ངོས་དང་པོ > རྩོམ་རིག > དེང་རབས་བརྩམས་ཆོས། > མ་ཡུམ་བསོད་ནམས་སྒྲོལ་མ་ལགས་སྐུ་གཤེགས་ནས་བགྲང་བྱ་དྲུག་འཁོར་པའི་རྗེས་དྲན་དུ་ཕུལ་པ།
མ་ཡུམ་བསོད་ནམས་སྒྲོལ་མ་ལགས་སྐུ་གཤེགས་ནས་བགྲང་བྱ་དྲུག་འཁོར་པའི་རྗེས་དྲན་དུ་ཕུལ་པ།
རྩོམ་པ་པོ།:གཅོད་པ་དོན་གྲུབ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-08-22 10:20:00
ཀློག་གྲངས།:
ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་མ་ཡུམ་བསོད་ནམས་སྒྲོལ་མ་ལགས་སྐུ་གཤེགས་ནས་
བགྲང་བྱ་དྲུག་འཁོར་པའི་རྗེས་དྲན་དུ་ཕུལ་པ།
གཅོད་པ་དོན་གྲུབ།
འཛམ་གླིང་གཙུག་གི་ཆོས་ཀྱི་རྒྱལ་པོ་ཞིག །
མ་ཡུམ་ཆེན་པོའི་སྲས་སྐལ་གནང་བ་འདི། །
གངས་རིའི་བོད་པའི་ལེགས་བྱས་གྲུབ་པར་མངོན། །
རིན་ཆེན་ནོར་བུ་འབུམ་གྱིས་བླུ་ཐབས་མེད། །
གླང་ཆེན་སྟོབས་དང་འདྲ་བས་འཕྲོག་མི་ནུས། །
གོང་མ་ལྷ་ཡིས་རྒྱལ་སྲས་ཁྱེད་ལ་གནང་། །
སྒྲོལ་མ་དཀར་མོའི་རྣམ་སྤྲུལ་ཁྱེད་ལ་འདུད། །
གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ལོ་ཟླ་སྟེ། །
རབ་བྱུང་བཅོ་ལྔའི་མེ་འབྲུག་ས་ཟླའི་ནང་། །
མདོ་སྨད་བིས་མདོའི་བྲེ་ཚང་རིགས་རྒྱུད་ལ། །
རྟགས་མཚན་སྟོང་གིས་བརྒྱན་ཏེ་སྐུ་གཟུགས་བལྟམས། །
རིགས་རུས་མཆོག་གྱུར་ཅན་གྱི་སྐྱེ་བ་བཞེས། །
སྐུ་ན་ཆུང་བའི་དུས་ནས་བློ་རིག་གསལ། །
རྒན་བཀུར་གཞོན་གཅེས་སྲོལ་བཟང་རྒྱུད་ལ་མངའ། །
གཞན་ཕན་ལྷག་བསམ་སྒྲུབ་པར་རིང་ནས་གོམས། །
ཁོ་མོ་གཞོན་ནུ་ལང་ཚོའི་མེ་ཏོག་རྒྱས། །
སྟོང་དཔོན་གུར་མགོན་ཚེ་བརྟན་གཞོན་དཔལ་དར། །
ལས་འབྲས་གསེར་གྱི་མདུད་པ་དམ་པོར་བཅིངས། །
གཉེན་སྟོན་ལྷ་དར་ནམ་མཁའི་དབྱིངས་ནས་འཐེན། །
རབ་བྱུང་བཅུ་དྲུག་ས་ཕོ་སྟག་གི་ལོར། །
སངས་རྒྱས་འོད་དཔོག་མེད་ཀྱི་རྣམ་སྤྲུལ་ཏེ། །
ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག །
ལྟས་བཟང་དུ་མས་བརྒྱན་ཅིང་མངོན་པར་འཁྲུངས། །
དེ་ནས་ལྷ་དང་བླ་མས་ལུང་བསྟན་ལྟར། །
སྤྲུལ་སྐུ་འཚོལ་ཞིབ་འགྲོ་ལུགས་ཀུན་བསྒྲུབས་ཏེ། །
པཎ་ཆེན་སྐུ་ཕྲེང་བཅུ་པར་ངོས་འཛིན་མཛད། །
གསེར་ཁྲི་ཆེན་པོར་མངའ་གསོལ་རྟེན་འབྲེལ་འགྲིག །
དུས་དེར་བཟུང་སྟེ་བཀུར་བསྟི་འཛད་མེད་ཀྱིས། །
ནང་མི་ཀུན་གྱིས་ཨ་མ་ཚང་ཞེས་འབོད། །
བྱམས་དང་སྙིང་རྗེ་སྔར་ལས་ལྷག་པར་གྱུར། །
ཐུགས་ཁྲལ་བརྩོན་འགྲུས་སྔར་བཞིན་ལྷོད་མེད་མཆིས། །
ཆིག་སྟོང་ང་གཉིས་ལོ་ལ་རིན་པོ་ཆེ། །
ལྷ་སར་ཕེབས་སྐབས་ཁོ་མོ་དང་ལྷན་དུ། །
མ་བུ་མཉམ་བྱོན་འཚོ་བཞེས་སྐལ་བ་ཐོབ། །
རིམ་པ་གསུམ་པའི་དཔོན་གནས་ཐོབ་ཐང་གནང་། །
ཆིག་སྟོང་ང་དྲུག་ལོ་ནས་མགོ་བརྩམས་ཏེ། །
མ་ཡུམ་བསོད་སྒྲོལ་ལགས་ལ་བོད་ལྗོངས་ཀྱི། །
སྲིད་གྲོས་ཀྲུའུ་ཞི་གཞོན་པའི་གོ་གནས་སྤྲད། །
རྒྱལ་དོན་ཆེ་ཆུང་སྣ་ཚོགས་ཁུར་དུ་བཞེས། །
ལྷག་པར་རྒྱལ་ཁབ་གོང་བུ་གཅིག་གྱུར་དང་། །
མི་རིགས་མཐུན་སྒྲིལ་བྱ་གཞག་བཅས་ཀྱི་ཐད། །
ནུས་ཤུགས་ཡོད་ཚད་བཏོན་ནས་མཐུན་རྐྱེན་བསྒྲུབས། །
གང་ཆེའི་མགོ་ཁྲིད་རྣམས་ཀྱིས་བསྔགས་པ་བརྗོད། །
དེ་མིན་བོད་ཁུལ་བྱིངས་ཀྱི་བུད་མེད་རྣམས། །
སྣེ་ཁྲིད་མཛད་དེ་རིག་པའི་གསོ་སྦྱོང་དང་། །
མ་བུ་བདེ་སྲུང་ཐད་ལ་ཐུགས་ཁུར་མཛད། །
ཕྱག་རྗེས་བླ་མེད་ཀུན་གྱིས་མཐོང་བ་བསྐྲུན། །
རྒྱུ་དང་འབྱོར་བ་ཕུན་སུམ་ཚོགས་ན་ཡང་། །
གཡུ་དང་བྱུ་རུའི་རྒྱན་གྱིས་མི་སྤྲས་ཤིང་། །
འདོད་ཆུང་ཆོག་ཤེས་རྒྱུད་ནས་དོར་མ་མྱོང་། །
ཆུད་ཟོས་རྒྱས་སྤྲོས་ཏིལ་ཙམ་ཡོད་རེ་སྐན། །
སྤྱིར་ན་པཎ་ཆེན་མཆོག་གི་མ་ཡུམ་དང་། །
གོ་གནས་མཐོན་པོའི་དཔོན་ས་འབྱོར་ན་ཡང་། །
ནམ་རྒྱུན་བུད་མེད་དཀྱུས་མའི་བརྟུལ་ཞུགས་འཛིན། །
ཞིང་ཕྱུགས་ཀུན་ལ་འཚོ་སྐྱོང་གང་ལེགས་མཛད། །
བཀྲེས་སྐོམ་སྟོང་གིས་མནར་བའི་ཉམ་ཆུང་རྣམས། །
གཟིགས་པའི་མོད་ལ་ཐུགས་ཀྱིས་མ་བཟོད་པར། །
སྤྱན་ནས་མཆི་མ་དབང་མེད་འཐོར་བ་དང་། །
གཏོང་ཕོད་ཆེན་པོས་སྦྱིན་པ་གནང་བ་མཚར། །
རིག་གསར་དྲག་རླུང་འཛིན་མར་གཡོ་བའི་དུས། །
པཎ་ཆེན་མཆོག་ལ་མནར་སྡུག་ཡ་ང་བ། །
གཏོང་སྐབས་མ་ཡུམ་ལགས་ལ་ཉེས་འགལ་གྱིས། །
དོན་མེད་གནོད་འཚེ་བཟོས་པ་སུས་མི་མཁྱེན། །
ཡིན་ཡང་སྲིད་ཇུས་གསར་བའི་ཉིན་བྱེད་སྟོང་། །
ལྷན་གཅིག་འཕྲོ་བའི་སྐལ་བཟང་རྫོགས་ལྡན་དུས། །
སླེབས་དང་མཉམ་དུ་བཅོས་བསྒྱུར་སྒོ་འབྱེད་དཔལ། །
བགྲོད་ལམ་ཡངས་པར་འབད་པས་མདུན་དུ་བསྐྱོད། །
ཆོལ་གསུམ་གངས་ཅན་ཡུལ་ལ་ཤེས་བྱའི་དཔལ། །
ཁྱོན་ཀུན་ཤར་པའི་བོད་མི་སྐྱིད་པའི་ལམ། །
འཚོ་བཞེས་ལེགས་པོ་རོལ་ནས་མ་འགྱངས་པར། །
མི་འདོད་རྐྱེན་ངན་སྣ་ཚོགས་མདུན་དུ་མངོན། །
དཀར་གསལ་བཅོ་ལྔའི་དུང་ཟླ་འཛིན་མའི་སྟེང་། །
མ་བསམས་གློ་བུར་ཡལ་དང་རིན་པོ་ཆེའི། །
ཆོས་སྐུའི་བཀོད་པ་རྫོགས་པའི་ཚུལ་བསྟན་ཅིང་། །
འཛམ་གླིང་ཟླུམ་པོར་རེ་ཞིག་མུན་པས་གཡོགས། །
མ་ཡུམ་མགོ་ལ་སྡུག་བསྔལ་རི་རབ་ཅིག །
ལྷུང་བ་ཡིན་གྱི་ཐེག་པར་དཀའ་མོད་ཀྱང་། །
བཟོད་བསྲན་སྟོབས་ཀྱིས་མ་ཁུར་ཐབས་དབེན་པས། །
གཞུང་དོན་ཆེན་པའི་ལས་ལ་འབད་འབུངས་མཛད། །
དེ་ནས་མ་འགྱངས་གཏན་གྲོགས་དག་ཞིང་ལ། །
བདེ་བར་གཤེགས་པའི་ངོ་མཚར་ཚུལ་མཛད་དེ། །
ཁོ་མོ་གཅིག་པུ་ཤུལ་ནས་བསྐྱུར་ན་ཡང་། །
བཟོད་དཀའི་མནར་སྡུག་བསྲན་ནས་དོན་ཆེན་བསྒྲུབས། །
མ་ཡུམ་ལགས་ཀྱིས་རང་ནུས་ཅི་ལྕོགས་ཀྱིས། །
རྒྱལ་སྲས་ལགས་ཀྱི་ཤུལ་བཞག་མཛད་འཕྲིན་རྣམས། །
མུ་མཐུད་སྐྱོང་སླད་མདོ་དབུས་ཁམས་གསུམ་གྱི། །
དགོན་སྡེ་འཛུགས་སྐྲུན་བྱ་གཞག་བརྩོན་པས་བསྐྱངས། །
སྔ་ཕྱིར་ཀྲུང་དབྱང་དང་ནི་ཞིང་ཆེན་གྱི། །
མགོ་ཁྲིད་གཙོ་བོ་རྣམས་དང་གང་མང་དུ། །
མཇལ་འཕྲད་མཛད་དེ་རྒྱལ་གཅེས་ཆོས་གཅེས་ཀྱི། །
རྒྱུན་འཛིན་ལེགས་པོ་དགོས་པའི་སྙན་ཞུ་ཕུལ། །
ཁོང་ཉིད་བགྲེས་ནས་དགུང་ལོ་བརྒྱད་ཅུར་སོན། །
ཡིན་ཡང་མི་རིགས་སློབ་གསོའི་ལས་དོན་ཐད། །
དུངས་པའི་སྤོབས་སེམས་ཅུང་ཙམ་མ་ཉམས་པར། །
ཞིན་ཧྭ་བོད་ཡིག་སློབ་འབྲིང་ཐུགས་ཀྱིས་བསྐྱངས། །
ཆོས་ཀྱི་རྒྱལ་མཚན་མཆོག་གིས་སློབ་འབྲིང་འདི། །
གསར་བཞེངས་མཛད་པའི་ཚུན་ལ་བོད་སྐད་ཡིག །
སྦྱང་མགོ་བརྩམས་ཏེ་གྲུབ་འབྲས་གཡུར་དུ་ཟ། །
རང་རིགས་སློབ་བུ་འབུམ་ཕྲག་གསོ་སྐྱོང་མཛད། །
ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ། །
ཡང་སྲིད་མྱུར་འབྱོན་གསོལ་འདེབས་རེ་འདུན་དག །
འབྲེལ་ཡོད་མགོ་ཁྲིད་དག་ལ་གསལ་བོར་ཞུས། །
ཀྲུང་དབྱང་རིམ་པས་གདམས་པ་དང་དུ་བླངས། །
ཉེར་སྟོང་བཅུ་གཉིས་ཟླ་དྲུག་ཚེས་ཉེར་དགུར། །
མ་ཡུམ་ལགས་ཀྱིས་དགོངས་རྫོགས་ཚུལ་བསྟན་ཏེ། །
མི་རྟག་ནམ་མཁའི་དབྱིངས་ནས་དྲག་ཆར་བསྙིལ། །
ས་གཞི་ཆེན་པོར་མུན་པའི་སྤྲིན་ནག་འཐིབས། །
མདོ་དབུས་ཁམས་ཀྱི་སྐྱ་སེར་ཕོ་མོ་རྣམས། །
མྱ་ངན་འབུམ་གྱིས་མནར་ནས་སྐྱོ་གདུང་གི །
མིག་ཆུ་དབང་མེད་དྲག་ཆར་ཇི་བཞིན་བཞུར། །
མ་ཎི་ཡིག་དྲུག་དབྱངས་ཀྱིས་གནམ་ས་ཁེངས། །
ཏང་གི་གཙོ་འཛིན་དང་པོས་སྐུ་དངོས་དང་། །
དབུ་ཁྲིད་གཞན་པས་མྱ་ངན་ཞུ་འཕྲིན་ཕུལ། །
གཉེན་ཉེ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས། །
འཚམས་འདྲི་སེམས་གསོ་ཡང་ཡང་མཛད་པ་རྨད། །
སྤྱི་ཟླ་བདུན་པའི་ཚེས་བཞིའི་ཉིན་མོ་ལ། །
གནའ་བོའི་བོད་པའི་སྲོལ་རྒྱུན་འགྲོ་ལུགས་ལྟར། །
བིས་མདོའི་གཞིས་ཁྱིམ་དྲོད་མོར་གདུང་བཞུས་པའི། །
ཆོ་ག་གཟབ་རྒྱས་སྤེལ་ནས་ལྟས་བཟང་མངོན། །
ཡུམ་ཆེན་སྐུ་ཉིད་མི་ཚེ་གང་བོ་ལ། །
ཏང་དང་རྒྱལ་ཁབ་མཉམ་བཞུགས་མཉམ་འགྲོ་དང་། །
སྤྱི་ཚོགས་འཕེལ་རྒྱས་འབངས་མིའི་བདེ་སྐྱིད་སླད། །
མཛད་རྗེས་བླ་ལྷག་བསྐྲུན་པར་ཀུན་གྱིས་བསྔགས། །
ཁོ་མོར་ཏང་གི་མཛའ་མཐུན་གྲོགས་པོ་དང་། །
རྒྱལ་གཅེས་ཆོས་གཅེས་ཅན་གྱི་མཚན་སྙན་ཐོབ། །
འབངས་དང་སྐྱིད་སྡུག་མཉམ་མྱོང་བྱམས་བརྩེ་ཅན། །
བློ་བརྟན་འགྱུར་མེད་རྡོ་རྗེ་བྲག་དང་མཚུངས། །
སྐུ་ཉིད་དག་པའི་ཞིང་དུ་ཕེབས་པ་དེ། །
རྒྱལ་ཁབ་ཡོངས་ལ་གྱོང་གུད་བཟོས་པ་དང་། །
སྒོས་སུ་གངས་ཅན་བོད་ལ་གྱོང་ཆེན་རེག །
ངེད་ཚོས་དུས་གཏན་ཡིད་དུ་བརྗེད་མི་སྲིད། །
ཅེས་གཅོད་པ་དོན་གྲུབ་ཀྱིས་སྤྱི་ལོ2018ལོའི་ཟླ8པའི་ཚེས7ལ་གནའ་མཁར་ཟི་ལིང་དུ་གུས་པས་སྦྱར་བ་དགེའོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།