སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི་སྒྲུང་རྩོམ《བཀྲེས་སྐོམ་སྒྱུ་རྩལ་པ》།
བཀྲེས་སྐོམ་སྒྱུ་རྩལ་པ།
ཁ་ཧྥིུ་ཁཱ་ཡིས་བརྩམས། སྙིང་མོ་སྐྱིད་ཀྱིས་བསྒྱུར།
བཀྲེས་སྐོམ་འཁྲབ་སྟོན་དེ་ཉེ་བའི་ལོ་བཅུ་ཕྲག་འགའི་ནང་དུ་འཁྲུག་པོ་མི་འདུག སྔར་དུས། མི་རྣམས་ཀྱིས་རང་ཤུགས་ངང་འཁྲབ་སྟོན་ཆེན་མོ་འདི་རིགས་སྤེལ་བར་སྤྲོ་བ་དེ་ཙམ་ཆེ་ལ། ཡོང་འབབ་ཡང་མི་ལེགས་རྒྱུ་མེད། ཡིན་ནའང་དུས་དེ་རིང་། འདི་དག་ཐམས་ཅད་གཏན་ནས་ཡོད་མི་སྲིད། དེ་དུས་ཀྱི་གནས་བབ། ད་ལྟ་དང་བསྡུར་ན་དངོས་གནས་གནམ་སའི་ཁྱད་པར་འདུག
སྐབས་དེར། གྲོང་ཁྱེར་ཧྲིལ་བོའི་མི་ཡོད་ཚད་བཀྲེས་སྐོམ་འཁྲབ་སྟོན་གྱི་ཆེད་དུ་བྲེལ་བ་འཚུབ་འཚུབ་བྱེད་ལ། ལྟད་མོ་བའང་ཉིན་རེ་ལས་ཉིན་རེར་མང་། ཚང་མས་ཉིན་རེ་རེར་བཀྲེས་སྐོམ་སྒྱུ་རྩལ་པའི་འཁྲབ་སྟོན་ལ་ཐེངས་གཅིག་ལྟ་རྒྱུར་སྐོམ་པ་ཆུ་འདོད་ལྟར་རེ་བ་བྱེད། འཁྲབ་སྟོན་གྱི་དུས་མཇུག་དུ་བསླེབས་ལ་ཉེ་དུས། མི་མང་ཆེ་བས་ཡུན་རིང་པ་སེ་ཉོས་འདུག ཉིན་རེར་ལྕགས་ཀྱི་གཟེབ་མའི་མདུན་དུ་ཙོག་ཅིང་། མཚན་མོར་ཡང་། ལྟད་མོ་བ་མཚམས་མི་ཆད། ལྟད་མོའི་ཕན་འབྲས་མི་ཤོར་བའི་ཆེད་དུ། མི་རྣམས་ཀྱིས་དཔལ་འབར་བཀྱགས་ཀྱང་འདུག གནམ་ངོ་དྭངས་དུས། ཚང་མས་གཟེབ་མ་དེ་མཐོངས་ཡངས་ས་རུ་གནས་སྤོ། འདི་ལྟར་བྱེད་དོན་ནི་བྱིས་པའི་ཆེད་དུ་ཡིན་ལ། ཁོ་ཚོར་བཀྲེས་སྐོམ་སྒྱུ་རྩལ་པ་ལ་སྤྲོ་བ་དམིགས་བསལ་ཅིག་ཡོད། མི་དར་མ་རྣམས་ནི་གཙོ་བོ་སྐྱོ་བ་སངས་ཆེད་དང་། དར་སྲོལ་གསར་མའི་རྗེས་སྙེག་ཆེད་ཡིན་ཡང་། བྱིས་པ་རྣམས་ནི་དེ་དང་མི་འདྲ་སྟེ། ཁོ་ཚོས་ལུས་ཡོངས་སུ་བསྡམས་ལྭ་ནག་པོ་གྱོན་ཞིང་། གདོང་མདོག་སྐྱ་བོ་ཡིན་ལ། རིད་ནས་ཀེང་རུས་ལྟར་གྱུར་བའི་བཀྲེས་སྐོམ་སྒྱུ་རྩལ་པ་འདི་མཐོང་དུས་འཚབ་པའི་རྣམ་འགྱུར་མངོན་ལ། ཁ་གདངས་ཤིང་མིག་ཅེར། སྤོབས་པ་བསྐྱེད་ཆེད་ཕན་ཚུན་གྱི་ལག་པ་ཡང་དམ་པོར་འཇུས་འདུག བཀྲེས་སྐོམ་སྒྱུ་རྩལ་པས་ཐ་ན་རྐུབ་སྟེགས་ལའང་ལྟ་ཙམ་མི་བྱེད་པར། གཟེབ་མའི་ནང་དུ་བཏིངས་བའི་རྩྭ་སྐྱ་སྐམ་པོ་དེའི་སྟེང་ལྟིག་སེར་ཙོག ཁོས་མཚམས་ལ་རེར་གུས་ལུགས་ལྡན་པའི་ངང་མི་རྣམས་ལ་ཕྱོགས་ནས་མགོ་བོ་ལྡེམ་ཙམ་བྱས་ཏེ་འཚམས་འདྲི་བྱེད་ལ། མཚམས་ལ་རེར་ཤུགས་ཀྱིས་དགོད་བཞིན་ཚང་མའི་དྲི་བར་ལན་འདེབས། སྐབས་ལ་ལར་ཁོས་ད་དུང་དཔུང་པ་གཟེབ་རའི་ཕྱི་རུ་བསྲིངས་ནས། མི་རྣམས་ལ་རེག་པ་དང་ལྟ་རུ་བཅུག་སྟེ། ཁོ་ནི་ཇི་འདྲའི་སྐམ་རིད་ཅན་ཞིག་ཡིན་པ་ཚོར་རུ་འཇུག དེའི་མུར་ཁོ་རང་བསམ་གཞིགས་ཀྱི་གཏིང་དུ་ལྷུང་ནས། མི་སུ་ཡིན་རུང་ཁོས་སྣང་བར་མི་གཏོང་ལ། ཁོར་མཚོན་ན་གལ་ཆེན་པོ་ཡིན་པའི་གཟེབ་མའི་ནང་གི་ཆུ་ཚོད་འཁོར་ལོ(གཟེབ་མའི་ནང་གི་དངོས་པོ་གཅིག་པུ)་དེས་བཏང་བའི་སྐད་དེའང་རྣ་རྒྱབ་ཀྱི་རླུང་དུ་གཏོང་། ཟུམ་ལ་ཉེ་བའི་མིག་ཟུང་གིས་ཧོན་ཐོར་བཞིན་མདུན་ཕྱོགས་སུ་ལྟ། མཚམས་ལ་རེར་ཤེལ་ཕོར་ནང་གི་ཆུ་ཁམ་ཆུང་རེ་བཏུང་ནས་ཁ་ཤ་རློན་པར་བྱེད།
ཟང་ཟང་ལོང་ལོང་དང་ཚར་རྒྱུ་མེད་པའི་ལྟད་མོ་བ་ལས་གཞན། ད་དུང་ཀུན་གྱིས་བསྐོ་བཞག་བྱས་པའི་ལྟ་སྐུལ་པས་གནས་དེ་རུ་སྲུང་ཡོད། ཡ་མཚན་པ་ཞིག་ལ། ལྟ་སྲུང་པ་འདི་དག་ལས་མང་ཆེ་བ་ཤན་པ་ཡིན། ཁོ་ཚོ་མི་གསུམ་ལས་རེས་རེ་བྱས་ནས། ཉིན་མཚན་མེད་པར་བཀྲེས་སྐོམ་སྒྱུ་རྩལ་པ་སྲུང་སྟེ། བཀྲེས་སྐོམ་སྒྱུ་རྩལ་པས་གསང་བའི་ཐབས་ཀྱིས་ཟས་ལྐོག་ཟ་བྱེད་པར་འགོག དོན་དམ་པར། འདི་ནི་ཚང་མར་སེམས་གསོ་བྱེད་ཚུལ་ཞིག་ལས་མ་འདས་ཏེ། རྒྱུས་ཡོད་མཁན་ཀུན་གྱིས་ཤེས་པ་ལྟར། བཀྲེས་སྐོམ་སྒྱུ་རྩལ་པས་བཀྲེས་སྐོམ་འཁྲབ་སྟོན་བྱེད་དུས་ཟས་གཏན་ནས་ཟ་མི་རུང་སྟེ། གལ་སྲིད་མི་གཞན་པས་བཙན་གྱིས་ཟ་རུ་བཅུག་ཀྱང་། ཁོས་སྣང་བ་གཏོང་མི་རུང་། ཁོའི་སྒྱུ་རྩལ་མཚན་སྙན་གྱིས་ཀྱང་ཁོ་རང་འདི་ལྟར་བྱེད་དུ་མི་འཇུག ཡིན་ཡང་། ལྟ་སྲུང་པ་མི་རེ་ངོ་རེ་ཚང་མས་བྱེད་ཚུལ་འདིར་གོ་བོ་ལོན་མི་སྲིད་པ་སྨོས་མེད་རེད། མཚན་མོའི་ལྟ་སྲུང་པ་འགའ་རེ་ནི་ཧ་རེ་ཧུ་རེ་ཆེ་སྟེ། ཁོ་ཚོ་བཀྲེས་སྐོམ་སྒྱུ་རྩལ་པ་དང་རིང་དུ་གྱེས་པའི་ཁུག་ཀྱོག་ཅིག་ཏུ་ཙོག་རྗེས་མགོ་སྒུར་ནས་ཤོག་ཤོ་རྩེས་ཏེ། བསམ་བཞིན་དུ་ཁོ་ལ་ཟ་མ་ཟ་བའི་གོ་སྐབས་ཤིག་སྤྲོད་ངེས། ཁོ་ཚོས་མཐའ་གཅིག་ཏུ་བཀྲེས་སྐོམ་སྒྱུ་རྩལ་པར་རང་གི་གསུས་པ་སྐོང་པའི་བསགས་དངོས་ཤིག་ལག་ཏུ་ཡོང་བའི་ཐབས་མཆོག་ཡོད་པར་རློམ་ཡོད། ལྟ་སྲུང་པ་འདི་འདྲར་ཐུག་དུས། བཀྲེས་སྐོམ་སྒྱུ་རྩལ་པ་ནི་དངོས་གནས་སྡུག་བསྔལ་གྱི་ཀློང་དུ་ཚུད་འགྲོ། མི་འདི་དག་གིས་ཁོའི་བློ་ཁ་ཉམས་སུ་བཅུག་ལ། ཁོའི་བཀྲེས་སྐོམ་འཁྲབ་སྟོན་ལ་དཀའ་ངལ་མང་པོ་བསྐྱལ་སོང་། སྐབས་འགར། ཁོས་རང་གི་ལུས་སྟོབས་ཞན་པར་ཁ་ཡ་མི་བྱེད་པར། ཁོ་ཚོ་ལྟ་སྲུང་པ་བྱེད་དུས། སྐད་ཆེན་པོས་གཞས་བཏང་ནས། མི་འདི་དག་ལ། ཁོ་ཚོས་རང་ཉིད་ལ་དོགས་པ་ཟ་བ་ནི་ཅི་འདྲའི་འདྲ་མཉམ་མིན་པ་ར་སྤྲོད་པར་བྱེད། འོན་ཀྱང་འདིས་གོ་ཅི་ཡང་མ་ཆོད། ལྟ་སྲུང་པ་འདི་དག་གིས་ཁོའི་སྤྱང་གྲུང་དང་སྒྱུ་རྩལ་གྱི་ཟབ་སྦྱངས་མཐོ་བར་རྗེས་སུ་ཡི་རང་བྱེད་དེ། གཞས་གཏོང་དུས་ཀྱང་ཟས་ཟ་ཐུབ་པར་འདོད་ཡོད། དེ་བས། བཀྲེས་སྐོམ་སྒྱུ་རྩལ་པ་ནི་“ཁྲིམས་འཛིན་དྲང་བཞག་”བྱེད་མཁན་གྱི་ལྟ་སྲུང་པ་དག་ལ་ཤིན་ཏུ་དགའ། ཁོ་ཚོ་གཟེབ་རའི་འགྲམ་དུ་ཙོག་ནས། ཚོམས་ཆེན་ནང་གི་གློག་འོད་མག་མོག་ལ་སུན་ཏེ། སྤྱི་གཉེར་པས་འདོན་སྤྲོད་བྱས་པའི་ལག་སྒྲོན་བཀྱག་ནས་རང་ཉིད་གསལ་ཐིང་ཐིང་དུ་བཀར། མིག་ལ་གཟན་པའི་འོད་དེས་ཁོར་ཤུགས་རྐྱེན་ཅི་ཡང་ཐེབས་མི་ཐུབ། གང་ལྟར་ཁོ་ནི་གཉིད་གཏན་ནས་ཁུགས་མི་ཐུབ། དུས་གང་རུང་ཞིག་ལ་འོད་ཐིག་གང་འདྲ་ཞིག་བརྒྱབ་རུང་། ཚོམས་ཆེན་དུ་མི་ཚོགས་ཀྱིས་ཁེངས་ནས་འདུ་འཛིའི་ཡོ་ལང་རྒྱས་རུང་། ཁོས་ནམ་ཡང་སྒྲུབ་ཐུབ་པ་ནི་གཉིད་ལྕོག་ཐུང་ཐུང་ཞིག་རྒྱག་རྒྱུ་དེ་ཡིན། ཁོ་རང་མཚན་གང་བོར་གཉིད་མི་ཁུགས་པར། ལྟ་སྲུང་པ་འདི་འདྲ་ཞིག་དང་མཉམ་དུ་མཚན་སྐྱེལ་བར་ཧ་ཅང་དགའ་ལ། ཁོ་ཚོ་དང་མཉམ་དུ་དགོད་ཁ་སློང་བ་དང་། ཁོ་ཚོར་རང་ཉིད་ཀྱི་འཁྱམ་པོའི་འཚོ་བ་བརྗོད་པ། དེ་ནས་ཁོ་ཚོས་བཤད་པའི་གསར་འགྱུར་ཡ་མཚན་ཅན་དང་དོན་དག་དགོད་བྲོ་བར་ཡང་མཉན་པར་བྱེད། འདི་དག་ཐམས་ཅད་ནི། ལྟ་སྲུང་པའི་རྣམ་རིག་གསལ་ཆེད་དང་། ཁོ་ཚོར་མགོ་ནས་མཇུག་དབར་དུ་ཁོའི་གཟེབ་མའི་ནང་ཟ་རྒྱུ་ཅི་ཡང་མེད་པ་གསལ་བོར་ལྟ་རུ་བཅུག་ནས། ཁོས་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་བཞིན་ཡོད་ལ། ཁོ་ཚོ་ལྟ་སྲུང་པ་སུ་ལའང་དེའི་ནུས་པ་མེད་པ་གསལ་བཤད་བྱེད་ཆེད་ཡིན། ཡིན་ཡང་ཁོ་ལ་ཆེས་སྤྲོ་སེམས་འཁོལ་བྱེད་ནི། ཞོགས་པར་ཁོ་རང་གིས་དངུལ་བཏོན་ནས་ལྟ་སྲུང་པ་རྣམས་ལ་ཞོགས་ཟས་ཞིམ་པོ་ཐུན་གཅིག་མངགས་རྒྱུ་དེ་ཡིན། ཤ་དར་ཁྲག་དར་གྱི་སྐྱེས་པ་འདི་དག་གིས་དཀའ་སྡུག་ངང་མཚན་ཧྲིལ་བོ་གཅིག་སྐྱེལ་རྗེས། ཚང་མ་སྤྱང་ལྟོགས་ཟས་ལ་རྔམ་པ་བཞིན། ཡི་ག་ཆེས་ཆེར་ཕྱེ་འདུག ཡིན་ནའང་། མི་ལ་ལས་ཟས་མགྲོན་བྱེད་པ་ནི་ལྐོག་རྔན་བརྫངས་པའི་དོགས་པ་ཡོད་པར་བསམ་ཡོད། འདི་ནི་ཁུངས་མེད་གཏམ་འཆལ་རེད་དེ། མི་གཞན་གྱིས་ཁོ་ཚོར་གཟབ་གཟབ་ནན་ནན་གྱིས། མཚན་གཅིག་ལ་ལས་རེས་བྱས་རྗེས་ད་དུང་ཞོགས་ཟས་དང་ལེན་མི་བྱེད་པའི་ལས་སྤེལ་ཐུབ་མིན་འདྲི་དུས། མི་འདི་དག་སྔ་མོ་ནས་བྲོས་ཏེ་གྲིབ་མ་ཙམ་ཡང་མི་མཐོང་རུང་། ཁོ་ཚོའི་སེམས་ཀྱི་དོགས་གཞི་འདི་སེལ་རྒྱུ་སླ་མོ་མིན
བཀྲེས་སྐོམ་སྒྱུ་རྩལ་པས་ཀྱང་འདི་ལྟ་བུའི་དོགས་གཞི་སྣ་ཚོགས་ཧ་ལམ་སེལ་དཀའ། ལྟ་སྲུང་པ་སུ་གང་གིས་ཀྱང་མཚན་གྱི་རྗེས་སུ་ཉིན་མཐུད་ནས་སྐད་ཅིག་ཙམ་ལའང་མི་འབྲལ་བར། བཀྲེས་སྐོམ་སྒྱུ་རྩལ་པའི་འགྲམ་ནས་ཙོག་སྟེ་སྲུང་མི་ཐུབ། རྒྱུ་མཚན་ནི་མི་སུ་གང་གིས་ཀྱང་ཁོས་དངོས་གནས་མུ་མཐུད་དེ་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་བཞིན་ཡོད་མེད་མངོན་སུམ་དུ་མཐོང་མྱོང་མེད་ཕྱིན། བཀྲེས་སྐོམ་སྒྱུ་རྩལ་པ་ཁོ་ནའི་སེམས་སུ་གསལ། ཁོ་གཅིག་པུ་རང་ཉིད་ཀྱི་བཀྲེས་སྐོམ་འཁྲབ་སྟོན་ལ་ཆེས་ཡིད་ཚིམ་པའི་ལྟད་མོ་བ་དེ་རུ་བརྩིས་ཆོག ཡིན་ཡང་རྒྱུ་རྐྱེན་གཞན་ཞིག་གི་དབང་གིས། ཁོ་རང་ཡིད་ཚིམ་མ་མྱོང་། ཡང་མིན་ན་ཁོའི་བུད་ཤིང་ལྟར་སྐམ་པའི་ལུས་ཕུང་ནི་བཀྲེས་སྐོམ་སྡུག་བསྔལ་གྱིས་བཟོས་པ་རྩ་བ་ནས་མིན་པར། རང་ཉིད་ཀྱི་མགུ་མ་གང་བའི་རྐྱེན་གྱིས་ཡིན་ལ། མི་ལ་ལ་ཁོར་གདུང་སེམས་སྐྱེས་ནས་བཀྲེས་སྐོམ་འཁྲབ་སྟོན་ལ་ལྟ་རུ་མི་འོངས་ཏེ། མི་འདི་དག་གིས་ཁོས་མནར་གཅོད་མྱོང་བའི་རྣམ་པ་དེར་མིག་གིས་ལྟ་མི་བཟོད། དོན་ངོ་མར་ཁོ་རང་ཉིད་ཀྱིས་ཀྱང་ཤེས་ཡོད། བཀྲེས་སྐོམ་འཁྲབ་སྟོན་ནི་ཧ་ཅང་ལས་སླ་མོ་ཞིག་ཡིན་ཏེ། འཇིག་རྟེན་འདིར་ཆེས་སྒྲུབ་སླ་བའི་དོན་དེ་ཡིན། གནས་ཚུལ་དེ་ཕལ་ཆེར་རྒྱུས་ཡོད་མཁན་དག་གིས་ཀྱང་ཤེས་མེད་ལས་ཆེ། འདི་ལ་བཀྲེས་སྐོམ་སྒྱུ་རྩལ་པས་ཁ་གསང་པོས་གསལ་བཤད་སོགས་ཅི་ཞིག་བྱས་རུང་མི་རྣམས་ཡིད་མི་ཆེས། ཀུན་སློང་བཟང་བའི་བཤད་ཚུལ་གྱིས་ཁོ་ཁེངས་སྐྱུང་ཆེ་ཟེར་ཡང་། མི་མང་ཆེ་བས་དེ་ནི་ཁོས་རང་བསྟོད་རང་སྒྲོག་བྱེད་པར་བསམ་ཡོད་ལ། ད་དུང་འགའ་ཤས་ཀྱིས་ཁོ་ནི་ཁྲམ་པ་ཞིག་རེད་ཟེར། ཁོས་བཀྲེས་སྐོམ་མྱངས་བ་ནི་ལས་སླ་མོ་ཞིག་ཡིན་པ་ལོས་འདོད། རྒྱུ་མཚན་ནི་ཁོས་ཇི་ལྟར་བྱས་ན་བཀྲེས་སྐོམ་མྱངས་རྒྱུ་དེ་ལས་སླ་མོ་རུ་འགྱུར་ཐུབ་པ་ཤེས་ཡོད། ཡིན་ཡང་ཁོ་ངོ་ཚ་རྒྱུ་མེད་པར་བརྒྱ་ཆའི་བརྒྱ་ཡི་གནས་ཚུལ་དངོས་མ་དེ་བཤད་མེད། འདི་དག་ཐམས་ཅད། བཀྲེས་སྐོམ་སྒྱུ་རྩལ་པས་བཟོད་སྒོམ་བྱེད་དགོས། ཉིན་དང་ཟླ་བརྩེགས་རྗེས་ཁོ་ཡང་གོམས་པར་གྱུར། ཡིན་ཡང་ནང་སེམས་ཀྱི་གཏིང་རུམ་དུ་ལུས་པའི་སྐྱོ་བ་ཆུང་ཆུང་དེས་ཁོ་རང་འདུག་བཟོད་མེད་པར་བཏང་། བཀྲེས་སྐོམ་གྱི་འཁྲབ་སྟོན་མཇུག་སྒྲིལ་ཐེངས་རེར། བཀྲེས་སྐོམ་སྒྱུ་རྩལ་པ་ནི་ཐེངས་གཅིག་ལའང་རང་འགུལ་གྱིས་གཟེབ་མ་ལས་བྲལ་མྱོང་མེད། འདི་ལ་མི་རྣམས་ཀྱིས་ངེས་པར་དུ་ཁོར་བདེན་དཔང་བྱེད་དགོས། འཁྲབ་སྟོན་སྤྱི་གཉེར་པས་འཁྲབ་སྟོན་ཐེངས་རེའི་ཆེས་རིང་བའི་དུས་ཡུན་ནི་ཉིན་བཞི་བཅུ་ཡིན་པར་གཏན་ཁེལ་བྱས། དུས་ཡུན་དེ་ལས་བརྒལ་རྗེས། ཁོས་གཏན་ནས་བཀྲེས་སྐོམ་སྒྱུ་རྩལ་པ་མུ་མཐུད་དུ་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་རུ་འཇུག་མི་སྲིད། འཛམ་གླིང་གི་གྲོང་ཁྱེར་ཆེན་མོའི་ནང་དུའང་འགྲོ་ལུགས་འདི་ལྟར་ཡིན། སྤྱི་གཉེར་པས་འདི་ལྟར་སྒྲུབ་པ་ནི་གནས་ལུགས་མེད་པ་མིན་ཏེ། སྔོན་ཆད་ཀྱི་ཉམས་མྱོང་ལྟར་ན། གྲོང་ཁྱེར་ཡོངས་ཀྱི་མིའི་སྤྲོ་སྣང་དེ་ཉིན་བཞི་བཅུའི་རིང་རིམ་བཞིན་དར་ཁྱབ་ཏུ་འགྲོ་བའི་བརྡ་ཁྱབ་ཀྱིས་སྐུལ་སྤེལ་གང་ལེགས་བྱས་ཟིན་པས། ཉིན་བཞི་བཅུའི་རྗེས་སུ། ལྟད་མོ་བ་རྣམས་ལ་ཐང་ཆད་པའི་སྣང་བ་བྱུང་ནས། འཁྲབ་སྟོན་ལ་བལྟ་མཁན་གྱི་མིའི་གྲངས་ཀ་ཡང་དེ་དང་བསྟུན་ནས་ཇེ་ཉུང་དུ་འགྲོ་ངེས། འདིའི་ཕྱོགས་ནས་གྲོང་ཁྱེར་དང་ཞིང་གྲོང་གཉིས་ལ་ཁྱད་པར་ཆུང་ཆུང་རེ་ཡོད་སྲིད་མོད། ཉིན་བཞི་བཅུའི་དུས་ཡུན་མཐོ་ཤོས་དེ་ཀུན་གྱིས་བཀོལ་བའི་ཆོས་ཉིད་ཅིག་ཏུ་གྱུར་ཟིན། ཉིན་བཞི་བཅུ་བའི་ཉིན་མོར། གཟེབ་མའི་སྒོ་ཕྱེ་མ་ཐག གཟེབ་མའི་ཕྱོགས་བཞིར་མེ་ཏོག་གིས་བརྒྱན་ཅིང་། སྒོར་ཕྱེད་དབྱིབས་ཀྱི་ཐོག་མེད་ཟློས་གར་འཁྲབ་ས་རུ་མི་ཚོགས་གྱི་རླབས་རྒྱུན་འཕྱུར་ལ། ལྟད་མོ་བ་རྣམས་སྤྲོ་བས་བརྟས། དམག་དཔུང་གི་རོལ་ཆའི་རུ་ཁག་གིས་རོལ་མོ་དཀྲོལ། སྨན་པ་གཉིས་གཟེབ་མའི་ནང་དུ་འཛུལ་ནས་བཀྲེས་སྐོམ་སྒྱུ་རྩལ་པར་དགོས་ངེས་ཀྱི་བརྟག་དཔྱད་བྱས། བརྟག་དཔྱད་ཚད་ལེན་གྱི་མཇུག་འབྲས་སྒྲ་མཐོའི་དུང་འབུད་བརྒྱུད་ནས་ཟློས་གར་འཁྲབ་སའི་གནས་ཀུན་ཏུ་ཁྱབ། དེའི་རྗེས་སུ། བུད་མེད་གཉིས་ཡར་ཕེབས་བྱུང་། གཉིས་ཀ་དགའ་ལྷང་ལྷང་བྱེད་དེ། རང་ཉིད་བཀྲེས་སྐོམ་སྒྱུ་རྩལ་པ་གཟེབ་ལས་བྲལ་ནས་མདུན་གྱི་རྡོ་སྐས་ལས་འབབ་དུས་སྐྱོར་མཁན་དུ་གདམས་པར་སྤྲོ་བཞིན་འདུག རྡོ་སྐས་མདུན་གྱི་ཅོག་ཙེ་ཆུང་ཆུང་དེའི་སྟེང་དུ་སྔ་མོ་ནས་གྲ་སྒྲིག་གང་ལེགས་བྱས་པའི་ནད་པའི་ཟ་མ་བསྒྲིགས་འདུག དུས་སྐབས་འདི་འདྲར། བཀྲེས་སྐོམ་སྒྱུ་རྩལ་པས་ནམ་ཡང་དང་ལེན་མི་བྱེད། ཁོས་མ་བསྐུལ་དང་ལེན་གྱིས་ཤ་ཟད་རུས་ཐུག་ཏུ་གྱུར་བའི་རང་ཉིད་ཀྱི་ལག་པ་རོགས་བྱེད་དུ་འོངས་བའི་བུད་མེད་ཀྱི་ཕྱོགས་སུ་བརྐྱངས་རུང་། ཁོ་ཡར་ལངས་མི་འདོད། ཅིའི་ཕྱིར་ཉིན་བཞི་བཅུ་ལོངས་མ་ཐག་ཏུ་འཁྲབ་སྟོན་མཚམས་འཇོག་དགོས། མ་གཞིར་ཁོས་དུས་ཡུན་རིང་པོ་ཞིག་དང་རྫོགས་རྒྱུ་མེད་པ་ཞིག་འཁྲབ་སྟོན་བྱེད་ཐུབ་ཡང་། ཅིའི་ཕྱིར་ཏག་ཏག་ལ་ཁོས་འཁྲབ་སྟོན་གྱི་ཆེས་གནད་འགག་གི་སྐབས་འདིར་བསླེབས་དུས་མཚམས་འཇོག་དགོས་བྱུང་སོང་། ཁོས་ད་དུང་དངོས་གནས་དྲང་གནས་ཀྱིས་འཁྲབ་སྟོན་ངོ་མཚར་བ་ཞིག་བྱས་མ་མྱོང་། ཁོས་ད་དུང་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་ཐུབ། ཁོ་རང་སྔར་མེད་ཀྱི་བཀྲེས་སྐོམ་སྒྱུ་རྩལ་པ་ཆེས་སྐད་གྲགས་ཅན་དེ་ཆགས་ཐུབ་པ་མ་ཟད།(གཅིག་བྱས་ན་ཁོ་ཆགས་ཟིན) ད་དུང་རང་ཉིད་ལས་བརྒལ་ནས་བློ་ཡུལ་ལས་འདས་པའི་ཁམས་སུ་བསླེབ་འདོད། རྒྱུ་མཚན་ནི་ཁོས་རང་ཉིད་ཀྱི་བཀྲེས་སྐོམ་འཁྲབ་སྟོན་གྱི་ནུས་པ་ནི་རྫོགས་མཐའ་མེད་པ་ཞིག་ཡིན་པ་ཚོར། ཡིན་ཡང་མི་རྣམས་ཀྱིས་ཅིའི་ཕྱིར་ཁོའི་མུ་མཐུད་དུ་བཀྲེས་སྐོམ་མྱངས་ཐུབ་པའི་མཚན་སྙན་དེ་འཕྲོག་སོང་། ཅིའི་ཕྱིར་ཁོར་ལུས་ངག་ཡིད་གསུམ་གྱིས་གོང་བཀུར་ཡི་རང་བྱེད་པའི་ལྟད་མོ་བ་འདི་དག་གིས་བཟོད་བསྲན་མང་ཙམ་བྱེད་མི་ཐུབ། ཁོས་བཀྲེས་སྐོམ་མྱངས་བའི་འཁྲབ་སྟོན་གྱི་རྒྱུན་སྐྱོང་ཐུབ་རུང་། ཅིའི་ཕྱིར་མི་འདི་དག་ལྟད་མོ་བ་ངང་རྒྱུད་རིང་པོ་ཅན་ཞིག་ཀྱང་བྱེད་མི་ཐུབ། འེ། ཁོ་ཡང་ཐང་ཆད་སོང་། རྩྭ་སྐྱ་སྐམ་པོའི་སྟེང་ཙོག་ནས་ངལ་ཅུང་ཙམ་གསོས་ཆོག་མོད། ད་ལྟ་ཁོས་རིང་ཞིང་ཕྲ་བའི་ལུས་ཕུང་དེ་བརྩེངས་ནས་ཟ་མ་ཟ་རུ་འགྲོ་དགོས། ཁོས་ཟ་རྒྱུ་ཡིད་ལ་ཤར་མ་ཐག་སྐྱུག་མེར་ལངས་ཡོང་། ཡིན་ཡང་རང་ཉིད་ཀྱི་འགྲམ་དུ་བུད་མེད་ཡོད་པས་བཤད་འདོད་པའི་སྐད་ཆ་དག་ཁྱུར་མིད་བྱས། ཁོས་མགོ་བོ་བཀྱགས་ནས་བལྟས་ཚོད་དུ་གཤིས་འཇམ་ཤར་ཡང་དོན་དངོས་དུ་གདུག་རྩུབ་ཆེ་བའི་བུད་མེད་གཉིས་ཀའི་མིག་ལ་བལྟས་ཙམ་བྱས་རྗེས། ཤུགས་མེད་པའི་སྐེ་རུ་མནར་བའི་མགོ་བོ་ལྗིད་མོ་དེ་གཡུགས་ཙམ་བྱས། དེའི་མུར། ལུགས་སྲོལ་རྙིང་པ་དེ་སླར་ཡང་མགོ་བརྩམས། འཁྲབ་སྟོན་སྤྱི་གཉེར་པ་གར་སྟེགས་སུ་བུད། ཁོ་ལྐུགས་པ་ཞིག་དང་འདྲ་བར་སྐད་ཆ་ཚིག་གཅིག་ཀྱང་མི་བཤད། (དོན་དམ་པར་རོལ་མོའི་ཟང་ཟིང་གི་སྒྲ་ཆེ་དྲགས་ནས་གཏམ་བཤད་ཐབས་བྲལ།) ཁོས་ལག་ཟུང་བཀྲེས་སྐོམ་སྒྱུ་རྩལ་པའི་མགོ་རུ་བཀྱགས་ནས། གནམ་རྒན་མ་མི་ཡུལ་དུ་བསུ་བ་བཞིན། ཟང་ཟིང་གི་རྩྭ་སྐྱ་སྐམ་པོའི་སྟེང་གི་ཁོའི་བརྩམས་ཆོས་ཏེ། — དམ་ཚིག་གི་ཆེད་དུ་གྲོངས་ཤིང་སྙིང་རྗེ་སྒོམ་རིན་ཡོད་པའི་སྐྱེས་ཆེན་འདིར་གཟིགས་སྐོར་བྱས། དྲང་མོར་བཤད་ན། བཀྲེས་སྐོམ་སྒྱུ་རྩལ་པ་ནི་དམ་ཚིག་གི་ཆེད་དུ་གྲོངས་བའི་སྐྱེས་ཆེན་ཞིག་ཡིན་ཏེ། དེ་ཡང་ངོས་གཞན་ཞིག་གི་དོན་སྙིང་ལས་བརྗོད་པ་ཙམ་ཡིན། སྤྱི་གཉེར་པས་ལག་ཟུང་གིས་བཀྲེས་སྐོམ་སྒྱུ་རྩལ་པའི་སྐེད་པ་ཕྲ་བ་དེ་བཟུང་རྗེས། ཧ་ཅང་སེམས་ཆུང་ནེམ་ཆུང་བྱེད། ཁོའི་བྱ་བྱེད་དང་ཉམས་འགྱུར་གྱིས་མི་རྣམས་ལ་ཁོའི་ལག་ཏུ་བཟུང་བ་ནི་མི་གསོན་པོ་ཞིག་མིན་པར། ཆག་ཧྲུག་ཏུ་གྱུར་ཧ་ཅང་སླ་བའི་དངོས་པོ་ཞིག་ཡིན་པ་ལྟ་བུའི་སྣང་བ་ཞིག་སྤྲད། སྐབས་འདིར་སྤྱི་གཉེར་པས་ལྐོག་ནས་ག་ལེར་བཀྲེས་ལྟོགས་སྒྱུ་རྩལ་པར་རེག་ཡོད་ནའང་སྲིད། ཁོའི་རྐང་པ་གཉིས་དང་ཁོག་སྟོད། གཡས་གཡོན་དུ་གཡུགས་བྱས་ནས་མཚམས་མི་འཇོག དེར་མཐུད་ནས་སྤྱི་གཉེར་པས་ཁོ་རང་སྐྲག་ནས་ངོ་མདོག་སྐྱ་བོར་གྱུར་ཟིན་པའི་བུད་མེད་གཉིས་ཀར་སྤྲད། བཀྲེས་སྐོམ་སྒྱུ་རྩལ་པས་དེས་ཅི་བྱེད་ལ་ཁ་ཡ་མ་བྱས། ཁོས་མགོ་བོ་བྲང་མདུན་དུ་མནར་ཅིང་བཀོད་འདོམས་ལ་མ་ཉན་པར་གནས་དེ་རུ་འགྲིལ་དུ་བཅུག དེར་མཐུད་ནས་ཡང་ཅི་ཡིན་འདི་ཡིན་མེད་པར་འགུལ་ཙམ་ཡང་མི་བྱེད། ཁོའི་ལུས་པོ་ནི་སྔ་མོ་ནས་སྟོངས་འདུག རྐང་པ་གཉིས་ནི་རང་སྲུང་གི་ལྷན་སྐྱེས་ནུས་པས་པུས་མོ་དང་དམ་པོར་སྦྱར་ཡོད། རྐང་པ་གཉིས་ཀས་ས་ངོས་འདྲེད། ས་ངོས་དེ་ནི་ས་ངོས་ངོ་མ་ཞིག་མིན་པ་ལྟར། རྐང་པ་གཉིས་ཀྱིས་རྟེན་ས་ཡོད་པའི་ས་ངོས་ངོ་མ་ཞིག་འཚོལ་བཞིན་པ་དང་འདྲ། ཁོའི་ལུས་ཧྲིལ་བོའི་ལྗིད་ཚད་དེ། དོན་དམ་པར་ཧ་ཅང་ཡང་བའི་ལྗིད་ཡོད་ཚད། དེའི་ཁྲོད་ཀྱི་བུད་མེད་གཅིག་གི་ལུས་སྟེང་དུ་འཁྱོགས། ཁོ་མོས་དབུགས་ཧད་བཞིན་གཡས་ལྟ་གཡོན་ལྟ་བྱེད་བཞིན་རོགས་བྱེད་མཁན་བཙལ། ཁོ་མོས་གཟི་བརྗིད་ཅན་གྱི་གཞུང་དོན་ནི་འདི་འདྲ་ཞིག་ཡིན་པ་ཡིད་ལའང་ཤར་མྱོང་མེད། ཁོ་མོས་སྐེ་བསྲིངས་ཅི་ཐུབ་བྱེད། འདི་ལྟར་བྱས་ན་རང་ཉིད་ཀྱི་ལྟ་ན་སྡུག་པའི་ངོ་གདོང་“ཆག་སྒོ་”ལས་ཐར་ཡང་སྲིད། ཡིན་ནའང་མོས་དེ་ལྟར་བྱེད་མ་ཐུབ། ལམ་འགྲོ་ཅུང་རྒྱུགས་པའི་མོའི་རོགས་པ་དེས་འདར་སིག་སིག་ངང་བཀྲེས་སྐོམ་སྒྱུ་རྩལ་པའི་ལག་པ་— དོན་དམ་པར་རུས་པ་སྤར་མོ་གང་ཡིན་པ་དེ་— མཐོན་པོར་སྐོར་བཞིན་མདུན་དུ་བསྐྱོད་པ་ལས། རོགས་ཅི་ཡང་མི་བྱེད་པས། བུད་མེད་ལས་ངན་དེ་མི་མང་གི་བསླངས་བའི་ཟང་ཟིང་གི་འོག་ཏུ་ཨག་སྐད་དང་བཅས་ངུ་ཤོར། སྔ་མོ་ནས་འགྲམ་ན་སྒུག་ཡོད་པའི་ཞབས་ཞུ་བས་ཁོ་མོའི་ཚབ་མི་བྱེད་ག་མེད་དུ་གྱུར། དེ་ནས་ཟ་མ་ཟ་རྒྱུ་མགོ་བརྩམས། སྤྱི་གཉེར་པས་དབང་བོ་ཕྱེད་ཀ་ཤོར་ཅིང་གཉིད་མ་སད་ཡིན་པའི་བཀྲེས་སྐོམ་སྒྱུ་རྩལ་པར་ཁུ་བ་ཁེམ་བུ་འགའ་ལྡུད་ཞོར་དུ། མི་མང་གིས་རྩེ་གཅིག་ཏུ་སྒྲིམ་ཏེ་བཀྲེས་སྐོམ་སྒྱུ་རྩལ་པའི་ལུས་ཕུང་གི་གནས་ཚུལ་ལ་ལྟ་རྟོགས་བྱེད་པའི་བློ་ཁ་གཡེང་ཆེད། དགོད་ཁ་སློང་བའི་སྐད་ཆ་འགའ་བཤད།
དེར་མཐུད་ནས་ཁོས་ལྟད་མོ་བ་རྣམས་ཀྱིས་མཉེས་དག་གནང་བར་གྲོས་མགོ་བཏོན། བཤད་ཚུལ་ལ་དེ་ནི་བཀྲེས་སྐོམ་སྒྱུ་རྩལ་པས་སྤྱི་གཉེར་པར་ཤབ་ཤུབ་བྱས་པ་ལས་བྱུང་བའི་གྲོས་གཞི་ཞིག་རེད་ཟེར། རོལ་ཆའི་རུ་ཁག་གིས་ཤུགས་གང་ཡོད་བཏོན་ནས་དཀྲོལ་འཁྲབ་བྱེད། དེའི་མུར་ཚང་མ་རང་རང་སར་བུད་སོང་། མི་གཅིག་ཁོ་ན་ཕུད། སྤྱིར་མིག་མདུན་དུ་བྱུང་བའི་ཡོད་ཚད་ལ་ཡིད་མི་ཚིམ་མཁན་གཅིག་ཀྱང་མེད་མོད། ཡིད་མི་ཚིམ་མཁན་གཅིག་ཡོད་པ་དེ་ནི་བཀྲེས་སྐོམ་སྒྱུ་རྩལ་པ་ཁོ་རང་ཉིད་ཡིན། ཁོ་ནམ་ཡང་ཡིད་མི་ཚིམ།
འདི་ལྟར། འཁྲབ་སྟོན་དང་ངལ་གསོ། ངལ་གསོ་དང་འཁྲབ་སྟོན། ཁོས་ལོ་རེ་རེ་ཕར་བསྐྱལ། ཕྱི་ཚུལ་དུ་བཀྲག་མདངས་ཀྱིས་མི་སེམས་འགུག་ཅིང་ཀུན་གྱིས་བརྩི་བཀུར་འཐོབ་ཡང་། དོན་དམ་པར་ཡིད་མུག་པའི་སྐྱོ་སྣང་ཞིག་གིས་རྟག་པར་ཁོའི་སེམས་པ་བཟུང་ཡོད། སུ་གང་གིས་ཀྱང་དངོས་འབྲེལ་དྲང་འབྲེལ་གྱིས་བསམ་ཤེས་བྱེད་མི་ཐུབ་རྐྱེན། ཁོའི་སེམས་པ་ནི་ཇེ་སྡུག་ནས་ཇེ་སྡུག་རེད། མི་རྣམས་ཀྱིས་ཁོར་སེམས་གསོ་ཇི་ལྟར་བྱེད་དགོས་སམ། ཁོར་ད་དུང་རེ་སྙེག་ཅི་ཞིག་ཡོད་དམ། གལ་ཏེ་ཁོར་གདུང་སེམས་སྐྱེ་མཁན་གྱི་མི་བསམ་དཀར་ཞིག་གིས་ཁོ་ལ། ཁོའི་སྐྱོ་གདུང་ནི་བཀྲེས་སྐོམ་ལས་བྱུང་བ་ཡིན་ཡང་སྲིད་པར་བཤད་ཚེ། ཁོ་རང་ཁོང་ཁྲོ་མེ་ལྟར་འབར་ངེས་ཏེ། (ལྷག་པར་དུ་བར་སྐབས་ཤིག་ལ་བཀྲེས་སྐོམ་འཁྲབ་སྟོན་བྱས་པའི་རྗེས་སུ།) གཅན་གཟན་གཏུམ་དྲག་ཅན་ཞིག་གིས་ཁྲོ་བའི་ངང་གཟེབ་ར་སྒུལ་བ་ནང་བཞིན་བྱེད་ངེས། གནས་བབ་འདི་འདྲའི་འོག་ཏུ། སྤྱི་གཉེར་པར་ཁོ་རང་དགའ་བའི་ཆད་གཅོད་བྱེད་ཐབས་ཆ་ཚང་ཞིག་ཡོད། ཁོས་མི་མང་གི་མདུན་ནས་བཀྲེས་སྐོམ་སྒྱུ་རྩལ་པར་གསལ་འགྲེལ་བྱས་པ་མ་ཟད། ད་དུང་བཀྲེས་སྐོམ་སྒྱུ་རྩལ་པའི་སྤྱོད་པར་བཟོད་སྒོམ་བྱས་ཆོག་པར་གསལ་བོར་བསྟན། རྒྱུ་མཚན་ནི་བཀྲེས་སྐོམ་གྱི་དབང་གིས་བྱུང་བའི་རྒྱུན་ལྡན་མིན་པའི་ཁྲོ་སླ་བའི་བསམ་ཚུལ་དེ། མི་རྒྱུན་ལྡན་ཅན་ཞིག་གིས་གཏན་ནས་བསམ་ཤེས་བྱེད་མི་ཐུབ། དེའི་མུར་ཁོས་བཀྲེས་སྐོམ་སྒྱུ་རྩལ་པ་རང་ཉིད་ཀྱིས་འགྲེལ་བཤད་རྒྱག་འདོད་པའི་བསམ་ཚུལ་སྐོར་བཤད་མགོ་ཚུགས་ཏེ། ཁོས་དོན་དངོས་སུ་བཀྲེས་སྐོམ་བསྲན་ཐུབ་པའི་དུས་ཚོད་ནི་ད་ལྟ་ཁོས་འཁྲབ་སྟོན་བྱེད་བཞིན་པའི་དུས་ཚོད་ལས་ཤིན་ཏུ་རིང་བར་བཤད་ཅིང་། སྤྱི་གཉེར་པས་ཁོའི་ནམ་ཡང་འདོར་མི་སྲིད་པའི་རེ་སྙེག་དང་མཛེས་སྡུག་གི་རེ་འདུན། ད་དུང་རང་ཉིད་ཚོད་འཛིན་བྱེད་ཐུབ་པའི་སྙིང་སྟོབས་རླབས་ཆེན་སོགས་ལ་བསྟོད་ར་འཐེན། འདི་དག་ཐམས་ཅད་ཀྱི་ཁྲོད་བཀྲེས་སྐོམ་སྒྱུ་རྩལ་པའི་བཤད་ཚུལ་འདུས་པ་ཡང་སྨོས་མེད་རེད། དེའི་རྗེས་སུ། ཁོས་སླར་ཡང་འདྲ་པར་བརྩེགས་མ་ཞིག་བླངས་ནས། (འདྲ་པར་ཡང་ཕྱིར་འཚོང་བྱེད་ཆེད་ཡིན།) ཧ་ཅང་ལས་སླ་པོའི་ངང་སྒྱུ་རྩལ་པའི་བཤད་ཚུལ་དགག མི་ཚང་མས་འདྲ་པར་ལས་མཐོང་བ་ནི། ཉིན་བཞི་བཅུ་བའི་དུས་དེར་བཀྲེས་སྐོམ་སྒྱུ་རྩལ་པ་མལ་ཁྲིའི་སྟེང་ཉལ་ཅིང་། ལུས་སྟོབས་ཧ་ཅང་ཞན་ལ་དབུགས་རྟ་རྔ་ཙམ་ལས་ལྷག་མི་འདུག འདི་དག་ནི་ཁ་རྒྱུན་དུ་གྱུར་བའི་གཏམ་རྙིང་ཡིན་རུང་། དེས་བཀྲེས་སྐོམ་སྒྱུ་རྩལ་པར་མཚམས་མི་ཆད་པར་བཟོད་དཀའ་བའི་སྡུག་བསྔལ་སྤྲད། ཁོ་རང་ཁོང་ཁྲོ་ཟ་དོན་ནི་དོན་དངོས་འཁྱོག་བཤད་བྱེད་པའི་སྒྲུབ་སྟངས་ཏེ། དུས་ཚོད་སྔ་ནུར་བྱས་ནས་མཇུག་སྒྲིལ་བ་གསལ་བོ་ཡིན་ཡང་། མི་རྣམས་ཀྱིས་དེ་ལས་ལྡོག་སྟེ་འཁྲབ་སྟོན་མཇུག་མི་སྒྲིལ་ག་མེད་བྱུང་བར་བཤད་པའི་རྒྱུ་རྐྱེན་དེ་རེད། བླུན་རྨོངས་ལ་འགྲན་རྒོལ་བྱེད་པ་དང་། བླུན་རྨོངས་ཀྱི་འཇིག་རྟེན་འདི་དང་འགྲན་རྒོལ་བྱེད་པ་ནི་ངལ་བ་འབྲས་མེད་ཡིན། ཁོས་ནམ་ཡང་སེམས་པ་རྣམ་དག་གིས་སྐོམ་པ་ཆུ་འདོད་ལྟར་གཟེབ་ར་བཟུང་ནས་སྤྱི་གཉེར་པས་བཤད་པའི་སྐད་ཆ་རེ་རེར་གསལ་བོར་མཉན། འོན་ཀྱང་སྤྱི་གཉེར་པས་འདྲ་པར་འགྲེམ་སྟོན་བྱེད་ཐེངས་རེར། ཁོས་གཟེབ་ར་གློད་ནས་དབུགས་རིང་འཐེན་བཞིན་རྩྭ་སྐྱ་སྐམ་པོའི་སྟེང་དུ་ཙོག དེ་ནས་སེམས་གསོ་ཐོབ་པའི་ལྟད་མོ་བ་རྣམས། ཡང་བསྐྱར་རུབ་ཡོང་ནས་ཁོའི་འཁྲབ་སྟོན་ལ་བལྟ།
ལོ་འགའི་རྗེས་སུ། རྣམ་པ་འདི་དངོས་སུ་མཐོང་མཁན་གྱི་དཔང་མིས་ཚུལ་འདི་ཕྱིར་དྲན་བྱེད་ཐེངས་རེར། ཁོ་ཚོ་རང་ཉིད་ཀྱིས་ཀྱང་འདི་ནི་ཡང་སྙིང་ཅི་ཞིག་ཡིན་པ་གསལ་བོར་རྟོགས་དཀའ་སྟེ། བར་སྐབས་འདིར་གླེང་མོལ་བྱ་ཡུལ་དུ་གྱུར་བའི་དུས་འགྱུར་དེ་བྱུང་བ་རེད། འགྱུར་བ་འདི་ནི་གློ་བུར་དུ་བྱུང་བ་ཞིག་ཡིན་ཏེ། གཅིག་བྱས་ན་དེར་རྙོག་འཛིང་གི་རྒྱུ་རྐྱེན་གཞན་པ་རེ་ཡོད་ཀྱང་སྲིད། འོན་ཀྱང་སུས་གཏིང་ཟབ་མོར་རྩད་གཅོད་བྱེད་དམ། གང་ལྟར། སྔོན་ཆད་ཚང་མ་དགའ་མྱོང་བའི་བཀྲེས་སྐོམ་སྒྱུ་རྩལ་པས་རང་ཉིད་ནམ་ཉི་མ་ཞིག་ལ་ཟང་ཟིང་གི་དབྱིངས་སུ་ལྷུང་ཟིན་པའི་ལྟད་མོ་བས་བརྗེད་ཟིན་པ་ཤེས། ཁོ་ཚོ་འཚང་ཁ་ཤིག་ཤིག་གིས་འཁྲབ་སྟོན་བྱེད་ས་གཞན་པའི་ཕྱོགས་སུ་རྒྱུགས། སྤྱི་གཉེར་པས་ཁོ་ཁྲིད་ནས་ཡང་བསྐྱར་ཡོ་རོབ་གླིང་ཕྱེད་ཀ་བརྒལ། ཁོ་ཚོས་ས་ཆ་ཞིག་ནས་གཤེགས་ཟིན་པའི་སྤྲོ་སྣང་དང་འུར་རླབས་དེ་སླར་ཡང་བཙལ་ཐུབ་མིན་ལ་ལྟ་འདོད། ཡིན་ཡང་ཁོ་ཚོ་ལག་སྟོང་དུ་ལོག་དགོས་བྱུང་། མི་རྣམས་ཀྱིས་ལྐོག་ནས་ཁ་དན་བྱས་ཡོད་པ་ལྟར། བཀྲེས་སྐོམ་འཁྲབ་སྟོན་ལ་སུན་པའི་མཁའ་དབུགས་ཅིག་གང་སར་ཁྱབ་འདུག རེད་ཡ། བསམ་ཚུལ་འདི་འདྲ་ནི་ཉིན་གཅིག་ལ་ཆགས་པ་མ་ཡིན་ཏེ། སྐབས་དེར་མི་རྣམས་རྒྱལ་ཁའི་སྤྲོ་བ་རུ་མགོ་འཁོར་བས། ཕ་རོལ་བར་མཐོང་ཆེན་བྱེད་དུ་འཇུག་མ་ཐུབ་པ་དང་། དོགས་ཟོན་ལ་མ་གཟབ་པ། ད་ལྟ་མྱུར་སྐྱོབ་ཀྱི་བྱེད་ཐབས་སྤྱད་ན་འཕྱི་དྲགས་པ་སོགས་ལན་པ་ཡིན། ནམ་ཉི་མ་ཞིག་ལ་བཀྲེས་སྐོམ་འཁྲབ་སྟོན་ཡང་བསྐྱར་འཁྲུག་པོ་ཆགས་སྲིད་པ་ནི་གཏན་ཁེལ་ཡིན་རུང་། གསོན་བཞིན་པའི་མིར་མཚོན་ནས་བཤད་ན་དེས་སེམས་གསོ་ཅི་ཡང་བྱེད་མི་ཐུབ། མིག་སྔར། བཀྲེས་སྐོམ་སྒྱུ་རྩལ་པས་ཅི་ཞིག་བསྒྲུབ་ན་འོས་སམ། ལྟད་མོ་བ་ཁྲི་སྟོང་མང་པོས་དགའ་འབོད་བྱས་མྱོང་བའི་བཀྲེས་སྐོམ་སྒྱུ་རྩལ་པ་དུས་ད་ལྟ་ཚོང་འདུས་སུ་སོང་ནས་གར་སྟེགས་སྟབས་བདེ་ཞིག་གི་སྟེང་ནས་འཁྲབ་སྟོན་བྱེད་པ་ནི་སྡུག་ཐུག་ཞིག་རེད་ལ། ལས་རིགས་གཞན་པར་བསྒྱུར་དགོས་ཚེ་ཁོ་ལོ་ན་མཐོ་དྲགས་འདུག ཡིན་ཡང་གཙོ་བོའི་ནང་གི་གཙོ་བོ་ནི་ཁོ་རང་བཀྲེས་སྐོམ་འཁྲབ་སྟོན་གྱི་རེ་སྙེག་ལ་འདུན་པ་བླ་ལྷག་གིས་མཐོ། མཇུག་མཐར། ཁོ་རང་སྤྱི་གཉེར་པ་དང་བྲལ། མི་ཚེའི་བགྲོད་ལམ་དུ་འགྲན་ཟླ་བྲལ་བའི་རོགས་པ་སྟེ། དུད་འགྲོའི་སྒྱུ་རྩལ་ཚོགས་པ་ཆེན་པོ་ཞིག་ནས་གདན་ཞུ་བྱས་པའི་མི། སེམས་ཀྱི་ཕོག་ཐུག་ལས་གཡོལ་ཆེད། ཁོས་ཐ་ན་གན་རྒྱའི་ཆ་རྐྱེན་ལའང་མིག་གིས་བལྟ་ཙམ་མ་བྱས།
དུད་འགྲོའི་སྒྱུ་རྩལ་ཚོགས་པ་ནི་དངོས་གནས་རྒྱ་ཆེན་པོ་འདུག གང་སར་མཐོང་ཐུབ་པའི་མི་དང་སྲོག་ཆགས། འཕྲུལ་ཆས་ནི་གྲངས་ཀ་མི་ཐེབས། ཁོ་ཚོས་མཚམས་མི་ཆད་པར་ཁ་གསབ་དང་གསར་སྒྱུར་བྱེད་དགོས་ཏེ། ཤེས་ལྡན་མི་སྣ་སུ་ཞིག་ཡིན་རུང་། དུད་འགྲོའི་སྒྱུ་རྩལ་ཚོགས་པ་རུ་ནམ་ཞིག་ལ་གོ་ཆོད་ཐུབ་པས། བཏོན་པའི་ཆ་རྐྱེན་འོས་ཤིང་འཚམ་ན། བཀྲེས་སྐོམ་སྒྱུ་རྩལ་པ་ཡང་དེ་བཞིན་ཡིན་པ་སྨོས་མེད་རེད། གཞན་ཡང་། ཁོ་རང་གདན་ཞུ་ཐུབ་པ་ནི་དམིགས་བསལ་གྱི་གནས་ཚུལ་ཞིག་ཡིན་ཏེ། སྒྱུ་རྩལ་པའི་ཐོབ་ཐང་གཅིག་པུ་མིན་པར། དེ་ལས་ཀྱང་གལ་ཆེ་བ་ནི་སྔོན་ཆད་ཁོ་རང་མིང་གྲགས་ཆེན་པོ་ཡོད་པའི་ཕྱིར་རེད། མ་གཞིར། བཀྲེས་སྐོམ་སྒྱུ་རྩལ་པའི་འཁྲབ་རྩལ་ནི་ན་ཚོད་འཕར་བ་ལ་བརྟེན་ནས་མདོག་ཤོར་ཏེ་རྒུད་མི་འདུག ཚུལ་འདི་གཅིག་པུར་གཞིགས་ནས་ཀྱང་། མ་མཐར་མི་རྣམས་ཀྱིས། རྒས་ནས་ཕན་མི་ཐོགས་པ་མ་ཟད། ད་ནས་བཟུང་འཁྲབ་རྩལ་གྱི་ཡང་རྩེར་འགོས་མི་ཐུབ་པའི་བཀྲེས་སྐོམ་སྒྱུ་རྩལ་པ་ཞིག་དུད་འགྲོའི་སྒྱུ་རྩལ་ཚོགས་པའི་ལྷིང་འཇགས་ཀྱི་གྲུ་ཁུག་ཅིག་ནས་ཉི་མ་སྐྱེལ་ཐབས་བྱེད་ཀྱིན་འདུག་ཞེས་བརྗོད་མི་སྲིད། དེ་ལས་ལྡོག་སྟེ། བཀྲེས་སྐོམ་སྒྱུ་རྩལ་པས་མི་རྣམས་ལ་ཁག་ཐེག་བྱེད་འདོད་པ་ནི། ཁོའི་བཀྲེས་སྐོམ་གྱི་སྒྱུ་རྩལ་ཆུ་ཚད་སྔོན་ཆད་དང་བསྡུར་ན་ཇེ་ཞན་དུ་སོང་མེད་པ་འདི་ཉིད་བརྒྱ་ཆའི་བརྒྱ་ཡིད་ཆེས་བྱས་ཆོག་པ་དེ་ཡིན། ཐ་ན་ཁོས་ད་དུང་ཡོངས་བསྒྲགས་བྱེད་འདོད་དེ། གལ་སྲིད་མི་རྣམས་ཀྱིས་ཁོར་རང་ཉིད་ཀྱི་བསམ་ཚུལ་ལྟར་བསྒྲུབ་ཏུ་བཅུག་ཚེ། མི་རྣམས་ཀྱིས་ཁོའི་རེ་བ་དེ་ལམ་སེང་ཁས་བླངས་པ་ཡིན་ན། ཁོས་དངོས་གནས་འཛམ་གླིང་གཡོ་འགུལ་བྱས་ཏེ། སྔར་བྱུང་མ་མྱོང་བའི་སྐད་གྲགས་ཆོད་པའི་ནུས་པ་ཤིག་ཐོན་པར་བྱེད་ངེས་ཡིན། བཀྲེས་སྐོམ་སྒྱུ་རྩལ་པར་སེམས་འགུལ་ཅིག་ཐེབས་དུས། མིག་སྔར་གྱི་གནས་བབ་སྔ་མོ་ནས་བརྗེད་ཚར་འདུག ཁོའི་སྐད་ཆ་དེས་རྒྱུས་ཡོད་ཀྱི་མིར་གད་མོ་ཙམ་སློང་ཐུབ་པ་ལས་ཅི་ཡང་བྱེད་མ་ཐུབ།
འོན་ཀྱང་། བཀྲེས་སྐོམ་སྒྱུ་རྩལ་པས་གང་ལྟར་ཡང་དོན་དངོས་ལ་དམིགས་དགོས་པ་ད་དུང་བརྗེད་མི་འདུག མི་རྣམས་ཀྱིས་ཁོ་དང་གཟེབ་མ་གཉིས་ཀ་ངོ་མཚར་བའི་ལེ་ཚན་དུ་བརྩིས་ནས་དུད་འགྲོའི་སྒྱུ་རྩལ་ཚོགས་པའི་ལྟེ་གནས་སུ་བཞག་མེད་པར། འགྲིམ་འགྲུལ་གྱི་ལམ་མདོ་རུ་བཀོད་སྒྲིག་བྱས་པ་ལ། ཁོས་ཀྱང་འདི་ནི་འོས་ཤིང་འཚམ་པ་ཞིག་རེད་བསམ། གཟེབ་མའི་ཕྱོགས་བཞི་རུ་སྦྱར་ཡིག་གིས་གང་འདུག་ཅིང་། ཁྲ་ཁྲ་ཟིལ་ཟིལ་གྱི་ཡིག་ཆེན་དེ་དག་གིས་མི་རྣམས་ལ་དེ་རུ་ཅི་ཞིག་མཐོང་ཐུབ་པ་བཤད་ཡོད། གལ་ཏེ་འཁྲབ་སྟོན་གཞན་དག་ངལ་གསོ་བྱེད་དུས་ལྟད་མོ་བ་རྣམས་རི་དྭགས་ར་བའི་ཕྱོགས་སུ་ཡོང་བ་ཡིན་ན། ལྟད་མོ་བ་རྣམས་བཀྲེས་སྐོམ་སྒྱུ་རྩལ་པའི་མདུན་ནས་འགྲོ་དུས། དེ་རུ་གོམ་མཚམས་བཞག་ནས་ཅུང་ཙམ་འདུག་སྲིད། གལ་ཏེ་ལམ་དོག་ཅིང་འཚང་ཁ་ཆེ་བ་མིན་ཚེ། རྗེས་སུ་ཡོང་བའི་མི་རྣམས་ཀྱིས་ཀྱང་མདུན་གྱི་ལྟད་མོ་བ་ཅིའི་ཕྱིར་མགྱོགས་པོར་རི་དྭགས་ར་བར་མི་འགྲོ་བར་གོམ་མཚམས་བཞག་པར་བསམ་ཤེས་བྱེད་ཐུབ། གཅིག་བྱས་ན་མི་རྣམས་ཁོའི་མདུན་ནས་མང་ཙམ་བསྡད་དེ་ག་ལེར་ཁོའི་འཁྲབ་སྟོན་ལ་རོལ་མྱོང་བྱེད་ཀྱང་སྲིད། འདི་ནི་བཀྲེས་སྐོམ་སྒྱུ་རྩལ་པས་ལྟད་མོ་བ་དག་མྱུར་མོར་ཁོའི་ཕྱོགས་སུ་ཡོང་བ་མཐོང་དུས་དབང་མེད་དུ་འདར་སིག་རྒྱག་པའི་རྒྱུ་རྐྱེན་དེ་ཡིན། ཁོས་མི་རྣམས་ཀྱིས་རང་ཉིད་ལ་ལྟད་མོ་ལྟ་བ་འཚོ་བའི་དམིགས་འབེན་དུ་བཟུང་ཡོད་པས། རང་ཤུགས་ཀྱིས་དུས་སྐབས་འདི་འདྲར་རེ་སྒུག་བྱེད་ངེས། དང་ཐོག ཁོས་འཁྲབ་སྟོན་གྱི་ངལ་གསོ་བསླེབས་པར། བྲེལ་བ་ལངས་ནས་མ་བཟོད་པའི་ངང་རེ་སྒུག་བྱས། ལྟད་མོ་བ་ཁྱུ་རེ་ཁྱུ་རེ་བྱས་ནས་སྦྲང་མ་བཞིན་རང་གི་ཕྱོགས་སུ་རུབ་ཡོང་བ་མཐོང་དུས། ཁོ་སེམས་འགུལ་ཐེབས་ནས་དགའ་ཐག་ཆོད་སོང་། ཡིན་ཡང་ཁོས་ལམ་སེང་ལྟད་མོ་བ་རྣམས་ནི་མ་གཞིར་རི་དྭགས་ལྟ་རུ་འགྲོ་བ་ཡིན་ཞིང་། ཐེངས་རེ་རེར་འདི་ལྟར་ཡིན་པས། ཨུ་ཚུགས་ཆེ་ཞིང་བསམ་བཞིན་དུ་རང་མགོ་རང་གིས་གཡོགས་པར་དགའ་བའི་མི་ཞིག་ཡིན་རུང་། དོན་དངོས་འདི་ཁས་མི་ལེན་ཐབས་མེད་ཡིན་པ་ཤེས། འོན་ཏེ་ཇི་ལྟར་བཤད་ཀྱང་། ཐག་རིང་གི་ལྟད་མོ་བ་རྣམས་རང་གི་ཕྱོགས་སུ་འོངས་བར་ལྟ་བ་ནི་ཁོ་རང་ཆེས་དགའ་བའི་དོན་ཞིག་ཡིན་ཞིང་། མི་རྣམས་རུབ་ནས་ཡོང་དུས། མཚམས་ཆད་རྒྱུ་མེད་པའི་འབོད་སྐད་དང་སྡིགས་མོ་མཉམ་དུ་བསྲེས་ནས་ཟང་ཟིང་ལང་ལོང་བྱེད། མི་འགའ་ཤས་ཀྱིས་སོས་དལ་མོར་ཁོའི་འཁྲབ་སྟོན་ལ་ལྟ། དེ་ནི་ཁོ་ལ་བསམ་ཤེས་བྱེད་པ་མིན་པར། (མི་འདི་དག་གིས་བཀྲེས་སྐོམ་སྒྱུ་རྩལ་པ་སྔར་ལས་ཀྱང་སྡུག་བསྔལ་གྱི་ཀློང་དུ་དྲངས།)བསམ་གཟས་ནས་རྗེས་ན་ཁོ་ཚོ་མགྱོགས་པོར་འགྲོ་བར་སྐུལ་བའི་མི་ལ་ཁག་པོ་བཟོ་བ་ཡིན་ཏེ། མི་འགའ་ཤས་ནི་རི་དྭགས་ར་བར་འགྲོ་རྒྱུར་བྲེལ་བ་ལངས་ནས་ཤི་ལ་ཁད་བྱེད་པ་ཡིན། མི་འབོར་ཆེན་ཞིག་ཕྱིན་རྗེས། ཤུལ་དུ་ལུས་པ་ནི་རྗེས་ལུས་ཁ་ཤས་རེད། ཁོ་ཚོར་མགྱོགས་པོར་འགྲོ་བར་སྐུལ་མཁན་མེད་པས། ཁོ་ཚོར་སྤྲོ་སྣང་ཡོད་ན། ཁོའི་མདུན་ནས་དུས་ཡུན་རིང་ཙམ་ལ་བསྡད་ཆོག་མོད། མི་འདི་དག་ནི་མིག་གིས་གསེག་ལྟ་བྱེད་ཞོར་གོམ་ཆེན་སྤོས་ནས་སྐར་མདའ་བཞིན་རི་དྭགས་ར་བའི་ཕྱོགས་སུ་ཤོར་འགྲོ། ཡིན་ནའང་། བཀྲེས་སྐོམ་སྒྱུ་རྩལ་པ་སྐབས་ལ་རེར་ལམ་འགྲོ་རྒྱུགས་པའི་དུས་སུ་ཁེལ་དུས་ཀྱང་ཡོད་དེ། མཚམས་ལ་རེར་ཨ་ཕ་ཞིག་གིས་བྱིས་པ་ཁྲིད་ནས་ཁོའི་མདུན་དུ་ཡོང་སྟེ། བྱིས་པར་ཁོ་སྟོན་ཞོར་དུ། འདི་ནི་ཡང་སྙིང་ག་འདྲ་ཞིག་ཡིན་པ་ཕྲ་ཞིང་ཞིབ་པའི་སྒོ་ནས་བཤད། ཁོས་འདས་ཟིན་པའི་ལོ་རབས་དེ་བཤད་དུས། ཁོས་སྔོན་ཆད་འདི་དང་རིགས་འདྲ་བའི་འཁྲབ་སྟོན་ལ་བལྟས་མྱོང་ཞིང་དེ་དུས་ཧ་ཅང་རྒྱ་ཆེ་བར་བཤད། ཡིན་ཡང་བྱིས་པ་རྣམས་ཀྱིས་སློབ་གྲྭའམ་འཚོ་བའི་ཕྱོགས་གང་ནས་ཀྱང་དོན་དག་འདི་འདྲར་ཐུག་མྱོང་མེད་པས། ཁོ་ཚོས་མི་རྒན་པའི་སྐད་ཆར་ཇི་ལྟར་བྱས་ཀྱང་གོ་བ་ལེན་མ་ཐུབ། འདི་ཡང་ཁག་མེད་དེ། ཁོ་ཚོས་ཅི་ཞིག་ལ་བཀྲེས་སྐོམ་ཟེར་བ་ཇི་ལྟར་ཤེས། ཡིན་ཡང་ཁོ་ཚོའི་འཚོལ་ཞིབ་བྱེད་པར་དགའ་ཞིང་འོད་ཆེམ་ཆེམ་འཕྲོ་བའི་མིག་ཟུང་ལས། གསར་ཞིང་མ་འོངས་པར་གཏོགས་ལ། བྱམས་སེམས་ཆེ་བའི་དངོས་པོ་ཞིག་བརྡོལ་བྱུང་། བཀྲེས་སྐོམ་སྒྱུ་རྩལ་པས་མཚམས་ལ་རེར་ཡིད་སྐྱོ་བཞིན་བསམ་བློ་བཏང་མྱོང་སྟེ། གལ་སྲིད་རང་ཉིད་ཀྱི་འཁྲབ་སྟོན་བྱེད་ས་དེ། རི་དྭགས་ར་བ་ལས་ཐག་རིང་བའི་ས་རུ་གནས་ཚེ། གནས་ཚུལ་འདི་ལས་བཟང་ཡང་སྲིད་སྙམ། ཡིན་ཡང་ད་ལྟ་རི་དྭགས་ར་བ་དང་ཐག་ཧ་ཅང་ཉེ་བས། མི་རྣམས་ཀྱིས་ལས་སླ་པོར་རི་དྭགས་ར་བ་གདམས་སྲིད། རི་དྭགས་ར་བ་ལས་མཆེད་འོངས་བའི་དྲི་ངན་དང་མཚན་མོར་རི་དྭགས་ཀྱིས་བསླངས་བའི་འུར་ཟིང་། རི་དྭགས་རྣམས་ལ་ཤ་རྗེན་སྟེར་དུས་ཀྱི་མིའི་གོམ་སྒྲ་དང་། གཟན་སྟེར་དུས་རི་དྭགས་རྣམས་ཀྱིས་ཕྱུངས་བའི་སྐད་ངན་བཅས་ཀྱིས་ཁོ་རང་འདུག་བཟོད་མེད་པར་བཏང་ནས། ཁོ་རང་ཡི་མུག་ཅིང་སེམས་སྐྱོ་རུ་བཅུག ཡིན་ཡང་། ཁོ་རང་དུད་འགྲོའི་སྒྱུ་རྩལ་ཚོགས་པའི་མགོ་བ་རྣམས་ལ་ཡར་ཞུ་བྱེད་པའི་སྤོབས་པ་མི་འདུག ཁོས་ད་དུང་རི་དྭགས་དེ་དག་ལ་བཀའ་དྲིན་ཞུ་དགོས་ཏེ། གལ་སྲིད་ཁོ་ཚོ་མེད་ཚེ། ལྟད་མོ་བ་དེ་འདྲ་མང་པོ་ཞིག་འགུག་ག་ལ་ཐུབ། དེར་མ་ཟད་མི་མང་གི་དཀྱིལ་ནས་ཁོར་ཕྱོགས་ཏེ་ཡོང་མཁན་ངོ་མ་ཞིག་ཇི་ལྟར་རྙེད་ཐུབ། གལ་ཏེ་ཁོས་མི་རྣམས་ལ་རང་ཉིད་གནས་དེ་རུ་ཡོད་པར་གསལ་འདེབས་བྱེད་འདོད་ཚེ། མི་རྣམས་ཀྱིས་ལམ་སེང་ཁོ་སྟེ། — རི་དྭགས་ར་བར་བསྐྱོད་སའི་ལམ་ཁའི་བཀག་དངོས་ཙམ་ལས་ཅི་ཡང་མིན་པ་དེ་དྲན་ངེས།
བཀག་དངོས་ཆུང་ཆུང་ཞིག་ཡིན་པ་ཙམ་སྟེ། ད་དུང་ཇེ་ཆུང་ནས་ཇེ་ཆུང་རེད། མི་རྣམས་ཀྱིས་དེང་གི་དུས་འདིར་ད་དུང་བཀྲེས་སྐོམ་སྒྱུ་རྩལ་པ་ཞིག་གི་ཆེད་དུ་ལུས་སེམས་གཉིས་ཀ་དུབ་པར་བྱེད་པ་ནི་དངོས་གནས་ཁྱད་མཚར་ཞིག་རེད་འདོད། ཡིན་ཡང་ཁྱད་མཚར་གྱི་སྣང་ཚུལ་ལ་མི་རྣམས་ཀྱིས་རྒྱུན་ལྡན་གྱི་ལྟ་བ་འཛིན། ཏག་ཏག་གོམས་གཤིས་འདི་རིགས་ཀྱིས་ཁོའི་ལས་དབང་གི་བཅད་ཁྲ་ཁྱབ་བསྒྲགས་བྱས། ཁོས་ཤུགས་ཆེ་ཤོས་བཏོན་ནས་བཀྲེས་སྐོམ་དེ་ཡག་པོར་འཁྲབ་སྟོན་བྱེད་འདོད་ལ། ཁོས་ཀྱང་དངོས་གནས་འདི་ལྟར་བྱས། འོན་ཀྱང་འདི་དག་ཡོད་ཚད་ཀྱིས་ཁོའི་ལས་དབང་སྐྱོབ་མི་ཐུབ། ལྟད་མོ་བ་རེ་རེ་ནི་བྲེལ་བ་ཆེ་བའི་ལམ་འགྲོ་བ་ཞིག་དང་འདྲ་བར་ཁོའི་མདུན་ནས་འཁྱུག་ཙམ་བྱས་རྗེས་བུད་འགྲོ། མི་ལ་བཀྲེས་སྐོམ་གྱི་སྒྱུ་རྩལ་བཤད་པར་ཚོད་ལྟ་ཞིག་བྱོས་དང་། འོན་ཀྱང་སུ་ཞིག་ཡིན་རུང་བཀྲེས་སྐོམ་སྒྱུ་རྩལ་ལ་མྱོང་ཚོར་དངོས་མེད་པར་དེའི་སྙིང་བོར་གོ་བ་ཡག་པོ་ཞིག་རྩ་བ་ནས་ལེན་མི་ཐུབ། ཚོན་མདོག་གི་ཡིག་ཆེན་མཛེས་པོ་དེ་དག་འབག་བཙོག་བྱས་འདུག་པ་མ་ཟད། རབ་བེ་རིབ་བེར་གྱུར་འདུག་པས་གཤག་ནས་བཀོག་ཀྱང་། གསར་པ་ཞིག་སྦྱར་རྩིས་བྱེད་ཀྱིན་མི་འདུག བཀྲེས་སྐོམ་འཁྲབ་སྟོན་གྱི་ཉིན་གྲངས་འགོད་བྱེད་བྱང་བུ་ཆུང་ཆུང་དེའི་སྟེང་གི་གྲངས་ཀ་ནི། སྔོན་ཆད་ཡིན་ན་ཉིན་རེར་གསར་པ་རེ་བྲིས་ཡོད་ཀྱང་། ད་ལྟ་ཡ་བྱེད་མཁན་མི་འདུག་ལ། ཉིན་མང་པོར་གྲངས་ཀ་ལ་འགྱུར་ལྡོག་བྱུང་མེད། རྒྱུ་མཚན་ནི་གཟའ་འཁོར་འགའ་འགོར་རྗེས། ཟིན་ཐོ་འགོད་མཁན་རང་ཉིད་ཀྱང་བྲོ་བ་མེད་པའི་ལས་ཀ་འདིར་སུན་སྣང་སྐྱེས། བཀྲེས་སྐོམ་སྒྱུ་རྩལ་པས་མཚམས་མ་བཞག་པར་བཀྲེས་སྐོམ་འཁྲབ་སྟོན་བྱས། འདི་ནི་འདས་ཟིན་པའི་ལོ་ཟླའི་ནང་ཁོའི་རྨི་ལམ་དུའང་འཁོར་མྱོང་བའི་དོན་དེ་ཡིན་ལ། སྔོན་ཆད་ཁ་ཤོམ་ཡང་འཐེན་མྱོང་། ད་ལྟ་ཁོས་རང་གི་འདོད་པ་ལྟར་གཅིག་པུས་སྒྲུབ་ཆོག་ཀྱང་། ཁོ་ལ་འཁྲབ་སྟོན་གྱི་ཉིན་གྲངས་འགོད་མཁན་མི་འདུག མི་གཅིག་ཀྱང་མེད་དེ། ཐ་ན་ཁོ་རང་ཉིད་ཀྱིས་ཀྱང་རང་གི་གྲུབ་འབྲས་ཚད་གང་འདྲ་ཞིག་ཏུ་བསླེབས་པ་གསལ་བོར་མི་ཤེས། ཁོའི་སེམས་པ་ལྗིད་ཏིག་ཏིག་ཏུ་གྱུར། གལ་ཏེ་དུས་ནམ་ཞིག་ལ་ལས་རྒྱུ་མེད་པའི་མི་ཞིག་ཡོང་སྟེ། གྲངས་ཀ་རྙིང་པ་དེ་ཁྱེར་ནས་འཕྱ་དགོད་བྱེད་བཞིན། འདི་ནི་མགོ་གཡོགས་པའི་སྒྱུ་མ་ཞིག་རེད་ཟེར་ན། ཁོའི་སྐད་ཆ་དེ་ནི་དངོས་གནས་ཆེས་གླེན་པ་དང་སྣང་མེད་དུ་བསྐྱུར་ཆོག་པ། ངན་སེམས་བཅངས་བའི་རྫུན་གཏམ་བཅས་ཡིན། རྒྱུ་མཚན་ནི། བཀྲེས་སྐོམ་སྒྱུ་རྩལ་པས་གཞུང་དྲང་ངང་ངལ་རྩོལ་བྱེད་ལ། ཁོས་མི་གཞན་ལ་མགོ་སྐོར་བཏང་མ་མྱོང་། དེ་ལས་ལྡོག་སྟེ་འཇིག་རྟེན་འདིས་ཁོའི་གླ་ཆ་གཡོ་ལེན་བྱས་སོང་།
ཉིན་མང་པོ་ཞིག་འགོར་རྗེས། འཁྲབ་སྟོན་མཇུག་སྒྲིལ་སོང་། ཉིན་ཞིག་ལ། གཟེབ་མ་དེར་ལྟ་སྲུང་པ་ཞིག་གིས་དོ་སྣང་བྱས་བྱུང་། ཁོས་གཡོག་པོ་རྣམས་ལ་འདྲི་དོན། ཅིའི་ཕྱིར་གཟེབ་མ་ཡག་པོ་ཞིག་འདི་ལྟར་གཡུག་ནས་མི་བཀོལ་ཟེར། ནང་གི་རྩྭ་སྐྱར་གཡའ་སྤུ་སྐྱེས་ནས་དྲི་ངན་བྲོ་འདུག་ཀྱང་ཧ་གོ་མཁན་མི་འདུག དེའི་ཁྲོད་ཀྱི་མི་གཅིག་གིས་གྲངས་ཀ་འགོད་བྱེད་ཀྱི་བྱང་བུ་ཆུང་ཆུང་མཐོང་བ་ན། ཁོས་གློ་བུར་དུ་བཀྲེས་སྐོམ་སྒྱུ་རྩལ་པ་དྲན་བྱུང་། མི་རྣམས་ཀྱིས་དབྱུག་པ་བཟུང་ནས་རྩྭ་སྐྱ་རུལ་བ་གསེད་པ་ན། གཞི་ནས་ཁོ་རང་རྙེད་བྱུང་། “ཁྱོད་ཀྱིས་ད་དུང་ཟ་མ་ཟས་མེད་དམ།” ལྟ་སྲུང་པས་དྲིས། “ཡང་སྙིང་ཁྱོད་ཀྱིས་ག་དུས་མཇུག་རྫོགས་བསམ་པ་ཡིན།” “རྣམ་པ་ཚོ། བཟོད་སྒོམ་གནང་རོགས། ”བཀྲེས་སྐོམ་སྒྱུ་རྩལ་པས་ཤི་མ་གསོན་ངང་ཤུབ་བུར་བཤད་པས། ལྟ་སྲུང་པ་གཅིག་པུས་ཁོའི་སྐད་ཆ་གསལ་བོར་གོ་སོང་། རྒྱུ་མཚན་ནི་ཁོས་རང་གི་ཨམ་ཅོག་གཟེབ་རའི་སྟེང་དུ་སྦྱར་ནས་ཉན། “ཆོག་དང་ཆོག ཆོག་དང་ཆོག ”ལྟ་སྲུང་པས་མགོ་བོ་ལྡེམ་ཞོར་དུ་ལག་པ་ཡ་གཅིག་དཔྲལ་བར་བཙུགས་ནས། གཞན་རྣམས་ལ་བཀྲེས་སྐོམ་སྒྱུ་རྩལ་པའི་ཚེ་སྲོག་ཉེན་ཁ་ཆེ་བ་གསལ་བཤད་བྱས། “ང་ཚོས་ཁྱོད་ལ་བཟོད་སྒོམ་ལོས་བྱེད།” བཀྲེས་སྐོམ་སྒྱུ་རྩལ་པས“ངས་རྟག་པར་ཁྱོད་ཚོས་ངའི་བཀྲེས་སྐོམ་འཁྲབ་སྟོན་ལ་བསྟོད་པའི་མཐེ་བོང་བསྒྲེངས་བར་བསམ་བློ་བཏང་མྱོང”ཟེར། “ང་ཚོས་དངོས་གནས་བསྟོད་ར་འཐེན་གྱིན་ཡོད།” ལྟ་སྲུང་པས་སྤྲོ་སེམས་འཁོལ་བའི་ངང་བཤད། “འོན་ཀྱང་ཁྱོད་ཚོས་བསྟོད་ར་འཐེན་མི་འོས།” བཀྲེས་སྐོམ་སྒྱུ་རྩལ་པས་བཤད། “དེ་ན་ང་ཚོས་བསྟོད་ར་མི་འཐེན། ”ལྟ་སྲུང་པས་བཤད། “ང་ཚོས་ཅིའི་ཕྱིར་བསྟོད་ར་འཐེན་མི་འོས།”“རྒྱུ་མཚན་ནི་ངས་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་བ་ལས་ང་ལ་བྱ་ཐབས་གཞན་ཅི་ཡང་མི་འདུག ” བཀྲེས་སྐོམ་སྒྱུ་རྩལ་པས་བཤད། “ཁྱོད་ཚོས་ལྟོས་དང་། ཁྱད་མཚར་མ་རེད་དམ།” ལྟ་སྲུང་པས་བཤད། “ཁྱོད་ལ་ཅིའི་ཕྱིར་བྱ་ཐབས་གཞན་མེད་དམ།” “རྒྱུ་མཚན་ནི་ང་་་་་”བཀྲེས་སྐོམ་སྒྱུ་རྩལ་པས་དེ་ལྟར་ཟེར་ཞོར། མགོ་བོ་ཆུང་ཆུང་དེ་ཅུང་ཙམ་ཡར་བཀྱགས་ནས། མཆུ་ཏོ་ནི་ལྟ་སྲུང་བར་མཆུ་སྦྱོར་བྱེད་འདོད་པ་བཞིན། དྲང་མོར་ཁོའི་རྣ་རྩར་སྦྱར་ནས། བཤད་པའི་ཡིག་འབྲུ་ལས་རྡོག་གཅིག་ཤོར་བར་ཡང་སྐྲག་པ་ལྟར། “རྒྱུ་མཚན་ནི་ངས་རང་གི་ཡི་ག་དང་འཚམ་པའི་ཟས་ཤིག་རེག་མ་ཐུབ། གལ་ཏེ་ངས་ཟས་འདི་རིགས་རྙེད་ཚེ། ཁྱོད་ཀྱིས་ང་ལ་ཡིད་ཆེས་བྱས་དང་། ངས་མི་མང་བསྡུ་རུབ་བྱས་ནས་ལྟ་རུ་མི་འཇུག་ལ། གལ་སྲིད་མིག་རྒྱགས་ཆེ་ན། ཁྱོད་དང་འདྲ་བར། ཚང་མ་དང་འདྲ་བར། ངས་འགྲངས་ཚད་ཅིག་ཟ་ངེས་ཡིན། ”འདི་ནི་བཀྲེས་སྐོམ་སྒྱུ་རྩལ་པའི་ཆེས་མཇུག་མཐའི་སྐད་ཆ་འགའ་ཡིན། ཡིན་ནའང་། ཁོའི་མིག་གི་རྒྱལ་མོ་ཇེ་ཆེར་གྱུར་ཟིན་པའི་མིག་ལས་ངའོ་སྙམ་པའི་ང་རྒྱལ་མིན་པར་བློ་ཐག་རྦད་ཆོད་ཀྱི་ཕུགས་རེ་བརྡོལ་འོངས་ཤིང་། ཁོ་རང་ད་དུང་མུ་མཐུད་དུ་ཕོ་བ་ལྟོགས་ནས་འདུག་འདོད་ཡོད་པ་འདྲ།
“རེད། ཚང་མས་བསྡུ་གསོག་བྱོས་དང་།” ལྟ་སྲུང་པས་བཤད། བཀྲེས་སྐོམ་སྒྱུ་རྩལ་པ་རྩྭ་རུལ་དག་དང་མཉམ་དུ་ས་འོག་ཏུ་བཅུག་སོང་། གཟེབ་མའི་ནང་དུ་མེ་གླིང་གི་གཟིག་ཆུང་ཞིག་བཅུག ཚོར་བ་རྡུམ་པའི་མི་ཞིག་གིས་ཀྱང་། རི་དྭགས་དེས་ཡུན་རིང་ལ་བེད་མེད་དུ་བསྐྱུར་བའི་གཟེབ་མའི་ནང་ས་ལྡིང་གནམ་ལྡིང་བྱེད་པ་མཐོང་དུས། ཁོས་ཀྱང་འདི་ནི་ངལ་གསོ་སྐྱིད་པོ་ཞིག་རེད་འདོད། གཟིག་འདིར་ཅི་ཡང་ཡོད་དེ། གཟན་ཞིམ་པོ་ནི་ལྟ་སྲུང་པས་དུས་ཡུན་རིང་པོར་བསམ་བློ་གཏོང་མི་དགོས་པར་བསྐྱལ་ཡོང་ལ། རང་དབང་བོར་བ་ནི་དེར་མཚོན་ནས་བཤད་ན་ཅི་ཡང་མ་རེད། ལུས་ཕུང་རྩ་ཆེན་འདིར་དགོས་འདོད་ཐམས་ཅད་ཡོད་དེ། སྡེར་མོ་རྣོན་པོ་ཡོད་པ་མ་ཟད། རང་དབང་ཡང་རང་གི་འགྲམ་དུ་ཡོད་པ་བཞིན། རང་དབང་ནི་དེའི་སོ་རྣོན་པོའི་གནས་གང་ཞིག་ཏུ་སྦས་ཡོད་པ་དང་འདྲ། དེའི་ཚེ་སྲོག་གི་བདེ་སྐྱིད་ནི་ནམ་ཡང་ཁ་ཆེན་པོ་དེ་ལས་ཐོན་པའི་ངར་སྐད་ཆེན་པོ་དང་མཉམ་དུ་བསླེབས་ཡོང་། ལྟད་མོ་བ་རྣམས་ཀྱིས་དེའི་ངར་སྐད་ལས་བག་ཕེབས་ལོངས་སུ་སྤྱོད་དཀའ་ཡང་། ཁོ་ཚོས་རང་ཉིད་ལ་ཚོད་འཛིན་བྱས་ནས། གཟེབ་མའི་མཐའ་བསྐོར་དུ་འཚང་ཁས་རུབ་ནས་བྲལ་འདོད་ཉག་ཙམ་ཡང་མི་བྱེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com