ངོས་དང་པོ > རྩོམ་རིག > རྩོམ་རིག་དཔྱད་བརྗོད། > ཅོ་ནེ་ཡུམ་ཚེ་རིང་གི་སྒྲུང་རིང«སྤྲིན་གྱི་རྫི་བོ»ཞིབ་ཀློག
ཅོ་ནེ་ཡུམ་ཚེ་རིང་གི་སྒྲུང་རིང«སྤྲིན་གྱི་རྫི་བོ»ཞིབ་ཀློག
རྩོམ་པ་པོ།:ཆོས་བྷོད་བཀྲ་ཤིས།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-12-12 11:05:08
ཀློག་གྲངས།:
འཚར་ལོངས་དང་གདམ་གསེས།
—ཅོ་ནེ་ཡུམ་ཚེ་རིང་གི་སྒྲུང་རིང«སྤྲིན་གྱི་རྫི་བོ»ཞིབ་ཀློག
ཆོས་བྷོད་བཀྲ་ཤིས།
བྱིས་པའི་རྩོམ་རིག་ཅེས་པ་ནི་ཆེད་དུ་བྱིས་པའི་སླད་དུ་གསར་རྩོམ་གནང་བ་སྟེ། བྱིས་པའི་སེམས་ཁམས་མཛེས་དཔྱོད་དང་མཐུན་ཞིང་དང་ལེན་གྱི་ནུས་པར་རན་པ། བྱིས་པའི་བསམ་བློའི་འཕེལ་རྒྱས་ལ་རོགས་འདེགས་ཐུབ་པ་ཞིག་ཡིན་དགོས། བོད་ཡིག་གི་ལམ་ནས་བྲིས་པའི་བྱིས་པའི་རྩོམ་རིག་གི་སྒྲུང་རིང་ཤིན་ཏུ་ཉུང་། ཅོ་ནེ་ཡུམ་ཚེ་རིང་གི«སྤྲིན་གྱི་རྫི་བོ»ནི་དེའི་ཐད་ཀྱི་སྟོང་ཆ་གསབ་པའི་དཔེ་གཞི་ཞིག་ཡིན། སྒྲུང་རིང་འདིར་བྱིས་པ་བཀྲ་ཤིས་དང་ཕུ་བོ་ཟླ་བ་གཉིས་ཀྱིས་ལུང་སེར་ཁོག་ཏུ་ལུག་འཚོས་ནས་བསྡད་པའི་གཏམ་རྒྱུད་ཀྱི་རྒྱུན་ཐགས་སུ་བྲེས་ཏེ། ཕྲ་ཞིབ་ཀྱི་དོན་བརྗོད་སྒྱུ་རྩལ་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཞིབ་ཕྲའི་བཀོད་པ་བརྒྱུད། རོང་མ་འབྲོག་གི་འཚོ་བའི་ཁྱད་གཤིས་དང་བྱིས་པ་བཀྲ་ཤིས་ཀྱི་སློབ་གྲྭར་སྙེག་པའི་འགྱུར་མེད་སྲ་བརྟན་གྱི་སེམས་འདུན་ཞིབ་ཏུ་མཚོན་འདུག་ཅིང་། སེམས་འདུན་དེར་ཕྱོགས་མང་པོ་ནས་བར་ཆད་ཐེབས་པའི་དོན་བརྗོད་གཞིར་བཟུང་ནས། མཐར་བྱིས་པ་བཀྲ་ཤིས་དེ་སློབ་གྲྭར་འགྲོའམ། རབ་ཏུ་བྱུང་བའམ། བུ་སྐལ་དུ་བྱིན་ནས་གཞི་འཁོར་བ་འཛིན་པར་བྱེད་དམ་སོགས་ཀྱི་ཐེ་ཚོམ་མང་པོའི་གཞི་མཐར་སྤྲིན་དཀར་ས་ལ་བབས་པའི་གབ་དཔེ་བརྒྱུད་བྱིས་པ་བཀྲ་ཤིས་སློབ་གྲྭར་ཕྱིན་པ་བརྒྱུད་ནས་མཇུག་བསྡུས་པ་དང་། དུས་རབས་འདིའི་བོད་ཀྱི་བྱིས་པ་མང་པོའི་ཚབ་མཚོན་དུ་གྱུར་བའི་བཀྲ་ཤིས་ཀྱིས་དེང་གི་བོད་ཀྱི་བྱིས་པ་མང་པོར་འཕྲད་པའི་གདམ་ཀ་ཞིག་ལ་ལན་བསྩལ་ཡོད། འདིར་བརྩམས་ཆོས་ཞིབ་ཀློག་གི་བྱེད་ཐབས་བརྒྱུད་ནས་བོད་ཀྱི་བྱིས་པའི་རྩོམ་རིག་གི་ཞིང་སར་སྨིན་པའི་སྒྲུང་རིང«སྤྲིན་གྱི་རྫི་བོ»ལ་གསེད་བཀྲོལ་རོབ་ཙམ་བགྱིས་ཡོད།
གཅིག ནར་སོན་གྱི་བརྗོད་གཞི་དང་མི་སྒེར་གྱི་ལས་དབང་བར་གྱི་གདམ་གསེས།
ཀ སློབ་གྲྭར་འགྲོ་བའི་རེ་སྙེག་དང་དངོས་ཡོད་འཚོ་གནས་བར་གྱི་འགལ་བ།
ནར་སོན་གྱི་བརྗོད་གཞི་དང་མི་སྒེར་གྱི་ལས་དབང་བར་གྱི་གདམ་གསེས་ནི་མི་ཐམས་ཅད་ཀྱིས་བརྒྱུད་ཅིང་མྱོང་དགོས་པ་ཞིག་ཡིན་ཞིང་། དེའི་ཁྲོད་དུ་དགའ་སྡུག་གཉིས་ཀྱི་གཏམ་རྒྱུད་རྐྱ་འཐབ་ནས་ཡོད་ལ། ཐོབ་ཤོར་གཉིས་ཀྱི་བརྗོད་དོན་ཀྱང་ནམ་ཡང་ཡལ་དུ་མེད། སྒྲུང་རིང«སྤྲིན་གྱི་རྫི་བོའི»ནང་གི་མི་སྣ་གཙོ་བོ་བྱིས་པ་བཀྲ་ཤིས་ཀྱི་ལས་དབང་ཡང་དེ་ལས་མ་འདས་པ་ཞིག་རེད། སྒྲུང་རིང«སྤྲིན་གྱི་རྫི་བོའི»ཁྲོད་དུ་བྱིས་པ་བཀྲ་ཤིས་སློབ་གྲྭར་འགྲོ་བར་འདོད་པའི་འདུན་པ་ཤུགས་དྲག་དེར་འཚོ་བའི་དཀའ་ཁག་དང་ཁྱིམ་མི་གཞན་དག་སོགས་ནས་བཀག་འགོག་གམ་རྐྱེན་བར་ཆད་བྱས་པ་དང་། སློབ་གྲྭར་འགྲོ་བ་དང་རབ་ཏུ་བྱུང་བ་ཡང་ན་ཁྱིམ་ཐབ་འཛིན་པའི་བར་གྱི་འགལ་བ་དང་གདམ་གསེས་ཀྱིས་ནར་སོན་གྱི་བརྗོད་གཞི་ཧྲིལ་པོར་སིམ་ནས་ཡོད། དེ་བས་བྱིས་པ་བཀྲ་ཤིས་ཀྱིས་ནར་སོན་གྱི་བརྒྱུད་ལམ་ཁྲོད་ཀྱི་གདམ་གསེས་དེ་དག་ལས་བློ་བརྟན་འགྱུར་མེད་ངང་གིས་སློབ་གྲྭར་འགྲོ་རྒྱུ་བདམས་པ་དང་། སློབ་གྲྭར་འགྲོ་ཐུབ་པའི་ཆེད་དུ་ལོ་གཅིག་རིང་ཕུ་བོར་ལུག་ཁྱུ་འཚོ་རོགས་བྱས་ནས། ཕ་རྒན་དང་ཁ་དན་བརྟན་པོ་བཞག་སྟེ། ལོ་གཅིག་རིང་ལུག་ཁྱུར་གྱོང་གུད་མི་འབྱུང་བར་བྱེད་རྒྱུའི་ཁས་བླངས་པ་བཞིན་གྲུབ་ཚེ་སློབ་གྲྭར་འགྲོ་ཆོག་པར་བྱེད་རྒྱུ་བྱས། དེ་བས་ལུག་ཁྱུར་གྱོང་གུད་མི་འབྱུང་བར་འབད་པ་ལྷོད་མེད་བགྱིས་པ་རེད། དེས་ཀྱང་བོད་ཀྱི་བྱིས་པའམ་མི་རབས་གསར་པའི་གདམ་ཀ་ཞིག་དང་རིག་གནས་ཀྱི་འཕེལ་ཕྱོགས་ཤིག་ཀྱང་མཚོན་པ་རེད། རྩོམ་པ་པོའི་ལོ་རབས་དེར་མ་ཟད་ང་ཚོ་གོ་རབས་པའི་ལས་དབང་ཡང་འདི་འདྲའི་གཏམ་རྒྱུད་ཀྱི་ཁྲོད་དུ་ཐིམ་ཡོད་པས། སློབ་གྲྭར་འགྲོ་བ་དང་ཁྱིམ་གཞིས་སྐྱོང་བ། རབ་ཏུ་བྱུང་བ་གསུམ་གྱི་གདམ་གསེས་ནི་ནར་མ་སོན་པའི་བྱིས་པ་དག་གི་མི་ཚེའི་ལམ་བུའི་སུམ་མདོ་ཞིག་ཡིན་ལ། ཆེས་འདེམས་ཁག་པའི་གདམ་ཀ་ཞིག་ཀྱང་ཡིན།
སྒྲུང་གཏམ་འདིའི་མི་སྣ་གཙོ་བོ་བྱིས་པ་བཀྲ་ཤིས་ནི་རྣམ་ཀུན་སློབ་གྲྭར་འགྲོ་བའི་རེ་སྙེག་གིས་ཀུན་ནས་བརྟས་ཡོད་དེ། དུས་རྒྱུན་ཕུ་བོ་ཟླ་བ་དང་ཁ་བརྡ་བྱེད་པའི་ཟུར་ནས་ཡང་ཡང་མངོན་པར་བྱེད་ཅིང་། ཟླ་བ་དང་བདེ་སྐྱིད། བཀྲ་ཤིས་གསུམ་དགོང་མོར་ལྐོག་ཏུ་གློག་བརྙན་ལ་བལྟ་རུ་ཕྱིན་དུས་ཀྱང་། བཀྲ་ཤིས་གློག་བརྙན་ལ་བལྟ་བ་ལས་སློབ་གྲྭའི་ར་སྐོར་དུ་འཛུལ་ནས་སློབ་གྲྭའི་ཁོ་ར་ཁོར་ཡུག་ལ་ཐེངས་གཉིས་ལ་བལྟ་རུ་ཕྱིན་པས་ཀྱང་ཞིབ་ཏུ་མངོན་ཡོད། ད་དུང་བཀྲ་ཤིས་ཀྱི་ཡི་གེ་སློབ་འདོད་ཀྱི་འདུན་པ་དྲག་པོ་སྟེ། སྤྱིལ་བུའི་ག་ས་གང་དུ་ཡི་གེ་བྲིས་པ་དང་། དེར་ཕུ་བོའི་བཀག་འགོག་ཐེབས་རྗེས་ཕུ་བོའི་གྲི་ཆུང་བརྐུས་ནས་ནགས་ཀྱི་སྡོང་བོ་སྣ་ཚོགས་ཀྱི་སྟེང་དུ་ཡི་གེ་འབྲི་སྟངས་སྦྱངས་པ་དང་། བཀྲ་ཤིས་ཀྱིས་མི་གཞན་དང་ཁ་བརྡ་བྱས་པའི་ཁྲོད་དུའང་ཡང་དང་ཡང་དུ་མངོན་པ་སྟེ། བུ་སྐལ་བྱེད་པ་དང་རབ་བྱུང་སྒྲུབ་པ་སོགས་ཀྱི་སྐོར་གཞན་ལ་ཁ་བརྡ་བྱེད་དུས། བཀྲ་ཤིས་ཀྱི་སྐད་ཆའི་མཇུག་ཏུ་ཡང་ཡང་ཐོན་འོང་བའམ་ཡང་ཡང་བསྐྱར་ཟློས་བྱེད་པའི་སྐད་ཆ་ཞིག་སྟེ། སང་ལོའི་དཔྱིད་མགོ་ཚེས་དུས་ང་རང་སློབ་གྲྭར་འགྲོ་དགོས་ཞེས་པས། བཀྲ་ཤིས་ཀྱི་སློབ་གྲྭར་འགྲིམ་འདོད་དང་ཡི་གེ་སློབ་འདོད་ཀྱི་རེ་སྙེག་དང་འདུན་པ་ཤུགས་དྲག་པོ་དེ་ཕྱིར་མངོན་འདུག འོན་ཀྱང་རོང་མ་འབྲོག་གི་ཁྱིམ་ཚང་ཞིག་ལ་མཚོན་ན་ངལ་རྩོལ་ནུས་ཤུགས་ངེས་ཅན་ཞིག་མཁོ་བ་སྟེ། བྱིས་པ་བཀྲ་ཤིས་ཀྱི་ཁྱིམ་ལ་མཚོན་ནའང་ལུག་དང་ནོར་སོ་སོར་འཚོ་སྐྱོང་བྱེད་དགོས་པར་མ་ཟད། ཨ་མྱེས་ཀྱི་རྐང་པ་འཐེང་པོ་ཡིན་ལ། ཞིང་ཡང་འདེབས་དགོས་པས་ཁྱིམ་གྱི་འཁོས་ཀའི་དབང་གིས་སློབ་གྲྭར་འགྲོ་བར་ཕྱིར་འགྱངས་མི་བྱེད་རང་བྱེད་དུ་གྱུར་པ་རེད། ཡིན་ཙང་སློབ་གྲྭར་འགྲོ་བའི་སྐོམ་པས་ཆུ་འདོད་པ་བཞིན་གྱི་རེ་སྙེག་བཙན་པོ་དང་། མི་འདོད་ལས་ལ་བབས་པའི་དངོས་ཡོད་ཀྱི་དཀའ་ཁག་རབ་དང་རིམ་པའི་བར་གྱི་འགལ་བ་ནི་ང་ཚོས་ནམ་ཡང་གདོང་གཏོད་དགོས་པའི་བྱོལ་མེད་ཀྱི་འཚོ་བའི་དབྱངས་རྟ་ཞིག་ཡིན་པས། དེའི་ཁྲོད་མི་ཚེ་ལ་ཞུན་བརྡར་བྱེད་དགོས་པའི་འཚར་ལོངས་ཀྱི་རིམ་པ་ཞིག་བསྟན་པའོ། །ཡིན་ཙང་སློབ་གྲྭར་འགྲོ་བའི་རེ་སྙེག་དེར་རྒྱུ་བྱས་ནས་བྱིས་པ་བཀྲ་ཤིས་ཀྱིས་ལོ་གཅིག་རིང་ལུང་སེར་ཁོག་ནས་ཕུ་བོར་ལུག་འཚོ་རོགས་བྱས་ཤིང་། དེའི་རིང་ལ་འཚོ་བ་དང་རང་བྱུང་གནོད་འཚེ། རི་དྭགས་གཅན་གཟན་སོགས་ཀྱི་འཇིགས་ཉེན་གྱི་དཀའ་ངལ་ལས་རྣམ་པར་རྒྱལ། ལུག་ཁྱུ་ལའང་གྱོང་ཆེན་པོ་ཅི་ཡང་མ་རེག་པར་ཨ་ཕའི་རེ་བ་བཞིན་འཚོ་སྐྱོང་ལེགས་པོ་བྱས་པས། མཐར་སློབ་གྲྭར་སོང་ནས་རིག་གནས་ཤེས་བྱའི་བདུད་རྩི་ལ་ལོངས་སྤྱོད་པའི་སྐལ་བ་བཟང་པོ་མངོན་པར་ཤར། དེ་བས་སྤྱིར་ཕུགས་བསམ་དང་དངོས་ཡོད་བར་གྱི་འགལ་བ་ནི་ནམ་ཡང་སེལ་ཐབས་མ་མཆིས་པ་ཞིག་ཅི་ལ་ཡིན་ཏེ་མ་ཡིན་ནོ། །ལྷག་ཏུ་དངོས་ཡོད་འཚོ་བའི་ཁྲོད་དུ་ཇི་ལྟར་བཀག་འགོག་ཐེབས་པ་དེ་ལྟར་དུ་ཕུགས་བསམ་ཇེ་བརྟན་དང་བློ་རྩ་ཇེ་དམ་ལ་ཕྱིན་འགྲོ་བ་དེའོ། །
ཁ། འཇིག་རྟེན་མི་ཆོས་དང་མི་རབས་གོང་འོག་བར་གྱི་མི་ཚེའི་ལྟ་བའི་འགལ་ཟླ།
བཀྲ་ཤིས་ཀྱི་འདུན་པ་དང་རེ་སྙེག་དེར་བཀག་འགོག་ཕྱོགས་གསུམ་ནས་ཐེབས་ཡོད་དེ། གཅིག་ནི་ན་ནིང་ཨ་ཅེ་གནས་ལ་སོང་བ་དང་ཨ་མྱེས་ཀྱི་རྐང་པ་ནད་ཀྱིས་བཟུང་ཡོད་ཕྱིར། ཁྱིམ་གྱི་ཕྱུགས་འཚོ་སྐྱོང་དང་ཞིང་ལས་སོགས་ངལ་རྩོལ་དགོས་མཁོའི་དབང་གིས་ལོ་གཅིག་ལ་ཕུ་བོ་ཟླ་བའི་རོགས་པ་བྱས་ནས་ལུག་འཚོས་ཏེ་སློབ་གྲྭར་འགྲིམ་པར་ཕྱི་འགྱང་བྱུང་བ་དང་། གཉིས་ནི་ཨ་ཁུ་ཆེ་བས་བཀྲ་ཤིས་གྲྭ་པ་བྱེད་དགོས་པར་ཡང་ཡང་བསྐུལ་བ་གནང་བཞིན་པ་སྟེ། དེ་ལྟར་མ་འོང་ན་གྲྭ་རྒྱུན་ཆད་འགྲོ་བར་སྨྲས་ནས་རབ་བྱུང་སྒྲུབ་པར་སྐུལ་བཞིན་པ། གསུམ་པ་ནི་ཨ་ཁུ་ཆུང་བར་བྱིས་པ་མེད་པས་བཀྲ་ཤིས་བུ་སྐལ་དུ་བསླངས་ནས་ཤུལ་འཛིན་བྱེད་པར་རེ་བཞིན་པ་སྟེ། བོད་ཀྱི་རིག་གནས་ཀྱི་ལྟ་བའམ་གྲུབ་རྐྱེན་ནམ་སྐྱེད་འབྲས་དེ་འདྲ་ཞིག་གི་འོག་ཏུ། ཨ་ཁུ་ཆེ་བས་ནི་སངས་རྒྱས་ཀྱི་བསྟན་པ་རྒྱུན་འཛིན་བྱེད་མཁན་གཅིག་ཇེ་མང་དུ་འགྲོ་བར་འབད་པ་ལྷོད་མེད་བྱེད་ཅིང་། གྲྭ་ཆས་མནབས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་རྒྱུ་ནི་མི་ཚེ་གཅིག་གི་ཆེས་ཡང་དག་པའི་གདམ་ཀ་ཞིག་ཡིན་པར་འདོད་ལ། བྱིས་པ་བཀྲ་ཤིས་ཀྱི་མི་ཚེའི་མདུན་ལམ་དེ་རབ་བྱུང་སྒྲུབ་པའི་ལམ་དུ་ཞུགས་རྒྱུར་བརྩོན་ཞིང་ཁྱིམ་འདིའི་གྲྭ་རྒྱུན་ཆད་ཚེ་དེ་ལས་ལྷག་པའི་ཉེས་དམིགས་ཅིག་མེད་པར་འདོད་པ། ཁོའི་མི་ཚེའི་ལྟ་བར་རབ་ཏུ་བྱུང་ནས་མི་ཚེ་གང་པོར་ཆོས་སྒྲུབ་རྒྱུ་ལས་ཡང་དག་པའི་གདམ་ཀ་ཞིག་མེད་པར་འདོད་པ་སྟེ། རང་རེའི་དེ་སྔོན་གྱི་མི་ཚེའི་ལྟ་བ་ཞིག་གམ་དགོན་པའི་རབ་བྱུང་བ་ཞིག་གི་མི་ཚེའི་དམིགས་འདུན་མངོན་པར་མཚོན་པ། ཡང་ཨ་ཁུ་ཆུང་བ་ནི་རྒྱུ་སྟོབས་འབྱོར་མངའ་ཞིང་ངོམ་སོ་ཆེ་ལ་རང་རྩིས་ཤིན་ཏུ་ཆེ་བའི་མི་ཞིག་ཡིན་ཡང་ཤུལ་འཛིན་གྱི་བུ་བུ་མོ་ཅི་ཡང་མེད་པས། ཕུ་བོར་བྱིས་པ་བཀྲ་ཤིས་བུ་སྐལ་དུ་བསླངས་ནས་ཁྱིམ་ཐབ་ཀྱི་ཤུལ་འཛིན་བྱེད་རྒྱུའི་རེ་འདོད་བཅངས་བཞིན་པ། སྤྱིར་ན་ཁོས་བུ་མོ་ཞིག་བུ་སྐལ་དུ་བསླངས་ཡོད་ནའང་སྲོལ་རྒྱུན་རིག་གནས་ཀྱི་ཤུགས་རྐྱེན་དང་མི་ཚེའི་ལྟ་བའི་དབང་གིས་བུ་ཞིག་དགོས་པར་འདོད་པའི་མཆོག་འཛིན་ལྟ་བ་དེ་མངོན་པར་གསལ་བ། དེ་ལྟ་བུའི་རྒྱུ་རྐྱེན་དམིགས་བསལ་བ་མང་པོའི་འོག་ཏུ། བྱིས་པ་བཀྲ་ཤིས་ནི་འཚོ་བ་དང་ཁྱིམ་མིའི་གནོན་ཤུགས་རྟས་མི་ཐེག་པ་ཞིག་གི་འོག་ཏུ་འཚར་ལོངས་འབྱུང་དགོས་བྱུང་བར་མ་ཟད། རང་གི་མི་ཚེའི་དམིགས་འདུན་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པའི་དཀའ་གནད་ལ་འཕྲད་པ་རེད།
འོན་ཀྱང་བྱིས་པ་བཀྲ་ཤིས་ཀྱི་དམིགས་འདུན་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་རྒྱུ་དེ་མ་ཡིན་ལ། ཨ་ཁུ་ཆུང་བའི་བུ་སྐལ་བྱས་ནས་རྒྱུ་འབྱོར་བ་མང་པོའི་ཤུལ་འཛིན་བྱས་ཏེ་འཇིག་རྟེན་འཁོར་བ་བསྐྱངས་ནས་ཁྱིམ་ཐབ་འཛིན་རྒྱུ་དེའང་མ་ཡིན་པར། སློབ་གྲྭའི་སྒོ་ཐེམ་འགྲིམས་ནས་ཤེས་རིག་གི་བདུད་རྩི་འཐུང་སྟེ། རང་གི་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་རྒྱུ་དེ་ཡིན། དེ་བས་བྱིས་པ་བཀྲ་ཤིས་ཀྱིས་དཀའ་ངལ་ཁྱད་བསད་ཀྱི་སྒོ་ནས་ལུང་སེར་ཁོག་ཏུ་ལོ་གཅིག་རིང་ཕུ་བོར་ལུག་འཚོ་རོགས་བྱས་པ་དང་། ཨ་ཁུ་ཆེ་བ་དང་ཨ་ཁུ་ཆུང་བ་གཉིས་ཀྱིས་ཡང་ཡང་བསྐུལ་མོད་ཁས་ལེན་ཅི་ཡང་མ་བྱས་པར་སློབ་གྲྭར་འགྲོ་བའི་འདུན་པ་རྒྱུན་འཁྱོངས་བྱས་པའོ། །
མི་རབས་གོང་འོག་བར་གྱི་མི་ཚེའི་རིན་ཐང་ལྟ་བའི་འགལ་ཟླ་དེ་ལྟ་བུ་ཞིག་གི་འོག་བྱིས་པ་བཀྲ་ཤིས་ཀྱིས་ནི་སྲོལ་རྒྱུན་གྱི་མི་ཚེའི་ལྟ་བ་དེ་ལས་བརྒལ་ནས་རེ་ཞིང་སྨོན་པའི་སློབ་གྲྭར་ཕྱིན་པ་དེས་མི་རབས་གསར་པའི་གདམ་ཀ་ཞིབ་ཏུ་མངོན་པར་བྱས་ཡོད། སྲོལ་རྒྱུན་གྱི་མི་རབས་གོང་མའི་མི་ཚེའི་གདམ་ཀ་དང་མི་རབས་གསར་པའི་མི་ཚེའི་གདམ་ཀ་ལ་འགལ་བ་བྱུང་བ་མཚོན་པ་བརྒྱུད་ནས་མི་རབས་གོང་འོག་གཉིས་ཀྱི་མི་ཚེའི་ལྟ་བ་དང་རང་ངོས་ཀྱི་གདམ་ཀ་ཡང་དག་པ་དེའང་མི་འདྲ་བ་མཚོན་ཡོད།
གཉིས། དོན་བརྗོད་སྒྲིག་གཞི་སྣེ་གཉིས་བསྣོལ་མར་བཀྲམ་པ།
ཀ དོན་བརྗོད་གཙོ་ཕལ་གཉིས་མཉམ་གཤིབ་ཀྱིས་སྤེལ་བ།
དོན་བརྗོད་སྒྲིག་གཞི་སྣེ་གཉིས་སྣོལ་མར་བཀྲམ་པ་སྟེ། བརྩམས་སྒྲུང་གི་མི་སྣ་གཙོ་བོ་བཀྲ་ཤིས་ཀྱི་འཚར་ལོངས་བརྒྱུད་རིམ་དང་། ཞར་ལ་ཕུ་བོ་ཟླ་བས་མཛའ་གྲོགས་བསྒྲིགས་པའི་གཏམ་རྒྱུད་ཀྱི་བྱུང་རིམ་སྤེལ་ཅིང་། ཕུ་བོ་ཟླ་བས་མཛའ་གྲོགས་བསྒྲིགས་པའི་གཏམ་རྒྱུད་ལ་སྐྱོ་གར་གྱིས་མཇུག་སྒྲིལ་བར་བྱས་པ་དང་། བྱིས་པ་ཆུང་ཆུང་བཀྲ་ཤིས་མཇུག་མཐར་བདེ་བླག་ངང་རེ་ཞིང་སྙེག་པའི་སློབ་གྲྭར་འགྲོ་ཐུབ་པ་བྱས་ཏེ། སྤྲོ་གར་དང་སྐྱོ་གར་རྐྱ་འཐབ་པའི་དོན་བརྗོད་སྤེལ་ཅིང་། གནད་འདིས་ནང་དོན་གྱི་རིམ་པ་ཕུན་སུམ་ཚོགས་པར་བྱས་ཤིང་། བསྡུར་བ་བྱས་པ་བརྒྱུད་ནར་སོན་གྱི་ཕྱོགས་དང་ངོས་མང་པོ་དེ་འབུར་དུ་ཐོན་པར་བྱས་འདུག
སྤྱིར་འཚར་ལོངས་ཀྱི་བརྒྱུད་རིམ་ནི་ཀྱག་ཀྱོག་གི་ལམ་བུ་ཞིག་ཡིན་ངེས་པ་ཇི་བཞིན་དུ། བྱིས་པ་བཀྲ་ཤིས་སློབ་གྲྭར་འགྲོ་བའི་སེམས་འདུན་ལ་དཀའ་ངལ་སྣ་ཚོགས་ཀྱིས་བཀག་འགོག་ཐེབས་པ་དང་། རབ་ཏུ་བྱུང་བར་བྱེད་པ་དང་བུ་སྐལ་བྱས་ནས་ཁྱིམ་ཐབ་བྱེད་པ་སོགས་ཀྱི་ཐེ་ཚོམ་གྱི་སྐུད་པ་མཇུག་མཐའི་སྤྲིན་དཀར་ས་ལ་བབས་པ་སྟེ་ཆེས་མཇུག་མཐའི་ཚན་པར་བཀྲ་ཤིས་སློབ་གྲྭར་འགྲོ་བའི་བར་དུ་ཆད་མེད་པས། ཀློག་པ་པོའི་ཤེས་འདོད་དང་ཀློག་འདོད་ཀྱི་ཡི་ག་ཆེ་རུ་རྒྱས་པར་བྱེད་པ་དང་། དོན་བརྗོད་བྱེད་སྟངས་འདིར་ཀློག་སྤྲོ་བའི་འདུན་པ་སྐྱེད་པའི་བྱེད་ནུས་དང་ལྡན་ནོ། །
ཁ། བྱིས་པའི་མཐོང་སྣེ་དང་མིའི་རིགས་རིག་པའི་ཞིབ་འགོད་ཐབས་ལམ་ཟུང་འབྲེལ་བྱས་པ།
བྱིས་པའི་སྒྲུང་རིང་འདིར་གཙོ་བོ་བྱིས་པ་བཀྲ་ཤིས་ཀྱི་མཐོང་སྣེ་སྤྱད་ནས་བྲིས་ཡོད་ཅིང་། དེ་ལ་ཁྱད་ཆོས་དམིགས་བསལ་བ་ཞིག་ལྡན་པ་ནི་བྱིས་པའི་བསམ་བློ་དང་བྱང་ཚད་ཀྱི་སྒོ་ནས་འཇིག་རྟེན་གྱི་བྱ་དངོས་དང་རང་བྱུང་སྣང་ཚུལ། ཆོ་ག་དང་མི་དང་མིའི་འབྲེལ་བ་བྱེད་ལུགས་སོགས་ལ་བལྟས་ཡོད་པས། དར་མའི་སྒྲུང་རིང་ནང་བཞིན་རྙོག་འཛིང་ཆེ་བ། བྱུང་རིམ་དུ་མ་ཡོད་པ། མཐོང་སྣེ་དུ་མ་ཡོད་པ་། ཀློག་པ་པོ་བློ་རབ་འབྲིང་ཐ་གསུམ་ལ་གོ་བ་དུ་མ་སྐྱེད་པ་ལྟ་བུ་ཞིག་མིན་པའི་སྟབས་བདེ་ཡི་ཁྱད་ཆོས་ཤིག་ལྡན་པ་ཡིན། དེར་མ་ཟད་འདིར་མིའི་རིགས་རིག་པའི་ཞིབ་འགོད་ཀྱི་ཐབས་ལམ་སྤྱད་ཡོད་ལ། འདི་ནི་མིའི་རིགས་རིག་པ་བ་ཀི་ཨར་ཚི་ཡིས་གསར་དུ་བཏོན་པའི་ཐ་སྙད་ཅིག་ཡིན་ཞིང་། གཙོ་བོ་མིའི་རིགས་རིག་པས་མི་རིགས་ལོ་རྒྱུས་རྩོམ་འབྲིའི་ཁྲོད་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཞིབ་འགོད་བརྒྱུད་ནས་རིག་གནས་ཀྱི་སྣང་ཚུལ་དེ་རྩོམ་ཆོས་ལས་འགྲེལ་བརྗོད་བྱས་ཆོག་པའི་ཁྱད་ཆོས་ལྡན་པས། འདིར་བྱིས་པ་བཀྲ་ཤིས་ཀྱི་འཚར་ལོངས་བརྒྱུད་རིམ་བྲིས་པ་ནི་ཏན་ཏན་མིའི་རིགས་རིག་པའི་ཞིབ་འགོད་དང་འདྲ་པོ་ཡོད་པ་ཞིག་ཡིན་ལ། འདིར་བྱིས་པ་བཀྲ་ཤིས་ཀྱི་འཚར་ལོངས་བརྒྱུད་རིམ་བྲིས་པ་བརྒྱུད་ནས་བོད་མི་རིགས་ཀྱི་འཚོ་བའི་གནས་སྟངས་སོགས་ཞིབ་ཕྲའི་སྒོ་ནས་བྲིས་པས། འདི་ལས་མི་རིགས་ཤིག་གི་འཚོ་བའི་རྣམ་པར་ཞིབ་ཏུ་རྒྱུས་ལོན་བྱེད་ཐུབ་པ་ཡིན་ལ། བྱིས་པ་བཀྲ་ཤིས་ཀྱི་གདམ་གསེས་དེའི་ལྟག་རྒྱབ་ལ་འཚང་བའི་དྲི་བ་མང་པོ་སྟེ། བོད་ཀྱི་རིག་གནས་ཀྱི་མདུན་ལྗོངས་ཀྱི་གདམ་ཀ་དང་། ལོ་རྒྱུས་དང་རིག་གནས། ཆོས་ལུགས་སོགས་ཀྱི་རྐྱེན་སྣ་ཚོགས་ཀྱི་གཟུངས་གཞུག་གིས་གྲུབ་པའི་བོད་ཀྱི་བྱིས་པ་རེ་རེའི་གདམ་ཀ་ཞིག་ཀྱང་ཅི་ལ་མིན།
གསུམ། སྐད་ཆའི་ཁྱད་ཆོས་དང་རིག་གནས་མཚོན་དོན།
ཀ བོད་ཀྱི་སྐད་ཆའི་ཁྱད་ཆོས་མངོན་པར་གསལ་བ།
སྐད་ཆའི་ཁྱད་ཆོས་ཐད་དུ་གཙོ་བོ་རྩོམ་པ་པོ་རང་གི་ཕ་ཡུལ་གྱི་ཅོ་ནེ་ཆས་པའི་སྐད་ཀྱི་རོང་མ་འབྲོག་གི་ཡུལ་སྐད་མང་དུ་བྲིས་ཡོད་པ་སྐད་ཆའི་ཐད་ཀྱང་དེ་གའི་དམིགས་བསལ་གྱི་ཁྱད་ཆོས་དང་ལྡན་ལ། རོང་མ་འབྲོག་གི་འཚོ་བའི་བྲིས་རིས་མངོན་པར་གསལ་བའི་རྩོམ་ཆོས་ཤིག་ལ་ཅིས་ཀྱང་དེའི་ལུང་པའི་སྐད་ཀྱི་ཁྱད་ཆོས་དགོས་ངེས་པ་ནང་བཞིན། བརྩམས་སྒྲུང་གི་མགོ་མཇུག་བར་གསུམ་དུ་ཅོ་ནེ་ཆས་པའི་རོང་མ་འབྲོག་གི་ལུང་སྐད་མང་དུ་ཐོན་ཡོད་ཅིང་། ལུང་སྐད་དེ་དག་གིས་བརྩམས་སྒྲུང་གི་སྐད་ཆའི་ཐད་དུ་མཛེས་པ་བླ་ལྷག་ཐོན་འདུག་ལ། རོང་མ་འབྲོག་གི་འཚོ་བ་མངོན་པར་མཚོན་པའི་བྱེད་ནུས་མི་དམན་པ་ཞིག་ཡུལ་སྐད་མང་དུ་བཀོད་པས་ཀྱང་ཆེད་དུ་ཐོན་པར་བྱས་འདུག
ཁ། དམངས་ཁྲོད་གཏམ་རྒྱུད་བར་དུ་བཅུག་པ་དང་བྱིས་པའི་མོས་ཁམས་མངོན་པ།
སྒྲུང་གཏམ་ཁྲོད་དུ་དམངས་ཁྲོད་གཏམ་རྒྱུད་མང་པོ་དྲངས་འདུག་སྟེ། བོད་ཀྱི་སྲོལ་རྒྱུན་དམངས་ཁྲོད་གཏམ་རྒྱུད་དང་། ཕུ་བོ་ཟླ་བས་སློབ་གྲྭ་ནས་བསླབས་པའི་དེང་རབས་ཀྱི་བྱིས་སྒྲུང་ལྟ་བུའང་དྲངས་འདུག ཕུ་བོ་ཟླ་བ་དང་དུས་རྒྱུན་ལྷན་དུ་ཡོད་པས་ཕུ་བོས་བཀྲ་ཤིས་ལ་དངོས་སུ་བཤད་པའི་དོན་བརྗོད་སྤེལ་ཡོད་ཅིང་། གཞན་དག་ནི་དེ་སྔོན་ཕ་མ་གཉིས་དང་ཨ་མྱེས་ཨ་ཕྱི་སོགས་ཀྱིས་བཤད་མྱོང་བ་བྱིས་པ་བཀྲ་ཤིས་ཀྱིས་ཕྱིར་དྲན་བྱས་པའི་དོན་བརྗོད་སྤེལ་འདུག དེ་ཡང་ང་ཚོ་ཚང་མ་རྒྱུས་མངའ་ཆེ་བའི་གནའ་གཏམ་སྟེ། གཅན་གཟན་ཐབས་ཀྱིས་བཏུལ་བའི་སྤྱང་ཀི་དང་ར་མ། རྟ་རྒན་བཅས་ཀྱི་སྒྲུང་དང་། སློབ་དེབ་ནང་ཡོད་པའི་ནུབ་ཕྱོགས་ཀྱི་བྱིས་སྒྲུང་གྲགས་ཅན་མདོག་ཉེས་ཀྱི་བྱ་གག་ཆུང་ཆུང་ངང་པར་གྱུར་པ་ཞེས་པ་དང་། བྱ་ཁྲ་དེ་བྱ་བྱེའུ་ཡི་གཤེད་མར་གྱུར་པའི་གཏམ་རྒྱུད། སྦལ་བ་རྟ་ཞོན་སོགས་བོད་རང་སའི་དམངས་ཁྲོད་གཏམ་རྒྱུད་དང་ནུབ་ཕྱོགས་བྱིས་སྒྲུང་གྲགས་ཅན་སོགས་བར་བཅུག་བྱས་ནས། ལོ་ཆུང་བྱིས་པའི་ཁམས་དང་མོས་པར་བསྟུན་ཏེ། སློབ་གསོའི་ནུས་པ་དང་ཀློག་སྤྲོ་བའི་ནུས་པ་གཉིས་མཉམ་དུ་ཐོན་པར་བྱས་པས་བརྩམས་སྒྲུང་གི་དོན་བརྗོད་ལ་སྔར་ལས་ལྷག་པའི་མཛེས་པ་ཞིག་མངོན་པར་བྱས་འདུག
བཞི། མཚོན་བྱེད་དང་གབ་དཔེ་ཡི་བེད་སྤྱོད།
ཀ རང་བྱུང་སྣང་ཚུལ་གྱི་མཚོན་བྱེད་རང་བཞིན།
བརྩམས་སྒྲུང་གི་ཁ་བྱང་སྤྲིན་གྱི་རྫི་བོར་བཏགས་པ་ཇི་བཞིན་དུ། བརྩམས་སྒྲུང་ཧྲིལ་པོར་སྤྲིན་ནི་མཚོན་བྱེད་གལ་ཆེན་ཞིག་ཡིན། དེས་མི་སྣ་གཙོ་བོ་བཀྲ་ཤིས་སློབ་གྲྭར་འགྲོ་འདོད་པའི་སེམས་པ་དེ་མཚོན་ཡོད་ཅིང་། རྩོམ་ཆོས་ཀྱི་ཁྲོད་དུ་སྤྲིན་དཀར་གྱིས་ལུག་ཁྱུ་དང་བཀྲ་ཤིས་སློབ་གྲྭར་འགྲོ་འདོད་པའི་སེམས་འདུན་གྱི་མཚོན་བྱེད་ཀྱང་ཡིན། དེ་མིན་ད་དུང་བྱིས་པ་བཀྲ་ཤིས་ལུག་རྫི་བྱེད་སྐབས་སྤྲིན་ལ་སྐད་བསྐུར་ཏེ་ཕ་མ་དྲན་པའི་གདུང་བ་མཚོན་ཡོད་ལ། སྤྲིན་ནི་རེ་བ་དང་རང་དབང་གི་མཚོན་བྱེད་དང་། ལུག་ཁྱུ་ནི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་ཀྱི་མཚོན་བྱེད་ཡིན་པས། ལུག་ཁྱུ་ནི་ས་ཡི་སྤྲིན་དཀར་དང་། སྤྲིན་དཀར་ནི་མཁའ་ཡི་ལུག་ཁྱུ་ཡིན་པས། ལུག་ཁྱུ་ནི་བཀྲ་ཤིས་ཀྱི་འཚོ་རྟེན་ཡིན་ལ་མདུན་ལམ་གྱི་བཀག་རྡོའང་ཡིན། དེ་བས་བཀྲ་ཤིས་ཀྱིས་སྤྲིན་དཀར་གྱི་རང་དབང་གི་འགྲུལ་བཞུད་ལ་ཡིད་སྨོན་བྱེད་ཅིང་། སྤྲིན་དཀར་བརྒྱུད་ནས་ཕ་མ་གཉིས་ལ་སྐད་སྐུར་བ། མཐར་སྤྲིན་དཀར་ས་ལ་བབས་པས་བཀྲ་ཤིས་རེ་ཞིང་སྨོན་པའི་སློབ་གྲྭའི་སྒོ་ཐེམ་འགྲིམ་པ་དེའོ། །
ཁ། ཤིང་ཁང་དང་ལུག་ར་ཡི་གབ་དཔེ། ད་དུང་སྐེ་དཀྲིས་དམར་པོ།
ཞིག་ལ་ཁད་དུ་གྱུར་ཅིང་ཡོམ་ཡོམ་འགུལ་བའི་ཤིང་ཁང་དང་རྡོ་རྩིག་གི་ལུག་ར་ནི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་ཀྱི་གབ་དཔེ་ཡིན་ལ། དེས་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་ཀྱི་གཉོམ་སོ་དང་དེང་རབས་རང་བཞིན་གྱི་བརྡབ་གསིག་ཁྲོད་ཀྱི་ཉམ་ཐག་གི་རང་བཞིན་དེ་མཚོན། དེ་བས་བྱིས་པ་བཀྲ་ཤིས་མཐར་ལུག་ཁྱུ་དང་ལུག་ར་ཤིང་ཁང་སོགས་དང་གྱེས་ནས་སློབ་གྲྭར་ཆས་པ་དང་། བྱིས་པ་བཀྲ་ཤིས་མི་སྒེར་གྱི་ལས་དབང་གི་དཀྱོགས་མཚམས་ཤིག་ཡིན་ལ། དུས་རབས་གསར་པའི་བོད་ཀྱི་རིག་གནས་དེ་དེང་རབས་རང་བཞིན་གྱི་སྐད་བབ་ཁྲོད་ཀྱི་གདམ་ཀ་ཞིག་ཀྱང་ཡིན། དེར་མ་ཟད་ད་ལྟའི་བོད་ཀྱི་བྱིས་པ་དག་གི་དེང་རབས་རང་བཞིན་གྱི་སྐད་བབ་ཁྲོད་ཀྱི་གདམ་ཀ་ཞིག་ཀྱང་ཡིན།
ཤིང་ཁང་དང་ལུག་ར་ལས་ད་དུང་སྐེ་དཀྲིས་དམར་པོ་དེ་གབ་དཔེ་ཞིག་ཡིན་ཏེ། ཐོག་མར་སྐེ་དཀྲིས་དེ་ཟླ་བས་རྙེད་པ་དང་དེ་གླག་གིས་ཁུར་བ། གླག་གིས་རྒྱབ་རིར་ཁུར་ནས་བདེ་སྐྱིད་ཀྱིས་རྙེད་པ་དང་། དེར་མཐུད་ནས་ཟླ་བ་དང་བདེ་སྐྱིད་ངོ་འཕྲད་ཅིང་བརྩེ་དུང་གི་མདུད་པ་བརྒྱབ་པ། མཐར་གཞོན་ནུ་གཉིས་ཀྱི་བརྩེ་དུང་ལ་གས་ཆག་ཤོར་བ་དེ་སྐེ་དཀྲིས་མཚེར་ཤུལ་ནས་ལུས་ཤིང་། རླུང་དམར་ནང་དུ་ངེས་མེད་དུ་བསྐྱོད་པ་བརྒྱུད་ནས་མངོན་པ་སྟེ། སྐེ་དཀྲིས་དམར་པོ་དེས་ཟླ་བ་དང་བདེ་སྐྱིད་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་ཀྱི་སྐྱོ་གར་མཚོན་ནོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号