སྲོང་བཙན་གྱི་མ་འོངས་པའི་རེ་སྨོན་མཚོན་པའི་ལྷ་ཁང་།

རྩོམ་པ་པོ།:ཤེས་རབ་བསྟན་དར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-08-03 10:25:00 ཀློག་གྲངས།:

སྲོང་བཙན་གྱི་མ་འོངས་པའི་རེ་སྨོན་མཚོན་པའི་ལྷ་ཁང་།
         -----རིགས་གསུམ་ལྷ་ཁང་།

     ལྷ་ས་ནི་དངོས་གནས་ལྷ་ས་ཡིན་མོད། ལྷ་སའི་ལྷ་རེ་རེ་ནི་གཞན་པའི་ལྷ་དང་མི་འདྲ་བར། མིའི་རེ་བ་མཚོན་པའི་ལྷ་རེ་ཡིན་ཞིང་། དེ་ཇི་སླད་དུ་བཞེངས་པའི་ཐད་ལ་བསམ་གཞིག་མ་བཏང་ན་ལྷ་དེ་བཞེངས་པ་དེ་མི་རིགས་འདིར་འབྲེལ་བ་གང་ཞིག་ཡོད་པ་གཏན་ནས་མི་ཤེས།
     རིགས་གསུམ་མགོན་པོ་ནི་ནང་བའི་ཐུན་མོང་མ་ཡིན་པའི་ལྷ་གསུམ་ཏེ། ཤེས་རབ་ཀྱི་ལྷ་འཇམ་པའི་དབྱངས། སྙིང་རྗེའི་ལྷ་སྤྱན་རས་གཟིགས། བར་ཆད་སེལ་བའི་ལྷ་ཕྱག་ན་རྡོ་རྗེ་བཅས་ཡིན། གལ་ཏེ་ལྷ་འདི་གསུམ་གྱི་ཡོན་ཏན་མི་གཅིག་ལ་འཛོམས་ན་མི་དེ་ནི་དངོས་གནས་སྲོང་བཙན་པོ་ལྟ་བུ་ཞིག་གམ་སྲོང་བཙན་གྱིས་རེ་བའི་སྲོང་བཙན་ལྟ་བུ་ཞིག་ཡིན་ངེས།
     བདག་གིས་ཆེས་དམིགས་བསལ་དུ་མཐོང་བའི་ལྷ་ཁང་ནི་རིགས་གསུམ་ལྷ་ཁང་སྟེ་སྔོན་སྲོང་བཙན་སྒམ་པོས་ཇོ་ཁང་གི་ཕྱོགས་བཞིར་བཞེངས་པའི་ལྷ་ཁང་དེ་བཞི་ཡིན། དེ་བཞི་ནི་བར་སྐོར་གྱི་ཕྱོགས་བཞིར་བཞེངས་འདུག ངས་རིགས་གསུམ་ལྷ་ཁང་ལ་མཆོད་མཇལ་བྱེད་དུས་སྲོང་བཙན་སྒམ་པོས་ཅིའི་ཕྱིར་ཕྱོགས་བཞི་ནས་རིགས་གསུམ་ལྷ་ཁང་བཞེངས་པའི་དགོངས་པ་ལ་ཚོད་དཔག་བྱས་པ་ཡིན།
     ངས་རིགས་གསུམ་ལྷ་ཁང་གི་སྐོར་གྱི་ཡིག་ཚང་བཀླགས་པ་ལས་ཤེས་པ་ནི་ཁ་ཆེ་ལྷ་ཁང་གི་ཤར་ངོས་སུ་ཤར་རིགས་གསུམ་ལྷ་ཁང་དང་། གཟིམ་ཁང་རམ་པའི་ཤར་ངོས་སུ་ལྷོ་རིགས་གསུམ་ལྷ་ཁང་། ར་མོ་ཆེའི་ཤར་ངོས་སུ་བྱང་རིགས་གསུམ་ལྷ་ཁང་། གཡུ་ཐོག་ཟམ་པའི་ཤར་ངོས་སུ་བྱང་རིགས་གསུམ་ལྷ་ཁང་ཡོད་འདུག
     ལྷ་ས་ནས་ལོ་མང་བོར་བསྡད་པ་དག་གིས་ཀྱང་འདི་དག་གིས་གནས་ཚུལ་གསལ་བོ་མི་ཤེས་པས་ང་ཚོས་འདྲི་བཞིན་དང་འཚོལ་བཞིན་དུ་རིགས་གསུམ་ལྷ་ཁང་དག་ལ་མཆོད་མཇལ་བྱས་པ་ཡིན། ཡིན་ན་ཡང་། ད་ལྟ་ཁ་ཆེའི་ལྷ་ཁང་གི་ཤར་ཕྱོགས་སུ་ཡོད་པའི་ཤར་རིགས་གསུམ་ལྷ་ཁང་དེ་ཉམས་གསོ་བྱས་མེད།
     རིགས་གསུམ་ལྷ་ཁང་ན་རང་བྱུང་མེད་ལ་གསུང་འབྱོན་མའང་ཡོད་སྐད་མ་ཐོས། ངས་ཤེས་པ་ནི་རིགས་གསུམ་ལྷ་ཁང་གི་མགོར་ཡོང་བ་རིག་གསར་ཞེས་པའི་མེ་ལྕེ་དམར་བོ་དེ་རེད། དེ་བསྲེགས་ཤིང་ཐལ་བར་བྱས་པའི་ཤུལ་དུ་སྔོན་གྱི་ཚབ་ཏུ་བཞེངས་པའི་ད་ལྟའི་རིགས་གསུམ་ལྷ་ཁང་ཡིན།
     ངས་འདི་ལྟར་ཚོད་དཔག་བྱེད་ཀྱིན་ཡོད་དེ། སངས་རྒྱས་ཐམས་ཅད་ཀྱི་བརྩེ་བའི་བདག་ཉིད་སྤྱན་རས་གཟིགས་དང་། མཁྱེན་རབ་ཀྱི་རང་བཞིན་འཇམ་པའི་དབྱངས། མཐུ་སྟོབས་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་གསུམ་པོ་འདི་ལ་སངས་རྒྱས་ཐམས་ཅད་ཀྱི་གསང་བ་གསུམ་གྱི་ཡོན་ཏན་མ་ལུས་པ་འདུས་པས་ན་སྲོང་བཙན་སྒམ་པོས་བོད་ཀྱི་ཕྱོགས་བཞིར་འབྱུང་ངེས་པའི་སྤྲེལ་ཚ་གདོང་དམར་དག་ལ་སྤྱན་རས་གཟིགས་ཀྱི་བརྩེ་བ་དང་འཇམ་པའི་དབྱངས་ཀྱི་མཁྱེན་རབ། ཕྱག་ན་རྡོ་རྗེའི་ནུས་པ་ལྡན་པར་ཐུགས་སྨོན་གནང་བ་ཡིན་ལས་ཆེ།
     ངས་འདི་ལྟར་བསམ་གྱིན་སྲོང་བཙན་སྒམ་པོའི་མཁྱེན་རབ་ལ་ཧ་ལས་བྱུང་ལ། ཁོང་ནི་དངོས་གནས་ཁོང་གི་ཐུགས་སྨོན་གནང་བའི་སྐྱེས་བུ་དེ་ཡིན་ནོ་སྙམ་ནས་དགའ་བ་ཞིག་ཀྱང་སྐྱེས་ལ། ཁོང་གི་གདུང་རྒྱུད་ལ་དེ་ལྟ་བུ་མ་བྱུང་བ་མིན་མོད། བར་སྐབས་ནས་གོལ་སར་ཕྱིན་པའི་ཚུལ་འདིར་བསམ་ན་ཁོང་གི་ཐུགས་ལ་ཇི་འདྲ་ཞིག་ཤར་རམ་སྙམ་ནས་དངངས་འཚུབ་ཅིག་ཀྱང་སྐྱེས་བྱུང་།
     རིགས་གསུམ་ལྷ་ཁང་ལས་གཅིག་བཞེངས་མ་ཐུབ་པར་ལུས་པ་དེ་ནི་སྲོང་བཙན་གྱི་ཐུགས་ཀྱི་དགོངས་པའི་རེ་སྨོན་དེ་ཡང་ཆ་ཤས་སུ་གྱུར་ཡོད་པ་མ་ཡིན་ནམ། ངས་སྟོང་འདང་རྒྱག་བཞིན་དབང་མེད་དུ་ཕངས་སེམས་ཤིག་སྐྱེས་བྱུང་།
     འདི་ལྟར་བསམ་ན་ལྷ་ས་ནི་ལྷ་ཡི་ལྷ་ས་མ་ཡིན་ལ། མཇལ་བའི་ལྷ་ས་ཙམ་ཡང་མ་ཡིན་པར་བོད་མི་རིགས་ཀྱི་ལྷ་ས་རེད། འདི་ནི་བདག་གིས་རིགས་གསུམ་མགོན་པོའི་ལྷ་ཁང་ལས་ཚོར་བྱུང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།