ངོས་དང་པོ > རྩོམ་རིག > དེང་རབས་བརྩམས་ཆོས། > སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི《གློག་བརྙན་གཏོང་མཁན་ཀྲང་བསྟན་འཛིན》།
སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི《གློག་བརྙན་གཏོང་མཁན་ཀྲང་བསྟན་འཛིན》།
རྩོམ་པ་པོ།:སྙིང་མོ་སྐྱིད་ཀྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-10-29 09:07:00
ཀློག་གྲངས།:
གློག་བརྙན་གཏོང་མཁན་ཀྲང་བསྟན་འཛིན།
རྟ་མགྲིན་གྱིས་བརྩམས། སྙིང་མོ་སྐྱིད་ཀྱིས་བསྒྱུར།
གཅིག
གང་ལྟར་ལས་འཁྱུར་སྙན་ཞུ་ནི་ཡར་ཕུལ་ཟིན་པ་དང་། ལས་འཁྱུར་ལ་སྒུག་དུས་སུ་ཁེལ་ཡོད་པས། སྐད་ཆ་ཚིག་གཅིག་སྟེ་སྐྱོན་མེད་དོ།།ངའི་མིང་ལ་ཀྲང་བསྟན་འཛིན་ཟེར། ཨ་ཕའི་རུས་ཀྲང་དང་རྒྱ་རིགས་ཡིན་ལ། ཨ་མ་བོད་རིགས་ཡིན་པས། མི་རིགས་མཐུན་སྒྲིལ་དཔེ་མཚོན་ཅན་ལ་གཏོགས། མི་ཚང་མས་དུས་རྒྱུན་དུ་ངའི་རུས་བསྡུས་ནས་ཐད་ཀར་བསྟན་འཛིན་ཞེས་འབོད་པ་ཡིན། འབྲི་ཆུའི་འགྲམ་རྒྱུད་དུ་ཆགས་པའི་བོད་ཁུལ་གྱི་རྫོང་མཁར་ཆུང་ཆུང་འདི་ནི་རྒྱ་བོད་མི་རིགས་གཉིས་ཀ་འདྲེས་སྡོད་བྱེད་ས་ཡིན་པས། རིག་གནས་མཉམ་འདྲེས་ཀྱི་གོམས་གཤིས་དབང་གིས་རུས་དེ་མིང་གི་རྗེས་སུ་འཇོག རྫོང་མཁར་གྱི་མི་ཚང་མས་བསྟན་འཛིན་གྱི་སྔོན་ལ་ཡིག་འབྲུ་གློག་བརྙན་གཉིས་སྦྱར་ནས་ང་ལ་གློག་བརྙན་བསྟན་འཛིན་ཞེས་འབོད་དེ། རྒྱུ་མཚན་ནི་ང་རང་ལོ་སུམ་ཅུ་ལྷག་ལ་ཞིང་གྲོང་གི་གློག་བརྙན་གཏོང་མཁན་བྱས་པས་ཡིན།
ཞིང་གྲོང་དུ་ཡུལ་མི་སྤུན་ཟླ་ཚོས་“གློག་བརྙན་བསྟན་འཛིན”ཞེས་པའི་མིང་དེའང་བསྡུས་ནས“ཨ་ཁུ་དར་དམར་ཡུར་བ”ཞེས་འབོད། སྐབས་དེ་དུས། ཞིང་གྲོང་གི་གློག་བརྙན་གཏོང་མཁན་གྱི་ལག་ན་ཡོད་པའི་གློག་བརྙན་གྱི་གྲངས་ཀ་ནི་ཚད་ཡོད་པ་ཞིག་སྟེ། 《དོང་ལམ་དམག་འཐབ》དང《ས་འོག་འབར་མདེལ་གྱི་དམག་འཐབ།》 《དར་དམར་ཡུར་བ།》 《ང་ཚོ་སྡེ་བའི་ན་གཞོན》སོགས་འགའ་ཤས་ལས་མེད་ལ། དེ་དག་ལས་ཀྱང་གཏོང་ཐེངས་ཆེས་མང་བའི་གློག་བརྙན་ནི་གནས་ཚུལ་དངོས་མཚོན་གློག་བརྙན་ཆེན་མོ《དར་དམར་ཡུར་བ》ཡིན། ལོ་རབས་བདུན་ཅུ་བརྒྱད་ཅུའི་ནང་སྐྱེས་པའི་བྱིས་པ་རྣམས་ནི《དར་དམར་ཡུར་བར་》བལྟས་ནས་ནར་སོན་པ་ཡིན།
ལོ་ཟླ་དེ་དག་ལ། དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་གང་ཡིན་རུང་། ངས་གློག་བརྙན་གཏོང་ཆས་བཀལ་ཡོད་པའི་རྟ་དྲེལ་ཁྲིད་ནས་མཁར་སྒོར་བསླེབས་ཙ་ན། རྟ་དྲེལ་སྐེའི་ཟངས་དྲིལ་གྱིས་ལྷིང་འཇགས་ཀྱི་རི་གྲོང་གི་སྒོ་ཆེན་རྣམས་རྡུང་བ་དང་། ཐོག་དང་པོ་ང་མཐོང་མཁན་གྱི་མི་རྒན་དར་གཞོན་གསུམ་སུ་ཡིན་རུང་། སྔོན་ལ་ཧ་ལས་པའི་ངང་ལྕེ་སྣར་ཙམ་བྱས་པ་དང་། དེ་ནས་དམག་འཁྲུག་དུས་སྐབས་ཀྱི་བརྡ་གཏོང་དམག་མི་ནང་བཞིན་སྐད་གསེང་མཐོན་པོས། “ཨ་མ་མ། ‘ཨ་ཁུ་དར་དམར་ཡུར་བ’་བསླེབས་བྱུང་། ‘ཨ་ཁུ་དར་དམར་ཡུར་བ’་བསླེབས་བྱུང་། ‘དར་དམར་ཡུར་བ’བསླེབས་བྱུང་”ཞེས་སྐད་རྒྱག་ངེས།
ཧེ་ཧེ། “དར་དམར་ཡུར་བ”་བསླེབས་བྱུང་། སྐད་ཅིག་ཉིད་ལ་རི་གྲོང་ཧྲིལ་བོ་གཉིད་ལས་སད་བྱུང་། འདུ་ལོང་གི་རྣམ་པ་དེ་ནི་རྔ་རྡུང་བ་དང་མེ་ཏོག་སྤྲོད་རེས་བྱེད་པའི་རྩེད་མོ་ལྟར་དུད་ཁྱིམ་རེ་རེར་ཁྱབ་པ་མ་ཟད། སྒོ་ཕྱུགས་ཀུན་གྱིས་ཀྱང་འདུ་ལོང་ལ་སྙེགས་ནས་དགའ་སྤྲོའི་འབོད་སྒྲ་སྒྲོག་གིན་འདུག
སྐད་ཅིག་མ་དེར། ངའི་མིག་མདུན་གྱི་རི་གྲོང་ཧྲིལ་བོ་ནི་ས་འགུལ་ཐེབས་པ་ཇི་བཞིན་གཡོ་འགུལ་བྱས་བྱུང་ལ། བརྡ་གཏོང་མཁན་ནི་སྲང་བར་གྱི་ལམ་ཕྲན་ན་ཡར་རྒྱུགས་མར་རྒྱུགས་བྱེད་ཅིང་། རྒྱུགས་ཤུལ་དུ་ས་རྡུལ་གྱིས་འབྲུག་སེར་པོ་ཞིག་འཕྱུར་རུ་བཅུག་འདུག འབྲི་ཆུའི་འགྲམ་རྒྱུད་ཀྱི་ལུང་བ་སྐམ་པོ་དེའི་འགྲམ་གཉིས་སུ་ཆགས་པའི་རི་གྲོང་དེར་ཆུ་ཧ་ཅང་དཀོན་པ་མ་ཟད། ཉི་འོད་ལ་ཚ་དྲོད་ཆེ་བ་དང་། རླུང་ཚ་པོ་དེ་ལུང་གཞུང་བརྒྱུད་ནས་གཡུག་སྟེ་ཆུ་འགྲམ་དང་རི་སྐེད་ཀྱི་བརླན་གཤེར་ཚང་མ་ཁྱེར་བས། རི་སྐེད་དང་རི་འདབ་ཚང་མ་སྐྱ་ཐེར་ཐེར་ཡིན་ཅིང་། གནས་དེར་ཐན་པ་ཐུབ་པའི་རྩི་ཤིང་མེ་ཏོག་དབང་ལག་ལྟ་བུ་ཁ་ཤས་ལས་མེད་ལ། མི་དང་སྒོ་ཕྱུགས་རྣམས་ལུག་གི་རྒྱུ་མ་ལྟ་བུའི་ལམ་ཕྲན་སྟེང་ཡར་མར་རྒྱུགས་བྱེད་དུས་ས་རྡུལ་གྱིས་ལམ་སེང་གནམ་ས་འགེབས་པར་བྱེད། ས་ཆ་འདིའི་དཔྱིད་མགོའི་ལོ་ཏོག་གི་སྙེ་མ་གཏོང་དུས། ཆར་ཆུ་རླངས་པར་འགྱུར་ཚད་ནི་ཆར་ཆུ་འབབ་ཚད་ཀྱི་ལྡབ་བཞི་ཡན་ཡིན་པས། ཐན་སྐམ་གྱི་ཚད་ནི་རྒན་མོ་ལོ་ལོན་ཞིག་གི་སྐྱི་ལྤགས་ལྟར་གཉེར་མས་ཁེངས་ཏེ་ལང་ཚོའི་གསོན་ཤུགས་སྤུ་ཙམ་ཡང་མེད།
ལོ་རབས་དེར། གློག་བརྙན་ནི་བླ་འགུག་མཁན་གྱི་དགའ་རོགས་དང་འདྲ་ལ། ང་རང་ས་དེར་ཐོན་མ་ཐག ཀུན་གྱིས་ལག་གི་ལས་ཀ་བཞག་ནས་“ལོ་གསར་”ལ་རོལ་བ་ལྟ་བུའི་འདོད་བློ་དེ་ཚིམ་པར་བྱེད་སྲིད། ཁོ་ཚོ་ཚང་མས་ལག་གི་ལས་ཀ་དེ་གློག་བརྙན་བལྟས་ཚར་རྗེས་ལས་ཀྱང་ཆོག་ལ། གལ་ཏེ་ཐེངས་འདིའི་གློག་བརྙན་ལྟ་བའི་གོ་སྐབས་ཤོར་ཚེ་ལོ་རྗེས་མར་སྒུག་རྒྱུ་ལས་ཐབས་མེད་སྙམ་ཡོད། དེ་ལྟར་ཁོ་ཚོས་རྐུབ་བཀྱགས་བཟུང་པ་དང་། ཉི་སྐམ་བྱེད་སར་དམིགས་ནས་སོང་སྟེ་རང་ཉིད་ཀྱི་འདོད་བློ་དང་མཐུན་པའི་གནས་ཤིག་བདག་བཟུང་བྱེད་ངེས། ཅང་མ་འགོར་བར་སྒོ་རའི་ནང་དུ་རིང་ཐུང་དང་མཐོ་དམའ་མི་མཉམ་པའི་རྐུབ་བཀྱགས་ཀྱིས་བཀང་སོང་།
འདུ་འཛིའི་རྣམ་པ་དེས་ངའི་ཆད་སྣང་དེ་ཡང་གར་སོང་ཆ་མེད་དུ་གཏང་ལ། རང་ཉིད་ནི་“གོང་མ་”ལྟ་བུའི་མི་རླབས་ཆེན་ཞིག་ཡིན་པའི་སྣང་བ་ཡང་སྦྱིན་བྱུང་བ་མ་ཟད། གྲོང་ཚོ་ཡོངས་སུ་འབར་ཞུན་རིལ་བུ་གཙུབ་ངོས་སུ་བརྡར་ནས་འབར་བ་ལྟ་བའི་དགའ་སྤྲོའི་ཡོ་ལང་རྒྱས། ཧེ་ཧེ། རྣམ་པ་དེ་ད་ལྟའི་སྐད་ཆས་བཤད་ན་བསམ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞེས་ཟེར་ལ། དུས་སྐབས་དེར། ང་ཚོས་འདྲེན་བྱེད་མིག་གི་ལོངས་སྤྱོད་གྱ་ནོམ་པ་གཅིག་ཞེས་བརྗོད་པ་ཡིན།
ཧེ་ཧེ། དུས་རབས་གོང་མའི་ལོ་རབས་བདུན་ཅུ་དང་བརྒྱད་ཅུའི་ནང་ཞིང་གྲོང་གི་བརྙན་གཏོང་བ་ནི་ཁྱོད་ཚོས་ཤོད་དང་ཇི་འདྲའི་རྫིག་པོ་ཞིག་རེད་ཨང་། དེ་ནི་ཆེས་དགའ་བསུ་ཐོབ་ཅིང་རྒྱུག་ཆེ་བའི་ལས་རིགས་ཤིག་རེད་ལ། ལྷག་པར་དུ་གཞུང་ལམ་མེད་པའི་ཞིང་གྲོང་དང་འབྲོག་ཁུལ་དུ་ངས་ཀྱང་ད་ལྟའི་གླུ་བ་དང་འཁྲབ་སྟོན་པ་གྲགས་ཅན་ལྟ་བུའི་ཁྱད་པར་ཅན་གྱི་ཐོབ་ཐང་དག་ལོངས་སུ་སྤྱོད་ཐུབ། ཐོབ་ཐང་འདིས་ད་སྐབས་ཡང་ང་ལ་དྲི་ཞིམ་འཐུལ་བའི་མར་བརྔོས་སྒོ་ངའི་བྲོ་བ་དེ་དྲན་ཏུ་བཅུག་བྱུང་། དངོས་པོ་ཧ་ཅང་དཀོན་པའི་དུས་རབས་གོང་མའི་ལོ་རབས་བདུན་ཅུའི་དུས་སུ། བོད་ཁྱིམ་ཞིག་ནས་ཡུལ་མིས་ཆེད་དུ་ཁྱོད་ལ་བཟོས་བའི་མར་བརྔོས་སྒོ་ང་ཟ་བ་ནི་“ཐུའུ་སུ་དང་དཔོན་པོའི”གོ་ཐོབ་དང་གཅིག་པ་ཡིན། སུ་ཚང་ལ་ཞག་སྡོད་བྱས་རུང་། དཀར་ཡོལ་ནང་དུ་སྒོ་ང་བཅག་རྗེས་ཐུར་མས་དཀྲུག་དཀྲུག་གཏོང་དུས་ཀྱི་འགྲོས་མཉམ་པའི་སྒྲ་དབྱངས་དེ་ཐོས་ཐུབ་ལ། སྒོ་ངའི་སྤྲི་དཀར་དང་སེར་རིལ་གཉིས་ཀ་དཀྲུག་རྗེས་གཞི་གཅིག་ཏུ་འདྲེས་བའི་རྣམ་པ་དེ་ཡང་ཡིད་ལ་ཤར་ཐུབ་ཅིང་། དེ་མུར་སླ་ངའི་ནང་ནས་མཆེད་པའི་ཚིར་སྒྲ་སྙན་མོ་དེ་ཡང་ཐོས་ཐུབ། དེར་མཐུད་ནས་དྲི་ཞིམ་བཅུད་ལི་ལི་ཞིག་ཐབ་ཚང་ནས་མཆེད་འོངས་བ་དང་། དྲི་ཞིམ་དེས་སོ་སྲུབས་ཀྱི་མཆིལ་མ་དག་ཁ་ནང་ནས་འགྲེ་ལོག་རྒྱག་ཏུ་བཅུག་པས། ཟ་འདོད་ཀྱི་འདུན་པ་ཆེ་དྲགས་ནས་སྒོ་ང་བླུགས་པའི་དཀར་ཡོལ་དང་ཐུར་མ་དག་ཀྱང་ཟ་ལ་ཁད་བྱེད། ཅང་མ་འགོར་བར་དཀར་ཞིང་སེར་བའི་སྒོ་ང་བརྔོས་མ་དཀར་ཡོལ་གང་གི་སྟེང་ཚྭ་རྐྱང་བཏབ་པ་ཞིག་ངའི་མདུན་དུ་འཇོག་སྲིད།
མིག་རྡེབ་དབང་ཙམ་ལ་ལོ་ངོ་སུམ་ཅུ་ཙམ་འགོར་སོང་རུང་། མར་བརྔོས་སྒོ་ངའི་བྲོ་བ་དེ་དུས་ད་ལྟ་ཡང་ངའི་ལྕེ་རྩེ་ན་ལུས་འདུག
ཆུང་མའི་གྲོང་ཚོར་གློག་བརྙན《དར་དམར་ཡུར་བ》བཏང་བའི་ཕྱི་དྲོ་དེ། དུས་ད་ལྟ་ཡང་ངའི་ཡིད་ངོ་ན་གསལ་ལེར་ཡོད་དེ། ཕྱོགས་བཞི་འཇམ་ཐིང་ངེར་གནས་ཤིང་། སྐབས་སྐབས་སུ་ཕུག་རོན་གྱི་གཤོག་རྡེབ་དང་མཁའ་དབུགས་གཙུབ་བརྡར་ལས་མཆེད་པའི་སྒྲ་རེ་ཐོས་ཐུབ། སྐལ་བཟང་སྒྲོལ་མ་ཚང་གི་ཁང་ཀླད་དུ། ཉི་གཡབ་ཀྱི་སྒེའུ་ཁུང་བསྙེས་པའི་རྩ་ཕུང་གི་འགྲམ་ངོགས་སུ། རྩ་སྐྱ་ནི་ཉི་འོད་ཀྱིས་གསེར་མདོག་ཏུ་བསྒྱུར་འདུག འོད་དུ་འཚེར་བའི་གསེར་མདོག་གི་རྒྱན་སྤྲས་འོག ཁོ་མོའི་མིག་མདངས་དང་གྲོ་མདོག་གི་སྐྱི་ལྤགས་ནི་ངོ་མ་སྙིང་དུ་སྡུག བལྟས་ཚོད་དུ་ཁོ་མོའི་མིག་རིལ་གཉིས་ཀ་ཅུང་སྔོན་པོར་སྣང་བ་དེའི་སྟེང་གདོང་ཉག་གཟར་བོ་དེ་བསྣན་ཙ་ན། ཤར་ཕྱོགས་མཛེས་མའི་གདོང་ལེབ་ལེབ་དེ་དང་ཡོངས་སུ་བརྒལ་ནས། གྲུ་ཟུར་གསལ་བའི་རི་རྩེ་ཞིག་ངོ་གདོང་གི་དཀྱིལ་དུ་ཀྲོང་ངེར་ལངས་བ་དང་གཉིས་སུ་མ་མཆིས། གློ་བུར་དུ། མིག་མདངས་དེ་རེ་སྒུག་ནས་ཟར་ཟིར་རུ་གྱུར། ཁོ་མོས་མ་ཁར་སོ་ཡང་མོ་ཞིག་བཏབ་པ་ནི་མི་ལོང་བ་ཞིག་གིས་གཉེན་ཉེའི་ལག་པར་ངང་སྒུག་བྱེད་པ་བཞིན་ཡིད་དུ་འོངས།
གནམ་རྒན་མ། དེ་ནི་ངག་རྒྱུན་དུ་གྲགས་པའི་རྗེ་བཙུན་སྒྲོལ་མ་སྐུ་དངོས་སུ་ས་ལ་བབས་པ་བསྙོན་མེད་རེད། ང་ནི་ལུས་པོ་འདར་ཞོར་ལ་སྤྱང་ལྟོགས་ཇི་བཞིན་ཁོ་མོའི་སྟེང་དུ་མཆོང་། འབར་ནས་མིད་ཁར་བསླེབས་པའི་འདོད་ཆགས་ཀྱིས་ངའི་སྤྱོད་པ་རྩིང་བོར་བཏང་བས། སེམས་ཆུང་མ་བྱས་པར་རྐོ་མར་ཐོགས་པ་དང་། རྐོ་མར་ཐོགས་པའི་ཁྲོག་སྒྲ་དེས་རྩ་ཚང་དུ་ཉལ་བའི་ཁུག་རྟ་ཁྱུ་གཅིག་འདྲོགས་ཏེ། སྐྲག་ཐག་ཆོད་པའི་ཁུག་རྟ་ཁྱུ་དེས་གང་བྱུང་དུ་གཤོག་རྡེབ་བྱེད་བཞིན་འཕུར་བས་རི་གྲོང་གི་ལྷིང་འཇགས་དཀྲོགས་བྱུང་། ཁང་འོག་གི་སྒོ་ཁྱིས་མགོ་ཆེན་པོ་དེ་བཀྱགས་ནས་གྲགས་འགུལ་ཆེ་སའི་ཁང་ཀླད་ལ་ཕྱོགས་ཏེ་ཟུག་མཚམས་མི་འཇོག
“སྒྲོལ་མ། མྱུར་མོར་སོང་ནས་མི་ཡོད་མེད་ལྟོས་དང་། ཨ་ནག་ཟུག་ནོ་ངར་ཀི ”སྒྲོལ་མའི་གདོང་དམར་རྐྱང་ཆགས་ཏེ། མགོ་སྐྲ་བྱིལ་བྱིལ་ཅིག་བྱས་རྗེས་མི་སྐད་དེའི་ཕྱོགས་སུ་སོང་། གྲིབ་གཟུགས་ནི་སྐས་རྐང་ཁེར་མའི་སྟེང་སྤྲེའུ་ནང་བཞིན་མགྱོགས་ཤིང་སྐྱེན།
ལོ་གཉིས་ཀྱི་རྗེས་སུ། ངས་ཆུང་མ་མཛེས་མ་དེ་པང་པར་བཏབ་ཡོད། བརྩེ་དུང་འཐོབ་འདོད་ན་ཤི་འཐམས་རོ་འཐམས་བྱེད་དགོས་ཏེ། སུན་པོ་བཟོ་མཁན་མང་པོའི་ཁྲོད་ནས་ཁྱོད་གཅིག་པུ་ལྷག་དུས་མཐའ་མའི་རྒྱལ་ཁ་འཐོབ་མཁན་དེ་ཁྱོད་ལས་མ་འདས། ཧ་ཧ། འདི་ཡང་ང་རང་བརྙན་གཏོང་མཁན་བྱས་པའི་གྲུབ་འབྲས་ཡིན།
ཡིན་ནའང་སྒྲོལ་མ་ང་དང་གཉེན་སྒྲིག་བྱས་རྗེས་ཀྱི་སྔོན་མའི་ལོ་ངོ་ཉི་ཤུར། ལོ་གཅིག་གི་དུས་ཚིགས་བཞི་བོར། ང་རང་ཤང་དང་གྲོང་ཚོ་བརྒྱུད་ནས་ག་ས་གང་དུ་འགྲོ་དགོས་པས། ལོ་གཅིག་ནང་ཁྱིམ་ནས་འདུག་ཁོམ་ཟླ་བ་གཉིས་ཀྱང་མེད། ཐེམ་ཐོའི་སྟེང་དུ་ཁྱིམ་བདག་སར་ངའི་མིང་བཀོད་ཡོད་ཀྱང་། ཁྱིམ་འདིའི་གསེར་གྱི་ཀ་བ་ནི་སྐལ་བཟང་སྒྲོལ་མ་ཡིན།
ཚེ་འདིར་ང་རང་འགྱོད་སེམས་སྐྱེས་ས་གཅིག་ཡོད་པ་ནི། བུ་མོ་སྐྱེས་དུས་རང་ཉིད་ཁོ་མོའི་འཁྲིས་སུ་བསྡད་མེད་པ་དེ་རེད། རྗེས་སུ་ངས་ཆུང་མའི་གྲོགས་མོ་ལྷ་མོའི་ཁ་ནས་ད་གཟོད་བུ་མོ་སྐྱེས་དུས་ཀྱི་སྐྱི་གཡའ་བའི་རྣམ་པ་དེ་ཤེས་པ་ཡིན། ཁོ་མོས་བཤད་རྒྱུར། “གཟའ་འཁོར་གཅིག་གི་སྔོན་ལ་གྲོང་ཚོའི་ནང་ནས་མ་རྨོས་ལོ་ཏོག་བསྡུ་མགོ་བརྩམས། ཉིན་དེའི་ཉིན་གུང་རྗེས་ཀྱི་ཉི་འོད་ནི་མེས་སྲེག་པ་ལྟར་ཚ། ང་རང་ཁྱོད་ཚང་གི་ཞིང་ས་དང་ཐག་མི་རིང་བའི་དེའུ་འབུར་དེ་ལས་མར་འབབ་དུས། ཨ་ཅེ་སྒྲོལ་མས་མ་རྨོས་ལོ་ཏོག་སླེ་བོ་གང་འཁུར་ཡོད་པ་མཐོང་བྱུང་། ཨ་ཅེའི་དཀའ་ལས་ཁག་པའི་རྣམ་པ་དེས་ང་རང་སེམས་ཁུར་ལ་གཏད་སོང་། ངས་ཁོ་མོར། ‘ཁྱོད་ཀྱིས་ཁོག་གི་བྱིས་པ་གཏན་ནས་མནན་མི་རུང’་ཞེས་བཤད་པ་ན། ཨ་ཅེས་དཀའ་ལས་ཁག་མདོག་གིས་འཛུམ་ཞིག་བསྟན་པ་དང་། མགོ་བོ་ལྡེམ་ཙམ་བྱས་ཏེ་‘སླེ་བོ་འདི་འཁུར་རྗེས་ངལ་གསོ་རྩིས་ཡོད’་ཟེར། ཡིན་ནའང་ཁོ་མོའི་ཁ་ཅུང་གཅུས་འདུག་པ་མ་ཟད་མིག་ཀྱང་ཕྱེ་མ་བཙུམ་ཡིན་ལ། གདོང་གི་ཤ་ནི་མཚམས་ཚིགས་མེད་པར་འདར་སིལ་རྒྱག་གིན་འདུག དེ་ནི་ཟུག་རྔུ་ལངས་དུས་ཀྱི་ཉམས་འགྱུར་ཞིག་ཡིན་པས། ང་རང་སྐྲག་ཐག་ཆོད་ནས། མྱུར་མོར་མི་འབོད་དུ་སོང་། ཆུ་ཚོད་ཕྱེད་ཀའི་རྗེས་སུ། ངས་ཨ་ཅེ་སྒྲོལ་མའི་ཨ་མ་དང་ཨ་ནེ་གཉིས་བོས་ནས་ས་དེར་བསླེབས་དུས། མིག་མདུན་གྱི་རྣམ་པ་དེས་ང་རང་ཧ་ལས་ཧང་སངས་སུ་བཅུག ཨ་ཅེ་སྒྲོལ་མ་ནི་ལུས་ཟུངས་ཟད་ནས། ལ་གྱེན་གཟར་དེའི་སྟེང་འགྱེལ་འདུག་ལ། མོའི་པང་ནས་བྱིས་པའི་ངུ་སྒྲ་ཞིག་མཆེད་བྱུང་། ‘དཀོན་མཆོག་མཁྱེན། དེ་འདྲའི་མགྱོགས་པ་ལ།’ཨ་ཅེ་སྒྲོལ་མའི་ཨ་མ་ཡི་བཤད་སྟངས་དེ་ནི་རྨི་ལམ་ནང་དང་གཉིས་སུ་མེད། ཁོ་མོས་དྲན་པ་ཁུགས་དུས། ཉམས་མྱོང་ཅན་གྱི་ཨ་ནེ་སྐལ་བཟང་ཆེ་བས་པང་ཁེབས་བཀྲོལ་ནས། ཁྲག་འབྱར་དམར་འབྱར་གྱི་ཕྲུ་གུ་དེའི་ཁུད་དུ་གཅུད་འདུག་ལ། སྐབས་དེའི་དངངས་འཚབ་ཀྱི་རྣམ་པ་དེ་སེལ་ཆེད་ད་དུང་ཀུ་རེའི་ཚུལ་དུ། ‘ཤ་ལོག་ལོག་ཅན་གྱི་བྱིས་པ་སྙིང་རྗེ་བོ་འདི་མཐོང་དུས། ངའི་སོ་ལ་ཟ་འཕྲུག་ལངས་ཏེ་སོ་ཁམ་གང་བཏབ་ན་འདོད། ང་ཚོ་སྔ་ཙམ་ཐོན་འགྲོ་མ་གཏོགས། སྦང་མས་ཤ་མར་སོ་འདེབས་སྲིད’ཟེར། ཨ་ཅེ་སྒྲོལ་མའི་ཨ་མས་བུ་མོའི་བརླ་དབར་གྱི་ཁྲག་ཕྱིས་ཙམ་བྱས་རྗེས། ངེད་གཉིས་ཀྱིས་སྒྲོལ་མ་སྐྱོར་ནས་ཁྱིམ་དུ་ལོག་པ་ཡིན”ཞེས་ཟེར།
ལྷ་མོའི་ཞིབ་བརྗོད་ལ་ཉན་རྗེས། ངའི་ཀླད་པའི་ནང་གློག་བརྙན་གཏོང་བ་བཞིན་ཆུང་མས་བྱིས་པ་སྐྱེ་བའི་བརྙན་རིས་ཤར་ལ། ཞེ་གནོང་བའི་མཆི་མ་ནི་ཡང་བསྐྱར་མིག་ཟུང་ལས་དབང་མེད་དུ་བཞུར་བྱུང་།
གཉིས།
ལས་འཁྱུར་ངལ་གསོར་སྒུག་པའི་དུས་ཡུན་དེར། ང་དང་ཆུང་མ་གཉིས་ཀས་ལས་བགོས་ཡག་པོ་བྱས་ཡོད་དེ། སྔ་དྲོར་ངས་ཁྱིམ་ནས་རྩོམ་ཡིག་འབྲི་བ་དང་ཕྱི་དྲོར་ཆུང་མའི་ཚབ་ཏུ་ཚོང་ཁང་ཆུང་ཆུང་དེ་སྲུང་དགོས།
མི་ཚང་མས་“ཧེ་ཧེ། ཀྲང་བསྟན་འཛིན་གྱིས་རྩོམ་ཡིག་འབྲི་བཞིན་འདུག་ཞེས་གོ་དུས་ཤེས་ཡོན་ཡོད་མདོག་འདུག”ཟེར། ངས་ལག་པས་ཁ་ཕྱེད་ཀ་བཏུམ་ནས་སྐད་ཆུང་ངུས་དུས་དེབ་དང་ཚགས་པར་སྟེང་རྩོམ་ཡིག་སྲན་ཞོ་ལེབ་མོ་ལྟ་བུ་ཐུང་ཐུང་རེ་བཀོད་མྱོང་ལ། དེ་ནི་དུས་དེབ་དང་ཚགས་པར་ལས་རིགས་ཀྱི་མིས་བཤད་པའི“ཡིག་མགོ་རི་མོ”ལས་ཆེ་ཙམ་ཡིན་ལ། ཡིག་འབྲུ་སྟོང་ལ་བུད་པ་ཉུང་ཉུང་ཡིན་པས། རྩོམ་རིན་དེ་ཚོང་ཁང་གི་འཁྱག་ཞོ་བཙོང་བའི་ཁ་ཚར་ལའང་མི་དོ་ཞེས་བརྗོད་པ་ཡིན།
སྡུག་ཐུག་ཡིན་ནམ། ལོ་རབས་ལྔ་བཅུའི་དཀྱིལ་དུ་སྐྱེས་པའི་མི་ང་ལྟ་བུས་དམིགས་ཡུལ་ནི་སྒོར་མོ་མིན། དུས་སྐབས་དེའི་མིས་རེ་སྙེག་བྱེད་ས་དང་འདུ་ཤེས་དེ་ད་ལྟའི་མིས་རྒྱུ་དང་མཚན་སྙན་ལ་བཟུང་བའི་ལྟ་ཚུལ་དང་བར་ཁྱད་ཧ་ཅང་ཆེ། སྐབས་དེའི་མིས་མཚན་སྙན་དེ་རྒྱུ་ནོར་ལས་གཙོ་བོར་བཟུང་བ་ངས་རྒྱན་སྐུགས་ཆོག བརྙན་འཕྲིན་ནང་ཤར་བའི་རྒྱལ་སྲུང་འཐབ་འཁྲུག་སྐབས་ཀྱི་དམག་མི་རྒན་པས་བྲང་ཁར་བཏགས་པའི་བྱ་དགའི་དཔང་རྟགས་གྲངས་མེད་དེས་ཀྱང་གསལ་བཤད་བྱེད་ཐུབ་སྟེ། མཚན་སྙན་ནི་ཀུན་ལས་གཙོ།
ངའི་ལོ་ཚོད་འདིར་བསླེབས་དུས། ཚགས་པར་དང་དུས་དེབ་སྟེང་རྩོམ་ཡིག་བཀོད་ཐེངས་རེའི་དགའ་སྤྲོའི་སེམས་པ་དེ་ནི་སྒོར་མོ་མོད་པོ་ཞིག་འཐོབ་པ་ལས་ཀྱང་ལྷག ཀ་བ་བཅུ་གསུམ་དང་ཐོག་བརྩེགས་གསུམ། ད་དུང་ས་འོག་ཁང་བ་གཅིག་ཡོད་པའི་ངེད་ཚང་གི་བོད་ལུགས་ཁང་བརྩེགས་དེའི་ནང་། ཁང་བ་གཅིག་ཆེད་དུ་འགྲེམ་སྟོན་ཁང་བྱས་ཏེ། དེའི་ནང་དུ་དམག་བཀོལ་ཆུ་དམ་དང་དམག་མིའི་ཁུར་ཁུག དམག་མིའི་འགྱིག་ལྷམ། ད་དུང་གྲོང་བསྐྱོད་ལ་ཕན་ཆེན་པོ་ཐོགས་པའི་གློག་གཡིས་ལྔ་ཅན་གྱི་ལག་སྒྲོན་དང་འགུག་ཤུགས་རྒྱུ་མའི་སྒྲ་སྒྲོག་ཆུ་ཚོད་འཁོར་ལོ་.........བཅོས་སྒྱུར་སྒོ་འབྱེད་བྱས་རྗེས་ཀྱི་དངོས་བོ་གལ་ཆེན་དང་རྩ་ཆེན་དེ་དག་ནི་རྗེས་སུ་བཞག་པ་ཡིན་ཏེ། ཇ་ཕོར---ཆུ་དམ---འབོག་འཇོལ---གློག་འདྲེན་ཕྱེད་རྫས་ཀྱི་སྒྲ་སྡུད་འཕྲུལ་ཆས---ལྗང་མདོག་གི་ཀམ་པ་ལི་སྲབ་པོ---ཐིའི་སླ་ང---མཐོ་གནོན་གློག་ཤུགས་སླ་ང---བྱ་སྤུའི་ཉལ་ཐུལ། དྲན་རྟེན་འདི་དག་གིས་དུས་རབས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ཟིན་ཐོ་གསལ་བོར་བཀོད་ཡོད། ད་དུང་ཆེས་རྩ་ཆེ་བའི་ངའི་དྲན་རྟེན་གཉིས་ཡོད་དེ། གཅིག་ནི་ང་དང་ཚེ་གང་འགྲོགས་པའི་གློག་བརྙན་《ང་ཚོའི་སྡེ་བའི་ན་གཞོན》དང་《དར་དམར་ཡུ་བ》གཉིས་ཀྱི་སྤྱིན་ཤོག་ཡིན་ལ། གཅིག་ཤོས་ནི་རྒྱལ་ནང་ནས་བཟོས་པའི་འབྲི་ཆུ་རྟགས་ཅན་གྱི་ཧའི་རྨི16ཡོད་པའི་ཀན་ཀོང་ཞའོ་ཝུ་གློག་GS-16HXགློག་བརྙན་འཕྲུལ་ཆས་དེ་རེད།
སྒོ་རྡུང་བའི་སྒྲ་ཐོས་བྱུང་། “སུ་བཙལ་ལམ། སྒོ་ཕྱེ་ཡོད།”ངས་ཚགས་པར་ལྟ་ཞོར་དུ་དྲིས།
“‘ཨ་ཁུ་དར་དམར་ཡུར་བ’་བཞུགས་འདུག་གམ”སྐྱེས་པ་དར་མ་ཞིག་གིས་ཧ་ཅང་གུས་པ་དང་བཅས་དྲིས་བྱུང་།
“ཨ་ཁུ་དར་དམར་ཡུར་བ”ཞེས་པའི་མིང་འདི་ཐོས་མ་ཐག་ང་བཙལ་གྱིན་པ་ཤེས་བྱུང་ལ། ཞིང་གྲོང་ནས་ཡོང་བ་ཤ་སྟག་ཡིན། ངས་ཚགས་པར་མར་བཞག་པ་ན། མཆོང་གོས་སྔོན་པོ་གྱོན་པའི་ན་གཞོན་གཟུགས་རིང་ཞིག་གིས་ངའི་སར་ཕྱོགས་ནས་འཛུམ་སྟོན་བཞིན་པ་མཐོང་།
ངས“ཁྱོད་སུ་ཡིན”ཞེས་དྲིས།
“ཧེ་ཧེ་ཧེ”ན་གཞོན་དེས་ལན་མི་འདེབས་པར་ང་ལ་གཟས་ནས་ཡོང་སྟེ། ལག་པ་བསྲིངས་ནས་འཛུམ་དང་བཅས“ཨ་ཁུ་དར་དམར་ཡུ་བ། ཁྱོད་བདེ་མོ། ང་ནི་རོང་བང་ཐང་སྡེ་བའི་རྒྱལ་བོ་བཀྲ་ཤིས་ཀྱི་བུ-----བཀྲ་ཤིས་རོང་ཐར་ཡིན”ཟེར།
“རོང--བང--ཐང་།”ངའི་ཀླད་པའི་ནང་ལམ་སེང་རིའི་གསེང་དུ་ས་མཐོའི་ཐང་མང་བའི་ལྗོངས་ཀྱི་བཀོད་པ་དེ་ཤར་བྱུང་། དེ་ནི་འབྲི་ཆུ་སྔོན་མོ་མིག་གིས་མཐོང་ཡང་རི་ངོས་སུ་ཆུ་འདྲེན་མི་ཐུབ་པའི་གྲོང་ཚོ་ཐན་པ་ཅན་ཞིག་ཡིན། ལུང་བའི་ནང་གི་སྐམ་ཤས་ཆེ་བའི་ཚ་རླུང་གིས་རི་འདབས་དང་རི་སྐེད་ཀྱི་རྩི་ཤིང་དག་གཅིག་ཀྱང་མ་ལུས་བར་“བསྲེགས”ལ། ཆུ་གཏོང་རྒྱུ་མེད་པའི་ས་ཞིང་ནི་དཀར་ཡོལ་གྱི་ཁ་ལྟར་སེར་ཀ་གས་ནས་མིག་མངས་ཀྱི་ཐིག་རིས་དང་མཚུངས། ཐན་པ་ཐེག་པའི་ཚེར་མ་དག་ནི་དཀའ་སྡུག་ངང་ས་གཞིའི་གས་སྲུབས་ནས་སྐྱེས་འོངས་ཀྱང་། ལོ་མ་རྙིད་ཅིང་སྐྱེས་སྟོབས་དབེན། ཐ་ན་རྡོ་ལེབ་སྟེང་དུའང་སྐྱེ་སྟོབས་ཀྱི་ནུས་པ་ཤིན་ཏུ་ཆེ་བའི་སྔོ་དྲེག་ཞིག་ཀྱང་ཆགས་མི་འདུག དེ་ནི་དར་དམར་ཡུར་བའི་ནང་གི་ལིན་རྫོང་ལས་ཀྱང་ཆུ་དཀོན་པའི་གྲོང་ཚོ་ཞིག་རེད།
“རྒྱལ་--བོ--བཀྲ--ཤིས། ངའི་གྲོགས་པོ་བཟང་བོ་སྟེ་རོང་བང་ཐང་གྲོང་ཚོའི་གྲོང་དཔོན་མིན་ནམ། ཁྱོད་ནི་མ་རབས་པྲ་ཆལ་བྱེད་མཁན་ཏེ། ནམ་རྒྱུན་བྱིས་པ་སྐོར་ཞིག་ཁྲིད་ནས་བརྙན་ཡོལ་རྒྱབ་ཏུ་སོང་སྟེ་‘བརྙན་ཡོལ་ལྡོག་མའི་’གློག་བརྙན་ལ་ལྟ་མཁན་བྱིས་པ་པྲ་ཆལ་དེ་མིན་ནམ། ཡང་གློག་བརྙན་གྱི་འཕྲུལ་ཆས་སྒམ་སྟེང་དུ་བཞག་པའི་སྒོ་ངའི་སྟེང་རྐུབ་བཙུགས་ནས་སྒོང་སེར་འདམ་བག་ལྟར་རྐུབ་ཡོངས་ལ་འབྱར་བའི་བྱིས་པ་པྲ་ཆལ་དེ་མིན་ནམ” ངའི་ལག་པ་རང་དབང་མེད་པར་ཕར་བསྲིངས་ནས་བཀྲ་ཤིས་རོང་ཐར་གྱི་མགོ་བོར་རེག་ཙམ་བྱས།“འདྲེ་ཕྲུག་འདི་ད་ལག་ཆགས་འདུག”སྐབས་དེར་ངའི་མིག་མཐའ་ཅུང་ཙམ་བརླན་བྱུང་ལ། བྱམས་བརྩེ་དང་དགའ་སྤྲོ། ད་དུང་སྐྱོ་སྣང་ཅུང་ཙམ་འདྲེས་པའི་སེམས་ཀྱི་འགྱུར་བ་ཐམས་ཅད་རྐྱ་འཐབ་བྱུང་བས། ལས་འཁྱུར་ངལ་གསོ་བྱེད་རན་པའི་སྡུག་བསྔལ་དེས་གདོན་བྱེད་བཞིན་ཡོད་ནའང་སྲིད།
“ཨེ་ཡ། ཁྱོད་ཀྱིས་བལྟོས་དང་། མི་རྒས་ན་ད་ཆོ་མི་འདུག”ཞེས་ཟེར་ཞོར་དུ་ངས་རོང་ཐར་ལ་ཞིབ་ལྟ་ཞིག་བྱས། “ཁྱིམ་མི་ཚང་མ་བདེ་མོ་ཡིན་ནམ།”
རོང་ཐར་གྱིས་ལན་མི་འདེབས་པར་ལུག་བལ་གྱིས་བཏགས་པའི་རྒྱབ་ཁུག་ལས་ཟས་ཀྲིན་དམ་བུ་གཉིས་བླངས་བྱུང་། “འདིའི་ནང་བཅུག་པ་ནི་བྲག་སྦྲང་གི་སྦྲང་རྩི་ཡིན། འདིའི་ནང་བཅུག་པ་ནི་སི་པན་སྐྱུར་མོ་ཡིན”ཟེར་ཞོར་དམ་བུ་གཉིས་ཀ་ཅོག་ཙེའི་སྟེང་བཞག་པ་དང་ངའི་མདུན་དུ་གཏད་དེ།“ ཨ་ཕས་བཤད་ན་ཁྱོད་ང་ཚོའི་གྲོང་ཚོར་གློག་བརྙན་གཏོང་དུ་ཡོང་དུས་འདི་གཉིས་བཟའ་རྒྱུར་ཧ་ཅང་དགའ་ཟེར།”
“འོ་ཡ་ཡ། བཀའ་དྲིན་ཆེ།”ང་ལ་བསམ་ཡུལ་ལས་འདས་པའི་དགའ་སྤྲོ་ཅིག་སྐྱེས་པ་དང་མདོག་སེར་བོ་ཅན་དང་ཁོའོ་ཧྥེ་མདོག་གི་དམ་བུ་དེ་གཉིས་ལ་ཅེར་ནས་བསྡད།
ལོ་བདུན་བརྒྱད་སྔོན་གྱི་དབྱར་ཁ་ཞིག་ལ། རོང་ཐར་གྱི་ཨ་ཕས་ང་རང་གྲོང་ཚོ་ནས་ཐོན་དུས་སྐྱེལ་མ་བྱེད་པའི་རྣམ་པ་དེ་དུས་ད་ལྟ་ཡང་ངའི་བློ་ངོར་ན་གསལ་བོར་འདུག དེ་ནི་གོམ་པ་སྤོས་མ་ཐག་ལུས་ནས་རྔུལ་ནག་ཐོན་པའི་ཉིན་གུང་ཞིག་རེད། མཚམས་ལ་རེར་ང་ཚོས་ལམ་འགྲམ་ནས་གྲོང་མི་ཁ་ཤས་ཀྱིས་རེ་ཐག་ཆད་པའི་ངང་འབྲུ་བཏབ་རྗེས། དགོས་མེད་དུ་སྐྱེས་པའི་གྲོ་མྱུག་དག་བཀོག་པ་དང་། ཁྱིམ་དུ་ཁྱེར་ནས་སྒོ་ཕྱུགས་ལ་སྟེར་འདོད་བྱེད་པ་མཐོང་བྱུང་། རྒྱལ་བོ་བཀྲ་ཤིས་ཀྱིས་ཞིང་ནང་གི་གྲོ་མྱུག་སྐམ་པོ་ལ་བལྟ་བཞིན་རེ་ཐག་ཆད་པའི་ངང་བཤད་རྒྱུར།“གལ་ཏེ་ད་དུང་ཆར་མ་བབས་པའམ་རྫ་མགོའི་ཆུ་མར་འདྲེན་མ་ཐུབ་ཚེ་ད་ལོ་ཡང་འབྲུ་རྡོག་གཅིག་ཀྱང་བསྡུ་མ་ཐུབ་པ་རེད”ཟེར།
གྲོ་མྱུག་ལ་ཆུ་དགོས་དུས་ཆུ་གཏོང་རྒྱུ་མེད་ན་ད་ཚང་མ་ཚར་སོང་། གྲོང་ཚོ་ཡོངས་ཀྱི་ཆུ་གཏོང་བའི་དུས་ནི་ཁག་བགོས་ཡོད། ཚད་ཡོད་པའི་ཆུ་དེ་དུས་ཚོད་ཚད་ཡོད་ཞིག་གི་ནང་ཞིང་སར་མ་འཐིམས་གོང་ནས་ཁྱིམ་ཚང་རྗེས་མར་སྟེར་དགོས། དེའི་མིང་ལ་“ཞིང་ནང་དུ་ཆུ་རྒྱུགས་པ་ཟེར།”
གྲོང་ཚོའི་མཁར་སྒོར་བསླེབས་དུས། རྒྱལ་བོ་བཀྲ་ཤིས་ཀྱིས་དྲེལ་གྱི་སྲབ་མདའ་ང་ལ་སྤྲོད་བཞིན། དྲེལ་གྱི་གདོང་ལ་རྡེབ་ཙམ་བྱས་པ་དང་། ལག་པ་རུམ་དུ་བསྲིངས་ནས་སྲན་མ་སྤར་མོ་གང་བཏོན་ཏེ་དྲེལ་གྱི་ཁ་ནང་དུ་བཞག་རྗེས། ལག་ཟུང་སྤྲུགས་རྡེབ་ཅིག་བྱས། དེ་ནས་ངའི་ཕྲག་སྟེང་གི་ཆུ་དེམ་སྟོང་བ་དེ་ཕར་ཁྱེར་བ་དང་། རང་གི་ཆུ་དེམ་དེའི་ཁ་གཅོད་ལ་སོ་བརྒྱབ་ཏེ་ཕྱེས་རྗེས་ཁ་གཉིས་གཏད་དེ་བཞག “བཀྲ་ཤིས། བསྐྱུར་ཞོག”ངས་ཤེད་གང་ཡོད་བཏོན་ནས་ཆུ་དེམ་འཕྲོག
ཚུར་འཕྲོག་དུས་ཆུ་ཚང་མ་ཐང་ལ་འཕོས་པས་བཀྲ་ཤིས་ཀྱིས་ཁ་ནས་འཁང་ར་བྱེད་བཞིན་རྫིག་རྫིག་གིས་ང་ལ་སྡང་མིག་བགྲད་དེ“དར་དམར་ཡུར་བ། ཁྱོད་ཀྱིས་ཅི་ཞིག་བྱེད་བཞིན་ཡོད་དམ། རོང་བང་ཐང་ལ་ཆུ་དཀོན་ཡང་འཐུང་ཆུ་མེད་པའི་ཚད་ལ་ལྷུང་མེད། ”ཞེས་སྐད་འགྲག་གིས་བཤད། སྐད་མགོ་མཐོ་བས་འཛིང་རེས་བྱེད་པ་དང་འདྲ་ལ། དྲེལ་གྱིས་སྐད་འགྲག་དེ་ཐོས་པ་དང་ཕར་བརྒྱུགས་པ་དང་། ཚེར་ཕུང་ཁྲོད་རྒུམ་བུ་འཐུ་བའི་ཁང་བྱིའུ་ཁྱུ་གཅིག་ཡོད་པ་དེ་ཡང་སྐྲག་ནས་གཤོག་རྡེབ་བྱེད་བཞིན་འཕུར་སོང་། དེ་དག་ཚ་བ་ཆེ་བའི་མཁའ་དབུགས་ཁྲོད་ཐང་ཆད་དེ་སྒྱིད་ལུག་ངང་འཕུར་བཞིན་འདུག
ངས་ཆུ་དེམ་འཕྲོག་པར་དོགས་ནས་བཀྲ་ཤིས་ཕར་འཁོར་ཏེ་ང་ལ་རྒྱབ་གཏད་པ་དང་། ཆུ་དེམ་གང་རྗེས་གཞི་ནས་ཚུར་འཁོར་ཏེ་ཡིད་ཚིམ་པའི་འཛུམ་དང་བཅས་ངའི་ཕྱོགས་སུ་ཁ་གཉེར་བཞིན་ད་ཅི་ཁྱོད་སྐྲག་ཏུ་བཅུག་སོང་ཟེར།
བཀྲ་ཤིས་ཀྱིས་ཆུ་དེམ་ང་ལ་སྤྲད་བྱུང་། ཁོའི་མིག་ཟུར་གྱི་ཉའི་མཇུག་དབྱིབས་ལྟ་བུའི་གཉེར་མར་སྦྱིན་གཏོང་མཁན་གྱི་བྱམས་བརྩེས་ཁེངས་པ་དང་། ང་ལ་“‘དར་དམར་ཡུར་བ།’ གལ་ཏེ་བརྙན་ཡོལ་ངོས་ཀྱི་‘དར་དམར་ཡུར་བའི’་ཆུ་དག་རོང་བང་ཐང་གི་ཞིང་ཁར་འདྲེན་ཐུབ་ཚེ་བྱ་བ་ཚང་མ་ཐོགས་མེད་དུ་གྲུབ་པ་རེད་ཡ”ཟེར། ཁོས་ལག་པ་བསྲིངས་ནས་སྐུད་པ་ལྟར་ཕྲ་བའི་ཐག་རིང་གི་འབྲི་ཆུའི་བཞུར་རྒྱུན་རེ་རེའི་---དབྱིབས་འགྲོས་བསྟན་པ་དང་། དེ་ནས་རང་གི་བྲང་ཁར་ཕྱག་རྒྱ་ཡང་ཡང་བྱས་བྱུང་། ཕྱག་རྒྱ་དེར་བལྟས་ན་ཁོས་དར་དམར་ཡུར་བའི་ཆུ་དག་རོང་བང་ཐང་གྲོང་ཚོར་འདྲེན་རྒྱུ་ཡིན་པ་འདྲ།
ཉི་འོད་ཀྱིས་མཁའ་དབུགས་ཁྲོད་ཀྱི་བརླན་ཚང་མ་རླངས་པར་བཏང་བས། མཚོ་ཐོག་གི་དྲི་ཟའི་གྲོང་ཁྱེར་གྱི་འཕྲུལ་སྣང་ཞིག་ཚ་ལམ་ལམ་ངང་མིག་མདུན་དུ་སྐྱོམ་སྐྱོམ་བྱས་བྱུང་། གནས་དེར་དངོས་སུ་བསླེབས་དུས་ད་གཟོད་ས་འདིའི་མི་དང་སྲོག་ཆགས། ད་དུང་རྩི་ཤིང་བཅས་ཀྱིས་སྐོམ་པའི་གདུང་བ་དེ་ཇི་ལྟར་བཟོད་བསྲན་བྱེད་བཞིན་པ་ཤེས་ཐུབ། ཁོ་ཚོའི་སྐྱབས་རེ་དང་ངོ་རྒོལ། དེ་བཞིན་བཟོད་བསྲན་བཅས་ཐམས་ཅད་ངའི་སེམས་གཏིང་ན་གསལ་བོར་བྲིས་ཡོད།
བཀྲ་ཤིས་ཀྱིས་རྒྱ་སྐད་ད་མ་དིག་གིས་“ཕངས་བ་ལ། ང་ཚོའི་རི་ཆེ་དྲགས་པ་དང་། འབྲི་ཆུ་ཡང་ང་ཚོ་དང་ཁ་ཐག་རིང་། གློག་བརྙན་དར་དམར་ཡུར་བ་ནང་གི་ཆུ་དེ་ང་ཚོས་རྨི་ལམ་རྨི་རྒྱུ་ལས་ཐབས་ཟད”ཟེར། སྐད་ཆ་བཤད་དུས་ཆེ་ཆུང་ཤོར་བའི་མིག་ཟུང་གིས་འོག་གི་འབྲི་ཆུར་ཕུར་ཚུགས་སུ་བལྟས། ཚུལ་དེ་ནི་འབྲི་ཆུ་ཉིད་རི་མཐོ་གཡང་གཟར་བརྒྱུད་ནས་ཡར་འདྲེན་འདོད་ཀྱང་དཔེ་སྲིད་པ་ཞིག་མ་རེད་ཞེས་ཟེར་བ་དང་འདྲ། དེར་མཐུད་ནས་ཁོ་གད་མོ་བགད་བྱུང་། དགོད་སྒྲར་བརླན་མེད་ཅིང་སྐད་ཡང་འགག་འདུག་ལ། སྐད་ཅིག་ཉིད་དུ་སེར་ཀ་གས་པའི་ས་ཞིང་གིས་ཁྱུར་མིད་བཏང་སོང་།
ཁོའི་ཐབས་ཟད་འུ་ཐུག་གི་བྲོ་བ་དེ་ངས་གསལ་བོར་ཤེས་ཏེ། ཆུ་དཀོན་པ་དེའོ།། འབྲི་ཆུའི་འགྲམ་རྒྱུད་ཀྱི་རིའི་སྟེང་དུ་ཆགས་པའི་གྲོང་ཚོ་དེ་དག་ནམ་་ཡང་“དབུལ་ཕོངས”ཞེས་པའི་སྟེང་བཙིར་ནས་བཞག་ཡོད།
བློ་ཡུལ་ལས་འདས་པ་ཞིག་ལ་གཉོམ་ལག་རྒྱས་མ་ཐག་པའི་རོང་ཐར་ནི་ཉེ་འགྲམ་ན་ལྷུག་ལྷུག་ཏུ་དགོད་བཞིན་འདུག དགོད་སྒྲས་ང་རང་འདང་རྒྱག་གི་ཀློང་ནས་ཚུར་དྲངས་བྱུང་། ངས་སེམས་ལ་དོགས་པ་སྐྱེ་བཞིན་ཁོར་ཅིག་བལྟས་པ་དང་། བློ་ཕམ་པའི་ཉམས་ཀྱིས་“འེ། ཁྱོད་ཚོ་མི་རབས་འདིས་རྩ་བ་བརྗེད་འདུག”ཞེས་བཤད་པ་ཡིན།
“‘ཨ་ཁུ་དར་དམར་ཡུར་བ།’ མིན། མིན། ཁྱོད་ཀྱིས་གཏན་ནས་འདི་ལྟར་བསམ་མི་རུང་། དེང་སང་གྲོང་ཚོའི་ནང་གི་ན་གཞོན་རྣམས་རྨོངས་གཉིད་ལས་སད་ཡོད། ཁྱོད་ཀྱིས་བསྟན་པའི་《དར་དམར་ཡུར་བ》ནི་རོང་བང་ཐང་གྲོང་ཚོ་ཕྱུག་འགྱུར་བྱེད་པའི་རེ་བ་ཡིན། ”རོང་ཐར་གྱིས་བཤད་པའི་སྐད་ཆ་དེ་ངའི་རྨི་ལམ་དུའང་འཁོར་མ་མྱོང་། “ང་ཐེངས་འདིར་ཁྱོད་རང་དཔུང་རོགས་སུ་གདན་འདྲེན་ཞུ་རུ་འོངས་བ་ཡིན”ཟེར།
“ག་རེ། ང་དཔུང་རོགས་སུ་གདན་འདྲེན་ཞུ་རྒྱུ་ཡིན།”ང་རང་དངོས་གནས་མགོ་འཐོམས་སོང་། “ལས་འཁྱུར་ངལ་གསོ་བྱས་པའི་རྒད་པོ་ངས་ཕྲག་པར་ཁྱེར་མི་ཐུབ་ལ་རྒྱབ་ཏུ་འཁུར་མི་ཐུབ་པས། ཁྱོད་ཚོར་ན་གཞོན་རྣམས་ལ་དཔུང་རོགས་བྱེད་པའི་ནུས་པ་ཞིག་གང་ན་ཡོད་དམ”
རོང་ཐར་གྱིས་སྐྱེས་ཆེན་བླ་མ་ཞིག་ལ་གུས་པ་བྱེད་པ་ལྟར་ལུས་པོ་སྒུར་ཞིང་ལག་ཟུང་བཀྱགས་ནས“‘ ཨ་ཁུ་དར་དམར་ཡུར་བ།’ ཁྱོད་ཀྱི་ནུས་པ་ཧ་ཅང་ཆེའོ”ཟེར།
“ཧ་ཧ། ནུས་པ་ག་རེ་ཡོད་དམ། ཁྱོད་ཀྱིས་ཤོད་དང་།”སྐད་ཆ་དེའི་བཤད་ཉམས་དང་སྒྲ་གདངས་ལ་མཐོང་ཆུང་གི་ཆ་ཅུང་ཙམ་མངོན་པས། ཁྱོད་ཚོ་གྲོང་གསེབ་ཀྱི་སྐྱག་ཕྲུག་ཁ་ཤས་ཀྱིས་དོན་དག་ཅི་ཞིག་བསྒྲུབ་ནུས་སམ་ཞེས་ཅོ་འདྲི་བ་དང་མཚུངས།
རོང་ཐར་ནི་སྐད་ཆ་བཤད་དུས་བྲེལ་རྒྱུ་འཚུབ་རྒྱུ་མེད་པས། ཁོའི་ཨ་ཕ་སྟེ་སེམས་འཚབ་མ་ཐག་གདོང་ལ་ཁྲོ་གཉེར་བསྡུས་ཤིང་རང་སྣང་གང་ཤར་གྱིས་ཕྱག་རྒྱ་བྱེད་མཁན་དེ་དང་ཁྱོན་ནས་མི་འདྲ། ཁོས་མཆིལ་མ་ཁམ་གང་མིད་པ་ན་ཕྱིར་འབུར་བའི་ཨོལ་མདུད་དེ་འཇམ་ཞིང་ནེམ་པའི་སྐྱི་ལྤགས་འོག་ཡར་ཤུད་མར་ཤུད་བྱེད་པས། མིད་པའི་ནང་བརྫངས་བའི་སྐད་ཆ་ཡོད་ཚད་ལམ་སེང་ཕྱིར་ཕྱུང་འདོད་པ་དང་ཀུན་ནས་མཚུངས། “ད་ལོའི་ལོ་གསར་སྐབས་ང་ཚོ་ཞོར་ལས་སུ་ཕྱིན་པའི་ན་གཞོན་ཁ་ཤས་ཁྱིམ་ལ་ལོ་སར་དུ་འོངས། ལོ་གསར་ཚེས་གསུམ་ནས་ངེད་ཚང་ལ་འཛོམས་ཏེ་སོ་སོའི་རང་ཉིད་ཤར་ལྷོ་ནུབ་བྱང་དུ་སོང་བའི་མཐོང་ཐོས་གསར་བ་དག་གླེང་བ་ཡིན། འོན་ཀྱང་ཚང་མས་སྐད་ཆའི་སྣེར་ཕ་ཡུལ་ལ་བསྐོར་དུས་ཁ་རོག་གེར་བསྡད་སོང་།”རོངཐར་གྱིས་ཅི་ཞིག་ལ་བསམ་བློ་གཏོང་ཞོར་བཤད་རྒྱུར། “མི་ཕལ་ཆེ་བས་ཕ་ཡུལ་རྗེས་ལུས་ཡིན་པའི་རྩ་བ་དེ་རི་ཁུག་དུ་ཡོད་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བ། ཆ་འཕྲིན་བཀག་རྒྱ་ཡོད་པ་ལ་སོགས་པའི་གནད་དོན་ལ་ཁག་འཇོག་སྲིད། ཡིན་ནའང་ང་ཚོའི་ཕ་ཡུལ་གཅིག་པུར་འདི་འདྲའི་གནས་ཚུལ་ཡོད་པ་མ་ཡིན་ལ། ནུབ་རྒྱུད་ཡོངས་རྫོགས་འདི་འདྲ་རེད། ང་ཚོ་གྲོང་ཚོའི་དབུལ་ཕོངས་གི་གནད་འགག་གཙོ་བོ་འདི་མ་རེད”ཟེར།
སྐད་ཆ་འདིས་ང་ལ་སྤྲོ་སྣང་སྐྱེས་སུ་བཅུག་སོང་ལ། “བྱིས་པ་འདི་ཚོ་ངས་བསམ་པ་ནང་བཞིན་གྱི་ལས་སླ་བོ་ཞིག་མ་རེད”སྙམ་བྱུང་། ངས་དུ་བ་རྐང་གཅིག་བཏོན་ནས་རོང་ཐར་ལ་སྤྲད། རོང་ཐར་གྱིས་དེ་ལེན་ཞོར་དུ“ཚང་མས་ཕ་ཡུལ་གླེང་དུས་ཆུ་མེད་པའི་བྱེ་ཐང་དུ་བསླེབས་པ་ལྟར་སྐྱོ་ངལ་གྱིས་ཁེངས་ནས་ཁ་རོག་གེར་བསྡད་སོང་། སི་ཁྲོན་ཞིང་ལས་སློབ་ཆེན་ལས་མཐར་ཕྱིན་པའི་སྐལ་བཟང་གིས་ངེད་ཚང་གི་གྱང་ངོས་སུ་བཀལ་བའི་ཨ་ཕ་དང་ཁྱོད་གཉིས་ཀྱིས་མཉམ་པར་དེའི་སྟོང་བར་ལུས་པའི་ཆ་དེར། གྲོགས་བཟང་བོ་ཀྲང་བསྟན་འཛིན་དང་མཉམ་པར་བརྒྱབ་ནས་དྲན་རྟེན་དུ་བཞག་ཞེས་བྲིས་ཡོད་པ་དེ་མཐོང་རྗེས། ཅི་ཞིག་ལ་བསམ་བློ་གཏོང་བཞིན་བཤད་རྒྱུར། “ང་ཚོ་ནི《དར་དམར་ཡུར་བ》དང《ང་ཚོ་སྡེ་བའི་ན་གཞོན་ཚོ》བལྟས་ནས་ནར་སོན་པ་ཡིན། ཡིན་ནའང་ང་ཚོའི་ཀླད་པ་གྱོང་བོ་འདི་དག་གིས《དར་དམར་ཡུར་བ》ལོ་དེ་འདྲ་མང་པོར་བལྟས་ཀྱང་བློ་སྒོ་འབྱེད་མ་ཐུབ་པ་གང་ཡིན་ནམ་”ཞེས་བཤད་སོང་ཟེར།
“ཁྱོད་ཚོས་གློག་བརྙན་《དར་དམར་ཡུར་བ་》ནང་འཁྲབ་པ་ལྟར་བསྒྲུབ་འདོད་པ་ཡིན་ནམ། ”ངས་ཁ་འཕྲོག་ནས་དྲིས། ངས་རང་ཉིད་ཀྱིས་གབ་ལན་ཁེད་པར་ཡིད་ཆེས་དང་བཅས་གདོང་ལ་བཤད་རིན་མེད་པའི་རྣམ་འགྱུར་ཞིག་བསྟན་པ་དང་། སེམས་ནས་“རོང་བང་ཐང་རི་མཐོ་ལ་གཡང་གཟར་བས། སྐྱག་ཕྲུག་ཁྱོད་ཚོས་དོན་དག་འདི་དོན་འཁྱོལ་ཐུབ་བམ་”སྙམ།
“ཨ་ཁུ་‘དར་དམར་ཡུར་བ།’ཁྱེད་ཀྱིས་ང་ལ་ཅིག་གསོན་དང་།”རོང་ཐར་གྱིས་ལག་ཟུང་དད་པ་བྱས་ནས་བྲང་ཁར་བཞག་སྟེ་ང་ལ་ཁོའི་ཁ་མི་འཕྲོག་རོགས་ཞེས་པའི་བརྡ་བསྟན།
“སྐལ་བཟང་གིས་ང་ཚོར་བཤད་རྒྱུར། རོང་བང་ཐང་དབུལ་བོ་ཡིན་དོན་གཙོ་བོ་དེ་ཆུ་དཀོན་པ་རེད། ཆུ་ཡོད་ཚེ་ང་ཚོའི་ཡུལ་འདི་ནི་གླུ་གཞས་ཁྲོད་ཀྱི་‘ཤམ་བྷ་ལ’ཡིན། ཁོས་རོང་བང་ཐང་གི་གནས་གཤིས་ཁྱད་ཆོས་དང་དྲོད་ཚད། ཆར་ཆུ་འབབ་ཚད་དང་ཉི་འོད་འཕྲོ་ཚད། ས་རྒྱུ་སོགས་ནས་མགོ་བརྩམས་ཏེ་རོགས་པ་ཚོར་སློབ་ཁྲིད་བྱས་པར། ང་ཚོས་མགོ་འཐོམས་བཞིན་ཉན། ཡིན་ནའང་མཇུག་མཐར་ཚང་མས་ཁ་ཞེ་གཉིས་མོས་སྒོས་ཁོ་ཁས་ལེན་བྱས་ལ། ཁོར་རོང་བང་ཐང་ཕྱུག་འགྱུར་གྱི་ཐབས་ཤེས་ཅི་ཞིག་ཡོད་པར་དྲིས། ཁོས་ང་ཚོའི་ཡུལ་དེའི་ས་རྒྱུ་བཤད་དུས་ཁྱད་མཚར་དང་བཅས་ང་རང་ལུག་རྫི་ཡིན་དུས་ལུག་ཁྱུ་དེད་ནས་ཁྱིམ་ལ་ལོག་ཐེངས་རེར་འདམ་བག་ལས་གྲུབ་པའི་མི་ཞིག་དང་མཚུངས་ཟེར། དེ་ནས་ཁོས་མུ་མཐུད་དུ་བཤད་རྒྱུར། རོང་བང་ཐང་གི་ས་རྒྱུ་ནི་ས་སྨུག་པོའི་རིགས་སུ་གཏོགས་ལ། ས་རྒྱུ་མཐུག་ཅིང་ནང་དུ་ཐཱན་སྐྱུར་ཚྭ་དྲག་པོ་དང་དིམ་བསགས་རྡོ་ཐལ་འདུས་པས། གལ་ཏེ་ཆུ་ཁུངས་མོད་པོ་ཡོད་པ་དང་ཞིང་ཆུ་གཏོང་རྒྱུར་ཁག་ཐེག་བྱེད་ཐུབ་ཚེ། ང་ཚོ་ཡུལ་འདིས་ལོ་གཅིག་ལ་ལོ་ཏོག་ཐེངས་གཉིས་བསྡུས་ཀྱང་ཡོང་འབབ་བཟང་བའི་འགན་ལེན་བྱེད་ཐུབ། ཞིབ་ཏུ་བཤད་ན་དགུན་གྲོ་བསྡུས་རྗེས་མ་རྨོས་ལོ་ཏོག་བསྡུས་ཆོག་ལ། ཐོན་ཚད་རྒྱ་མ་བརྒྱད་བརྒྱ་ཡས་མས་ཡིན། དེ་ནི་གྲུབ་འབྲས་ག་འདྲ་ཞིག་རེད་དམ། ཚང་མ་ཕྱི་རུ་ཞོར་ལས་ལ་སོང་བའི་ཡོང་འབབ་ལས་ལྡབ་བཅུས་བཟང་།.......”རོང་ཐར་ཀྱིས་བཤད་ཀྱིན་བཤད་ཀྱིན་ལྷག་ཏུ་བཤད་འདོད་སྐྱེས་བྱུང་།
ཧེ་ཧེ། དྲང་མོར་བཤད་ན་སྐབས་དེ་དུས་ངའི་སེམས་ལ་ཡང་རྦ་རླབས་ལང་ལོང་དུ་འཁྲུགས་བྱུང་། ན་གཞོན་འདི་ཚོ་སྔ་མོ་ནས་ཁོ་ཚོའི་ཕ་མེས་རྣམས་དང་དུས་གཅིག་ཏུ་གླེང་མོལ་མི་འོངས།
“གསར་བུ། ཚུར་ཅིག་གསོན་དང་།”ངས་ལག་པ་བསྲིངས་ནས་ཁོར་མཚམས་འཇོག་དགོས་པའི་བརྡ་བསྟན། “ཁྱོད་ཚོས《དར་དམར་ཡུར་བ》ནང་འཁྲབ་པ་ལྟར་རང་གིས་ལག་འགུལ་ནས་ཡུར་བ་བཟོ་བསམ་མམ།” རོང་ཐར་གྱིས་བློ་རྩ་བརྟན་པོའི་ངང་མགོ་བོ་ལྡེམ་བཞིན་“ཁ་དཔེར་ཆུ་བསགས་ན་གསེར་ཡིན་ལ། ཆུ་བསྡུས་ན་འབྲུ་བསྡུས་བ་ཡིན་ཟེར་བ་མ་ཡིན་ནམ”ཟེར།
“བཤད་པ་ངོ་མ་བཟང་། གསར་བུ། ཡིན་ནའང་དྲང་མོར་བཤད་ན་ངས་ཁྱོད་ཚོའི་བརྩོན་སེམས་ལ་གནག་འདོད་པ་མིན་མོད། ཁྱོད་ཚོས་བསམ་གཞིགས་ཡག་པོ་བཏང་ངམ། འདི་ནི་ལས་སླ་མོ་ཞིག་ག་ལ་ཡིན། ཡུར་བ་བཟོས་ན་ཤང་སྲིད་གཞུང་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་རྒྱབ་སྐྱོར་བྱེད་སྲིད་དམ། ཡུར་བ་བཟོ་བའི་དངུལ་གང་ནས་ཡོང་། སུས་མགོ་ཁྲིད་བྱེད.....” ངས་རང་ཉིད་མཁས་མདོག་བསྟན་ནས་དྲི་བ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་དྲིས་པ་ན། ཁོས་རེ་རེ་བཞིན་ལན་བཏབ་བྱུང་། ལྷག་པར་དུ་མ་དངུལ་ཕྱོགས་ལ་ཁོས་ནན་བཤད་བྱས་སོང་སྟེ། ཁྱིམ་ཚང་རེ་རེས་བེ་ཤྭ་དང་དབྱར་རྩ་དགུན་འབུ་བཙོང་བའི་དངུལ་ནས་ཕྱེད་ཀ་གཞུང་ལ་སྤྲད་དེ་ཡུར་བ་བཟོ་སྤྱད་བྱེད་པར་ཁས་ལེན་བྱས་ཡོད་ཟེར། “ བཟང་གི བཟང་གི ངོ་མ་བཟང་གི”ངས་ཁུ་ཚུར་གྱིས་རང་གི་ལག་མཐིལ་ལ་རྡུང་ཞོར་དུ“དེ་ན་ཁྱོད་ཀྱིས་ཤོད་དང་། གློག་བརྙན་གཏོང་མཁན་ངས་ཅི་ཞིག་བསྒྲུབ་ནུས་སམ།”ཞེས་དྲིས་། མ་གཞིར་འདི་ནི་ངའི་སྤྲོ་སེམས་འཁོལ་ས་དེ་ཡིན།
“ལས་མགོ་རྩོམ་པའི་ཉིན་དེའི་སྔོན་གྱི་དགོང་མོར་དེར། ཁྱོད་རང་སྐུ་དངོས་སུ་ཕེབས་ཏེ། རོང་བང་ཐང་ལ་གློག་བརྙན་《དར་དམར་ཡུར་བ》བསྟན་ནས་ང་ཚོར་ཤུགས་རྒྱག་པ་དང་ཆབས་ཅིག ཡུལ་མི་སྤུན་ཟླ་རྣམས་ལ་དར་དམར་ཡུར་བ་བཟོ་དུས་ཀྱི་ངར་ཤུགས་དེ་སླར་གསོ་བྱེད་དགོས་པ་དང་། དར་དམར་ཡུར་བའི་བླ་སྲོག་དེ་སླར་ཡང་རྙེད་པར་བྱེད་དགོས”།
“དར་དམར་ཡུར་བའི་བླ་སྲོག་ཕྱིར་རྙེད་པར་བྱེད་དགོས།”ང་རང་དར་ཅིག་ལ་ཧད་དུ་བཅུག་སོང་། རང་གིས་རང་ལ“དར་དམར་ཡུར་བའི་བླ་སྲོག་ནི་ཅི་ཞིག་རེད”ཅེས་དྲིས། ཡང་གློ་བུར་དུ་གཉིད་ལས་སད་པ་ལྟར“དེ་འདྲི་དགོས་སམ། ཤི་རྒྱུ་མེད་པའི་ཀྲང་བསྟན་འཛིན་ཁྱོད་ཀྱིས་རང་མགོ་རང་ཐོན་བྱས་ནས་ཆ་རྐྱེན་མེད་ཀྱང་ཆ་རྐྱེན་བསྐྲུན་ནས་བསྒྲུབ་པ་དེ་རེད།”དེ་མ་ཐག་བརྙན་ཡོལ་ངོས་སུ་ལིན་རྫོང་གི་མི་རྣམས་ཀྱིས་གློག་བཀར་ནས་མཚན་མོར་ཡང་ངལ་རྩོལ་བྱེད་པའི་པར་རིས་དང་། སྐེད་པར་ཐག་པ་བརྒྱབ་ཅིང་ལག་ཏུ་ཐོ་བ་དང་ལྕགས་འཛེར་བཟུང་ནས་རྫས་ཁུང་བརྟོལ་བའི་པར་རིས། མི་བཞི་རུ་ཁག་གཅིག་ཏུ་བྱས་ཏེ་ཆུ་རགས་སྟེང་ས་རྡུང་བའི་པར་རིས། ཆ་རྒྱུས་ལྡན་པའི་པར་རིས་འདི་དག་དར་དམར་ཡུར་བའི་ནང་གི་ཆུ་ལྟར་ཀླད་པའི་ནང་ཤང་ཤང་དུ་བཞུར་བྱུང་། ང་ངོ་མ་དགའ་བྱུང་། མ་བསམ་ས་ནས་ང་ལ་མངགས་བཅོལ་བྱས་པའི་ལས་ཀ་ནི་ང་ལ་མཚོན་ནས་བཤད་ན་ཆེས་སླ་མོ་དེ་རེད། ང་མྱུར་མོར་ཡར་ལངས་ནས་སྐད་གསེང་མཐོན་པོས“བཟང་གི དོན་དག་འདི་ཨ་ཁུ་དར་དམར་ཡུར་བས་ཁས་བླངས་བ་ཡིན”་ཞེས་བཤད། སྙིང་ཆུང་ལྷོག་ལྷོག་ཏུ་ལྡིང་རྗེས་ངས་རང་ལ་ཧ་ཅང་ཆ་རྒྱུས་ཡོད་པའི་《དར་དམར་ཡུར་བ》འི་བརྗོད་དོན་གླུ་དབྱངས་སྟེ----《རི་དང་གཙང་བོས་ངེས་པར་དུ་ལྭ་གསར་གྱོན་པ》ཞེས་པ་དེ་བླངས:ཐའེ་དཔང་རི་བོ་གཤགས/ཀྲང་ཧི་ཆུ་བོ་རི་བོ་ཕུག/ལིན་རྫོང་མི་དམངས་བློ་སྟོབས་ཆེ/དམ་བཅའ་བཞག་ནས་རི་ཆུ་ཐམས་ཅད་བསྐྱར་བསྒྲིགས་བྱས། སེམས་ནང་གསེར་གྱི་ཉི་མ་ཤར/དམག་རྟ་ཁྲི་སྟོང་གིས་ཐའེ་དཔང་རྒོལ/མའོ་ཙེ་ཏུང་གི་དགོངས་པས་བཀོད་འདོམས་བྱས/རི་དང་གཙང་བོས་ངེས་པར་དུ་ལྭ་གསར་གྱོན་དགོས........”ཚན་པ་དང་པོ་བླངས་ཚར་བ་དང་། ངས་ཅོག་ཙེ་སྟེང་ཤུགས་ཀྱིས་རྡེབ་པའི་སྒྲ་དེས་རོང་ཐར་ཡང་འདར་རུ་བཅུག་སོང་། ང་རང་དགོད་ཞོར་དུ་ཁོ་ལ་“པྲ་ཚགས་མཁན། ཨ་ཁུ་དར་དམར་ཡུར་བས་ཁྱོད་ལ་ཆང་མགྲོན་བྱེད”ཞེས་བཤད་པ་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།