་དང་པོ་བསྒྲིགས།
པར་ཐེངས། ༢༠༢༤ལོའི་ཟླ༦པར་པར་ཐེངས་དང་པོ་དཔར།

[ནང་དོན་གནད་བསྡུས།]
ན་གཞོན་སྒྲུང་གཏམ་རྩོམ་པ་པོ་སྨྲི་ཏི་མཚན་འབར་ལགས་ཀྱི«ཁྲུང་ཁྲུང»ཞེས་པའི་དེབ་འདིར་སྒྲུང་ཐུང་བཅུ་དྲུག་བསྡུས་འདུག་ཅིང་། བརྩམས་ཆོས་ཕལ་མོ་ཆེ་བོད་ཀྱི་རྩོམ་རིག་དུས་དེབ«སྦྲང་ཆར»དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ» «གངས་དཀར་རི་བོ»སོགས་སུ་བཀོད་མྱོང་བ་རེད་འདུག རྩོམ་པ་པོས་གཙོ་ཆེར་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཀྱི་འབྲི་ཐབས་སྤྱད་ནས་རྩོམ་པ་པོ་རང་ཉིད་ཀྱི་ཕ་ཡུལ་དང་འབྲེལ་མ་འབྲེལ་གྱི་གཏམ་རྒྱུད་མང་པོ་ཞིག མི་སྣ་མང་པོ་ཞིག འཚོ་བའི་གནས་སྟངས་མང་པོ་ཞིག་ཐབས་མཁས་པོ་དང་སྒྱུ་རྩལ་རང་བཞིན་ལྡན་པའི་སྒོ་ནས་ཡིག་རིས་སུ་ཕབ་འདུག[བཀླགས་བྱང་ཉུང་བསྡུས།]
སྨྲི་ཏི་མཚན་འབར་དང་གཡུ་རྔོག་ཚེ་བཀྲ་གཉིས་ནི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་རྗེས་བརྩམས་ཆོས་འབོར་ཆེན་ཐོན་པའི་རྩོམ་པ་པོ་གཉིས་རེད། ཚང་མས་ཤེས་གསལ་ལྟར། གཡུ་རྔོག་ཚེ་བཀྲའི«སྦས་ཡུལ»སྤྱི་ཚོགས་སུ་བཀྲམ་རྗེས་ཀློག་པ་པོ་མང་པོའི་དགའ་བསུ་ཐོབ་པར་མ་ཟད། ད་ལོར་གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའ་སྐབས་བཞི་པའང་ཐོབ་སོང་བ་རེད། སྨྲི་ཏི་མཚན་འབར་གྱི«ཁྲུང་ཁྲུང»ལ་སྤྱི་ཚོགས་ཀྱི་ཚུར་སྣང་ཆེན་པོ་བྱུང་བ་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་མོད། ཁོ་བོས་དེབ་འདི་ཞིབ་ཚགས་ཀྱིས་ཐེངས་གཅིག་བཀླགས་པ་བརྒྱུད་ནས་ཚོར་སྣང་སྐྱེན་པོ་ཞིག་བྱུང་བ་ནི། དེབ་འདི་མང་པོ་ཞིག་གིས་མ་བཀླགས་པའམ་ཡང་ན་བཀླགས་རུང་དཔྱད་བརྗོད་མ་སྤེལ་བ་ཙམ་མ་གཏོགས། འདི་ནི་བོད་ཀྱི་རྩོམ་རིག་གི་སྡིངས་ཆ་ནས་ངེས་པར་དོ་སྣང་དགོས་པའི་བརྩམས་ཆོས་རྩེ་གྲ་ཞིག་ཏུ་མཐོང་། ཐད་ཀར་བརྗོད་ན། དེབ་འདི་ལས་བོད་ཀྱི་དེང་རབས་རྩོམ་རིག་གི་ངོས་གཅིག་མཐོང་ཐུབ་པའི་སྣང་བ་བྱུང་། ཡང་ན་དེབ་འདི་ནི་བོད་ཀྱི་དེང་རབས་རྩོམ་རིག་ཁྲོད་ཀྱི་སྐར་མ་འོད་ཆེན་ཞིག་ཡིན་པར་འདོད། དེ་བས། ཁོ་བོས་ཐོག་མར་སྨྲི་ཏི་མཚན་འབར་དང་གཡུ་རྔོག་ཚེ་བཀྲ་གཉིས་ནི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ཁྲོད་སྐད་གྲགས་བྱུང་བ་ནས་བཟུང་གྲགས་གོ་ཆོད་པའི་རྩོམ་པ་པོ་གཉིས་རེད་ཅེས་བརྗོད་འདོད་བྱུང་།
སྨྲི་ཏི་མཚན་འབར་ལགས་ནི་རྩོམ་པ་པོ་སྔ་རབས་པ་རྣམས་དང་འདྲ་བར་གཏམ་རྒྱུད་བརྗོད་པ་ཁོ་ན་གཙིགས་སུ་འཛིན་མཁན་གྱི་རྩོམ་པ་པོ་ཞིག་མ་ཡིན་པར། ཁོང་ནི་རྟོག་པ་འཆར་ཡན་རིང་ལུགས་དང་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་འབྲི་ཐབས་སོགས་རྩོམ་ཐབས་འདྲ་མིན་ལ་ཚོད་ལྟ་བྱེད་ཕོད་པའི་ན་གཞོན་རྩོམ་པ་པོ་རེ་བ་ཅན་ཞིག་ཏུ་མཐོང་། མི་སྣ་དང་བྱུང་རིམ་གྱི་བདེན་པ་མ་བོར་ཞིང་སྒྲིག་གཞི་དང་མཚོན་ཐབས་བསྟན་བཤིག་ཚ་པོ་ཡིན་པའི་སྒྲུང་ཐུང་འདི་དག་ཀློག་དུས། སྐབས་རེར་སྒྱུ་འཕྲུལ་གྱི་འཇིག་རྟེན་གཞན་ཞིག་ཏུ་ཁྲིད་འགྲོ་བ་དང་། མཚམས་རེར་རྒྱང་ཐག་རིང་བའི་མཐོ་སྒང་གི་རི་གྲོང་དེར་ཁྲིད་འགྲོ། ཡང་ལན་རེར་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་གང་དེ་རང་ཉིད་མིན་ནམ་སྙམ་པའི་འཁྲུལ་སྣང་ཞིག་ཀྱང་ཅི་ཡིན་འདི་ཡིན་མེད་པར་སྐྱེས་ཡོང་བས། རྩོམ་པ་པོ་ཁོང་གི་སྨྱུག་ཁ་ཐོན་པའི་སྒྲུང་གཏམ་འདི་དག་དངོས་འབྲེལ་སྒྱུ་རྩལ་གྱི་ཕུང་པོ་འབའ་ཞིག་ཏུ་མཐོང་།
སྒྲུང་ཐུང་ཕྱོགས་བསྒྲིགས«ཁྲུང་ཁྲུང»བཀླགས་པ་ན། ང་རང་རང་དབང་མེད་པར་ན་གཞོན་རྩོམ་པ་པོ་སྨྲི་ཏི་མཚན་འབར་ལགས་ལ་ཡིད་སྨོན་སྐྱེས་དགོས་བྱུང་། རྒྱུ་མཚན་གང་ཡིན་ཟེར་ན། ཁོང་གི་བརྩམས་ཆོས་ཀྱི་ཁྲོད་དུ་འོས་ཤིང་འཚམས་པའི་སྒོ་ནས་དམངས་ཁྲོད་ཀྱི་རིག་གནས་ཤེས་བྱ་མང་པོ་ཞིག་དྲངས་འདུག་པ་དེས། ཁོང་ཉིད་དམངས་ཁྲོད་དང་འཚོ་བ་ལ་ཟབ་འཇུག་གནང་བའི་རྩོམ་པ་པོ་ཞིག་ཡིན་པ་ཤེས་ཐུབ། དྲང་མོར་བཤད་ན། དེ་ནི་ང་རང་རང་ངོས་ཀྱི་ཞན་ཆ་གཙོ་བོ་ཞིག་ཡིན་སྟབས། སྨྲི་ཏི་མཚན་འབར་ལྟ་བུའི་ལོ་གཞོན་ཞིག་ལ་འདི་འདྲའི་འཚོ་བ་དང་རིག་གནས་ཀྱི་གཏིང་ལ་ཞུགས་པའི་མྱོང་གོམས་ཡོད་པ་ནི་ཤིན་ཏུ་ཡིད་སྨོན་སྐྱེས་འོས་པ་ཞིག་རེད།
རྩོམ་པ་པོ་ཁོང་གི་ཁྱད་ཆོས་གཞན་གཉིས་བརྗོད་ན། རྩོམ་པ་པོ་ཁོང་ནི་སྤྲོས་བརྗོད་དམ་རྣམ་པ་ཕྲ་མོ(ཞིབ་འབྲི)འབྲི་བ་ལ་ཤིན་ཏུ་བྱང་ཆ་ལྡན་པའམ་མཁས་པར་འདོད་དེ། ཁོང་གི་བརྩམས་ཆོས་ཁག་བཀླགས་ཡོང་དུས་སྤྲོས་བརྗོད་བྱེད་ཐབས་ནི་ངོ་མཚར་བ་དང་ཞིབ་འབྲིའི་ཆ་ནི་རྣམ་པ་ཕྲ་མོ་རྣམས་མིག་ལ་འཆར་ཡོང་བ་ཞིག་རེད། གཉིས་ན་ཁོང་གི་རྗོད་བྱེད་དང་སྐད་ཆའི་སྐོར་ནས་གླེང་ན་ཤིན་ཏུ་ཚིག་ཉུང་དོན་འདུས་ཤིག་རེད། འོན་ཀྱང་། རྩོམ་རིག་གི་སྐད་ཆའི་སྐོར་ནས་བསམ་བློ་ཞིབ་ཏུ་བཏང་ན། སྨྲི་ཏི་མཚན་འབར་གྱི་རྩོམ་རིག་སྐད་ཆ་ལ་ཅུང་ཙམ་གྱོང་བའི་ཆ་ཞིག་མངོན། སྐད་ཆ་འགའ་རེ་ཀློག་ཡོང་སྐབས་ལྕེ་ཐོག་ལ་ཡོང་དཀའ་མོ་ཞིག་ཡིན་པའི་སྣང་བ་བྱུང་། གནད་དོན་དེས་ཁོང་གི་རྩོམ་རིག་སྒྱུ་རྩལ་མྱོང་རོལ་ལ་གེགས་བར་ཅུང་ཙམ་བཟོ་ཡོང་བར་འདུག
གཞན་དེབ་འདི་ཀློག་སྐབས། སྒྱུ་རྩལ་མྱོང་རོལ་ལ་བར་ཆད་ཆེ་ཤོས་ནི་དེབ་ཧྲིལ་པོའི་མགོ་མཇུག་བར་གསུམ་དུ་ཡིག་སྐྱོན་དང་ཕྲད་སྦྱོར་སྟངས་མ་འགྲིག་པ་སོགས་ཀྱི་གནད་དོན་ཅུང་ཙམ་མཆིས་པ་དེ་རེད། དེ་ནི་ཁོད་ཡངས་པའི་གཞུང་ལམ་ཞིག་ཏུ་རླངས་འཁོར་བསྐོར་ནས་རྒྱུགས་སྐབས། མཚམས་ལན་རེར་ས་འབུར་དང་ཆུ་འཁྱིལ་སོགས་ལ་ཐུག་ནས་རང་དབང་མེད་པར་འཁོར་སྒག་གནོན་དགོས་བྱུང་བ་ལྟ་བུ་ཞིག་རེད། ཁྱད་པར་དུ་བརྩམས་ཆོས་འགའ་རེ་ནི་ཁྱོན་ནས་ཞུ་དག་ཡག་པོ་སོང་མི་འདུག་ཨང་སྙམ་པའི་ཕངས་སེམས་སྐྱེས་ཡོང་བ་ཞིག་རེད། འོན་ཀྱང་། སྤྱི་ཡོངས་ནས་བརྗོད་ན་དེབ་འདི་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་ནམ་མཁའ་ན་འོད་ལམ་ལམ་བྱེད་པའི་སྐར་མ་ཞིག་ཏུ་མཐོང་བས། ང་ཚོ་གཞོན་པ་རྣམས་ལ་མིག་དཔེ་ཡག་པོ་ཞིག་བཞག་སོང་ཞེས་བརྗོད་འདོད་བྱུང་ངོ་། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号