འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱི་སྒྲུང་རྩོམ《དགུན་ཉི་ལྡོག》།

རྩོམ་པ་པོ།:འབྲོང་ཕྲུག་ལྷ་ཆེན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-07-13 09:31:00 ཀློག་གྲངས།:

དགུན་ཉི་ལྡོག
འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱིས་བརྩམས།

     "ཝ་ཡེ། ནམ་ལངས་སོང་།"
     སྐད་ཆ་འདི་ནི་ཚེ་རིང་གིས་གཉིད་གོང་ནས་སྒྲོལ་མར་བཤད་པ་འདྲ་ལ། སྒྲོལ་མས་གཉིད་གོང་ནས་ཚེ་རིང་ལ་བཤད་པའང་འདྲ་སྟེ། ཚེ་རིང་གིས་མགོ་བོ་དགྱེ་ནས་བལྟ་དུས། དངོས་གནས་ནམ་ལངས་འདུག
     ནམ་ལངས་མ་ལངས་གང་ཡིན་རུང་། ཉིན་འདི་དག་གི་རིང་ལ། ཚེ་རིང་དང་ངེད་གཉིས་གྲོང་བརྡལ་འདིར་ལས་རྒྱུ་ཅི་ཡང་མེད་པར་ཁོམ་དྲགས་པའི་མི་རྐྱང་དག་དང་འདྲ་བར། མགྲོན་ཁང་འདི་དང་ཁ་གྱེས་ཚེ་གར་འགྲོ་འདི་འགྲོ་ལ་ཁ་ཕྱོགས་མེད་པའི་ལྡོམ་བུ་ཞིག་ལས་མ་འདས།
     ཉི་འོད་ཟ་ཟི་ཞིག་སྒེའུ་ཁུང་གི་ཤེལ་སྒོའི་ངོས་ལས་ཐད་ཀར་མལ་ཁྲིའི་སྟེང་འཕྲོས་ཤིང་། ཏག་ཏག  མལ་ཁྲིའི་སྟེང་ཁ་ཕར་འཁོར་ཏེ་དོར་མ་གྱོན་བཞིན་པའི་སྒྲོལ་མའི་སྒལ་གཞུང་དུ་འཕྲོས་འདུག  གསལ་བོར་བཤད་ན། སྒྲོལ་མའི་ནུ་ཁེབས་གློ་དམར་གྱི་རྒྱབ་ཐིག་སྟེང་འཕྲོས་འདུག རྒྱབ་ཐིག་གི་སྒྲོག་གུའི་སྟེང་འཕྲོས་འདུག ཚེ་རིང་གིས་མདང་དགོང་མུན་ནག་ཁྲོད་དུ་བཀྲོལ་མ་ཐུབ་པའི་སྒྲོག་གུ་དེའི་སྟེང་འཕྲོས་འདུག  སྒྲོག་གུ་དེའང་གློ་དམར་ཞིག་རེད།
     གློ་དམར་ནི་ང་རང་ཆེས་དགའ་བའི་ཁ་དོག་དེ་ཡིན་པས། ངས་དེ་སྔ་ཁ་བྱང་ལ་《མེ་ཏོག་གློ་དམར་》ཞེས་པའི་སྙན་ངག་ཅིག་བྲིས་མྱོང་ལ། 《མགོ་དཀྲིས་གློ་དམར་》ཞེས་པའི་སྒྲུང་གཏམ་ཞིག་ཀྱང་བྲིས་མྱོང་། སྙན་ངག་དང་སྒྲུང་གཏམ་གང་ཡིན་རུང་། ངས་བཤད་འདོད་པ་ནི་ཚེ་རིང་ཁ་དོག་གློ་དམར་ལ་དགའ་བོ་ཡོད་མེད་མི་ཤེས་མོད། ང་རང་ཧ་ཅང་དགའ་བོ་ཡོད་ཅེས་པ་དེ་ཡིན།
     ངས་ཆེས་ཐོག་མར་སྒྲོལ་མ་མཐོང་དུས་སུ། ཁོ་མོས་སྐེ་དཀྲིས་གློ་དམར་ཞིག་དཀྲིས་ཡོད་པ་མ་ཟད། གོས་ལྭ་ལྗང་སེར་དེའི་འོག་ཏུ་སྟོད་གོས་གློ་དམར་ཞིག་གྱོན་འདུག  ཡིན་ནའང་། སྐབས་དེར། ཚེ་རིང་གིས་ཀྱང་ཁོ་མོས་སྒྲོག་གུ་གློ་དམར་ཅན་གྱི་ནུ་ཁེབས་གློ་དམར་ཞིག་བཅིངས་ཡོད་པ་ག་ལ་ཤེས། ཡང་ན། མདང་དགོང་གློག་སྒྲོན་གཟིམས་རྗེས། ཁོས་ཐབས་རྒྱ་ཇུས་སྟོང་གིས་ཕུད་ཐབས་བྱས་པའི་ཁོ་མོའི་གསང་དོར་དེའང་གློ་དམར་ཞིག་ཡིན་སྲིད་དམ།
     "ཅི་རེད། འདང་བརྒྱབ་ནས་སྟོད་ལ་ཤོར་ཐལ།"
     ཚེ་རིང་གིས་མཉམ་འཇོག་དུས། སྒྲོལ་མས་རྐང་སྣམ་ཁ་ལོང་བསྡམ་ཟིན་པ་མ་ཟད། སྟོད་ལྭའི་སྒྲོག་གུ་ཚང་མའང་སྒྲོག་ཟིན།
     "ངས་འུ་གཉིས་ཀྱི་མ་འོངས་པར་འདང་རྒྱག་གིན་ཡོད།"
     སྐད་ཆ་འདི་ནི་ཚེ་རིང་གི་མིད་ཐག་ཡན་གྱི་སྐད་ཆ་ཞིག་ཡིན་མོད། ཁོས་བདེན་ཅོག་ཅོག་གིས་ལག་པ་ཕར་བསྲིངས་ནས་སྒྲོལ་མ་ཚུར་པང་དུ་འཐེན་ཞོར་བཤད་པ་ན། སྒྲོལ་མའི་ངོ་གདོང་ཀྱང་གློ་དམར་ཞིག་ཏུ་གྱུར་ཞིང་། ཕྱིར་བཤོལ་མི་བྱེད་པར་ཚེ་རིང་གི་པང་དུ་འགྱེལ་སོང་།
     "ཁྱོད་ཀྱིས་ཁ་ཡག་བཤད་ཀྱིན་འདུག"
     ཚེ་རིང་གིས་ཁ་ཡག་བཤད་ཀྱིན་པའི་དབང་དུ་བཏང་རུང་། སྒྲོལ་མ་ཐེ་བའི་ན་ཚོད་འདིའི་བུད་མེད་མཐའ་དག་ཁ་ཡག་འདི་རིགས་ལ་དགའ་བ་སུས་མི་ཤེས། ང་ལ་འདི་དང་འདི་ལྟ་བུའི་འཚོ་བའི་ཉམས་མྱོང་སྣ་ཚོགས་ཡོད་དེ། ཉམས་མྱོང་འདི་དག་གིས་སྒྲོལ་མ་ཐེ་བའི་ན་ཚོད་འདིའི་བུད་མེད་མང་པོ་ཞིག་ངའི་བརྩེ་འདང་གི་རྙི་རུ་ཐེབས་ཤིང་། རྙི་རུ་ཐེབས་ནས་ཀྱང་ཐར་མ་ཐུབ་པའི་གཏམ་རྒྱུད་གླིང་བཞིར་གྲགས་མྱོང་ཞེ་ན། སྙིང་ཉེ་བའི་ཀློག་པ་པོ་ཁྱེད་ཅག་རློམ་མི་སྲིད་མོད། ཚེ་རིང་གིས་ཀྱང་ཚོད་ལྟ་ཐེངས་གཅིག་བྱས་པའི་མཇུག་འབྲས་ནི། ད་ལྟ་འུ་ཅག་གི་མིག་ལམ་དུ་བཤམས་ཡོད་པ་འདི་རེད།
     "ངའི་སྐད་ཆའི་ཚིག་མཛོད་དུ་ཁ་ཡག་ཅེས་པའི་ཐ་སྙད་དེ་གཉིས་ཀ་གཏན་ནས་མེད།"
     སྐད་ཆ་དེ་ངག་ནས་ཤོར་རྗེས། ཚེ་རིང་གིས་ད་གཟོད་སྒྲོལ་མས་ལྐོག་གྱུར་གྱི་གབ་དོན་ཅན་གྱི་སྐད་ཆ་འདི་རིགས་ཀྱི་ཧ་གོ་མིན་ལ་དོགས་པ་སྐྱེས་བྱུང་ལ། དོན་དངོས་ཀྱང་ཁོ་མོའི་གདོང་གི་རྣམ་འགྱུར་ལས་ཕྱི་གསལ་ནང་གསལ་དུ་མཐོང་བྱུང་བས། སླར་ཡང་། "ངས་གཞན་སུ་ལའང་ཁ་ཡག་བཤད་སྲིད་མོད། ཁྱོད་གཅིག་པུར་ཁ་ཡག་བཤད་མི་སྲིད་"ཅེས་བཤད་བྱུང་།
     ལོ་འདི་དག་གི་རིང་ལ། ངས་མ་མཐའ་ཡང་སྐད་ཆ་འདི་ཐེངས་བརྒྱ་ལ་བཤད་མེད་རུང་། མི་བརྒྱད་ལ་བཤད་མྱོང་སྟེ། མི་བརྒྱད་པོའང་བུད་མེད་དག་དག་ཡིན་པར་མ་ཟད། བུད་མེད་དེ་དག་ཀྱང་སྐད་ཆ་འདིར་ཆགས་ཏེ། ང་ཚོའི་བར་དུ་རིང་ལ་ཐུང་བའི་བརྩེ་འདང་གི་གཏམ་རྒྱུད་གང་མང་བྱུང་མྱོང་།
     གལ་ཏེ། སྒྲོལ་མའང་བུད་མེད་དེ་དག་གི་ཁྲོད་ཀྱི་གཅིག་ཡིན་ཚེ། ད་ལྟ་ངེད་གཉིས་ཀྱི་བར་དུ་འདི་ལྟ་བུའི་བརྩེ་འདང་གི་གཏམ་རྒྱུད་ཐུང་ངུ་ཞིག་འབྱུང་གིན་པའི་སྒང་ཡིན་འོས་མོད། འོན་ཀྱང་། མདང་དགོང་ང་རང་ཚེ་རིང་གི་སྔུན་ལ་ཆང་གིས་བཟི་ཞིང་། ཚེ་རིང་གི་སྔུན་ལ་གཉིད་དུ་ཤོར་སོང་།
     ཞོགས་པར། ང་རང་ཚེ་རིང་གི་སྔུན་ལ་གཉིད་ལས་སད་དུས། ཚེ་རིང་གིས་སྒྲོལ་མ་ཁྲིད་ནས་ཁང་མིག་གཞན་ཞིག་ཏུ་འཛུལ་ཟིན།
     ཉིས་སྟོང་དྲུག་ལོར་ཧྲང་ཧེ་ཟློས་གར་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས། ང་རང་ཐད་ཀར་ཞིང་ཆེན་བརྙན་འཕྲིན་ཁང་དུ་ལས་བགོས་བྱས་མོད། ངའི་བྱ་བ་ནི་ང་རང་ཆེས་དགའ་ཞིང་ངས་ཆེས་འདོད་པའི་རིག་རྩེད་མདོ་འཛིན་མ་ཡིན་པར་གསར་འགོད་བརྙན་ལེན་རེད། ཡང་ན། དགའ་ཕྱོགས་དང་ཆེད་ལས་གཉིས་ཀ་གོ་ལྡོག་ཐེབས་པས་ཡིན་ཡང་སྲིད་དེ། ང་རང་བརྙན་ལེན་གྱི་བྱ་བར་དགའ་བོ་མེད་པར་མ་ཟད། ནམ་རྒྱུན་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་རེས་མེད་དུ་ཁ་ཆར་བཙག་རླུང་གི་ནམ་ཟླར་འཛེམ་བག་མེད་པར་གཞི་རིམ་དུ་སྐྱོད་ཐེངས་རེ་རེར། རང་ཉིད་ནི་ལས་ངན་ནང་གི་ལས་ཅན་དང་ལས་ཅན་ནང་གི་ལས་ངན་ཞིག་རེད་བསམ་མྱོང་།
     ལས་ཅན་དང་ལས་ངན་གང་ཡིན་རུང་། སྐྱིད་ལ་སྡུག་གི་འཇིག་རྟེན་མི་ཡུལ་འདི་ནས་རང་ལ་ཐེམས་པའི་ལྕགས་ཀྱི་ཅ་ནེ་སྲུང་ཆེད། ང་ནི་འདི་ལྟར་གྲོང་ཁྱེར་ལས་དལ་སྡོད་མེད་པར་གཞི་རིམ་དུ་འགྲོ་དགོས་ཤིང་། གཞི་རིམ་ལས་ད་གཟོད་བྲེལ་རྔམ་མེད་པར་བག་ཡེངས་ཀྱིས་འཚོ་ཆོག
     ཡང་ན། བག་ཡེངས་ཀྱི་འཚོ་བ་འདིས་ང་ལ་སྒྱིད་ལུག་གི་གོམས་གཤིས་འདི་སྐྱེད་པ་ཡིན་ངེས་སྟེ། ངས་སྟོང་བར་ལུས་པའི་ཚེ་རིང་གི་མལ་ཁྲིར་ཅེར་ནས་སྟོང་འདང་རྒྱག་གིན་པའི་བར་སྐབས་དེར། སྒྲོལ་མས་ཁ་ལག་ཀྱང་དཀྲུས་ཚར་ཏེ་ཕྱིར་རང་གི་སྡོད་ཁང་དུ་བུད་སོང་ངེས་ལ། ཚེ་རིང་ཡང་ང་དང་འདྲ་བར་ཧ་ཅང་སྒྱིད་ལུག་གིས་མལ་ཁྲིའི་སྟེང་ཉལ་བསྡད་ཡོད་ངེས། ང་ལ་གར་འོང་འདི་འོང་མི་ཤེས་པའི་ངལ་དུབ་ཅིག་སྐྱེས་ཤིང་མགོ་བོ་ཕྱིར་སྔས་ཐོག་ཏུ་བཞག་མ་ཐག  སྔུར་བ་ཡང་མོ་ཞིག་གིས་སླར་ཡང་གཉིད་ཀྱི་ཞིང་ཁམས་སུ་ཁྲིད་སོང་། རྨི་ལམ་གྱི་ཞིང་ཁམས་སུ་ཁྲིད་སོང་།
     རྨི་ལམ་ལས། ངས་མགོ་དཀྲིས་གློ་དམར་དཀྲིས་པའི་སྒྲོལ་མ་གཞན་ཞིག་མཐོང་བྱུང་། མགོ་དཀྲིས་དམར་བོ་རླུང་ཁར་བསྐྱོད་པའི་སྒྲོལ་མ་གཞན་ཞིག་མཐོང་བྱུང་། ཁོ་མོས་ལུག་ཁྱུའི་མཐའ་ན་འུར་ལྕག་གཡུག་གིན་འདུག  ཁོ་མོས་ལུག་ཁྱུའི་མཐའ་ན་ལ་གཞས་ལེན་གྱིན་འདུག  ཁོ་མོས་ལུག་ཁྱུའི་མཐའ་ན་ལག་བརྡ་བྱེད་ཀྱིན་འདུག  ཐག་རིང་ན་རྟ་ཕོའི་གོམ་ཁ་རླུང་ལ་བསྐྱོད་པའི་སྟག་ཤར་གཞོན་ནུ་ཞིག་ལ་ལག་བརྡ་བྱེད་ཀྱིན་འདུག 
     རིམ་གྱིས་སྟག་ཤར་དེ་ང་ལ་གྱུར་ཞིང་། ངས་འཕྲེད་གླིང་ལས་རྟ་ནག་སྒྲོག་འགྲོས་དབྱངས་སུ་གྱེར་བ་ན། ཁོ་མོས་མགོ་བོ་ངའི་པང་དུ་སྔས་ནས་མིག་ཆུ་གཏོང་གིན་འདུག
     མཚོ་མོས་ཁང་སྒོ་རྡུང་དུས་སུ། ང་རང་རྨི་ལམ་དེ་འདྲ་ཞིག་གི་ཁྲོད་ནས་བཟི་སྣང་འདི་འདྲ་ཞིག་གིས་ཚིམ་ནས་ཡོད།
     ངས་མགོ་བོ་དགྱེ་ནས་"སུ་ཡིན་"དང་"ནང་དུ་ཤོག་"ཅེས་པའི་སྐད་ཆ་གང་རུང་ཞིག་བཤད་བསམ་དུས་སུ། མཚོ་མོས་ཁང་སྒོ་ཕྱེ་ནས་ནང་དུ་འཛུལ་ཡོང་།
     དེ་ནི་མཚོ་མོའི་གོམས་སྲོལ་ཡིན།
     མཚོ་མོས་ཁ་སང་ནང་བཞིན་ཁོག་སྟོད་ལ་བོད་བཟོས་ཀྱི་སྟོད་གོས་ལྗང་ཁུ་དེ་གྱོན་འདུག་པ་དང་། ཁོག་སྨད་ལའང་ཁ་སང་ནང་བཞིན་གླང་རྫིའི་དོར་མ་སྔོན་སྐྱ་དེ་གྱོན་འདུག  རྐང་མགོ་ར་གྱོན་པའི་འདྲུད་ལྷམ་དེ་ནི་ཁ་སང་གྱོན་པའི་ཀོ་ལྷམ་དམར་བོ་དེ་མིན་པར་བལྟས་ན། ཁོ་མོའང་ད་སོ་མར་མལ་ལས་ལངས་པའམ། དེ་རིང་རྒྱ་སྲང་དུ་ཉུལ་བར་འགྲོ་རྩིས་མེད་པ་འདྲ། མ་མཐའ་ཡང་ཁོ་མོས་འདི་ལྟར་ཁ་ལག་མ་བཀྲུས། མགོ་སྐྲ་མ་ཤད། རྫི་མ་མ་བྲིས། མཆུ་རྩི་མ་བྱུགས། འདྲུད་ལྷམ་དྲུད་ནས་རྒྱ་སྲང་ལ་འགྲོ་མི་སྲིད་པ་ངས་ཀྱང་ལོས་ཤེས།
     མཚོ་མོས་མལ་སའི་ནང་བཀུམ་ཙོག་བྱས་པའི་ང་ལ་ཅེར་ནས་བགད་བྱུང་།
     མཚོ་མོར་ཁ་བགད་ན་མིག་ཀྱང་བགོད་པའི་དུས་སྐབས་གང་རུང་ཞིག་ཡོད་དེ། སྐབས་དེ་དག་ཏུ་ཁོ་མོར་ཡིད་སེམས་དགའ་བའི་དོན་དག་ཅིག་ཡོད་པ་མིན་ན། མ་རབས་པྲ་ཆལ་བྱེད་པའི་འདུན་པ་ལྐོག་གྱུར་ཞིག་ཡོད་ངེས།
     ངས་ཁོ་མོའི་རྒྱུན་ལྡན་མིན་པའི་དགོད་སྒྲར་ཉན་ནས་ཅི་བྱ་འདི་བྱ་མི་རྙེད།
     "ཅི་རེད། ཞབས་ཞུ་མ་དེས་ཁྱོད་རང་གླེན་རྟོལ་འདྲ་ཞིག་ཏུ་བསྒྱུར་ཟིན་པ་མ་ཡིན་ནམ།"
     སྐད་ཆ་དེ་བཤད་དུས་ཀྱང་མཚོ་མོའི་གདོང་གི་འཛུམ་མདངས་ཡལ་མེད་མོད། ཁོ་མོའི་སྐད་གདངས་ལས་སྐྱུར་དྲི་ཁ་བོ་ཞིག་མཆེད་ཡོང་།
     དེའང་མཚོ་མོའི་གོམས་སྲོལ་ཡིན་ཏེ། ངེད་གཉིས་ལས་གྲོགས་སུ་གྱུར་ནས་ལོ་ངོ་གསུམ་འགོར་བའི་རིང་ལ། ང་ནི་ཁོ་མོར་ཆ་མེད་རྒྱུས་མེད་ནས་ཡིད་འདྲིས་སེམས་མཐུན་དུ་འགྱུར་མ་ཐུབ་རུང་། ངས་ནི་ཁོ་མོ་ཕྱི་གསལ་ནང་གསལ་དུ་ཤེས་ཡོད་པས། ངས་མདང་དགོང་རང་ཉིད་སྔ་མོ་ནས་ཆང་གིས་བཟི་ཞིང་སྔ་མོ་ནས་གཉིད་ལ་ཤོར་ཚུལ་གསལ་བཤད་མ་བྱས།
     དྲང་མོར་བཤད་ན། གསལ་བཤད་དེ་ལྟ་བུས་ང་རང་ཉིད་ཀྱི་བསམ་དོན་རི་མོ་བཞིན་འགྲུབ་སྲིད་མོད། ཚེ་རིང་གི་བསམ་དོན་རྟ་ཐོག་ནས་ཐང་ལ་ལྷུང་སྲིད་པས། ངས་གྲོགས་པོ་གནག་སྟེ་བུད་མེད་ལ་བསྟུན་ཐབས་ཀྱི་བྱ་སྤྱོད་དེ་འདྲ་སྤེལ་མི་སྲིད།
     ཚེ་རིང་དང་མཚོ་མོ་ངེད་གསུམ་པོ་ལས་གྲོགས་ཡིན།
     ང་ལ་ལས་གྲོགས་ཧ་ཅང་མང་བར་མ་ཟད། རྒན་པ་ནས་གཞོན་པ། སྐྱེས་པ་ནས་བུད་མེད། རོང་བ་ནས་འབྲོག་པ་ལ་སོགས་ཅི་དང་གང་ཡང་ཡོད་མོད། ང་དང་ལས་གྲོགས་དག་གི་འབྲེལ་བ་དེ་འདྲ་བཟང་རྒྱུ་མེད། འབྲེལ་བ་བཟང་རྒྱུ་མེད་པ་དེའང་སྐབས་རེར་ང་རང་ལན་པ་འདྲ་ལ། སྐབས་རེར་ཁོ་ཚོའམ་ཁོ་མོ་ཚོ་ལན་པ་ཡིན་ངེས། གང་ལྟར། ཡོད་ཚད་དངུལ་ལོར་དང་དབང་ཤུགས་ཀྱིས་ཚོད་འཛིན་ཐེབས་པའི་སྤྱི་ཚོགས་འདི་རུ། ང་ལ་གྲོགས་པོ་ཧ་ཅང་གིས་ཉུང་བ་དེ་བཞིན་ཁེར་རྐྱང་དང་སུན་སྣང་ཧ་ཅང་གིས་ཉུང་། རྒྱུ་མཚན་ནི། ངའི་ཧ་ཅང་ཉུང་བའི་གྲོགས་པོ་དེ་དག་ལས་ཧ་ཅང་མང་བ་ནི་བུད་མེད་ཡིན་པས་སོ། །
     "ཅི་རེད། གནོང་ཐོག་ལ་ཁེལ་བ་མ་རེད་དམ།"
     མཚོ་མོས་མུ་མཐུད་དུ་ང་རང་གཏོང་རྩིས་མི་འདུག་པས། ངས་ཀྱང་"ཅི་རེད། ཞོགས་པ་སྔ་མོ་ནས་སྐྱུར་ཁུ་འཐུང་བ་ཡིན་ནམ" ཞེས་བཤད་དགོས་བྱུང་།
     དྲང་མོར་བཤད་ན། མཚོ་མོ་དང་ངེད་གཉིས་ལས་གྲོགས་ཡིན་པ་ལས་མཛའ་གྲོགས་མིན་ལ། བརྒྱ་ལ་ཡིན་པའི་དབང་དུ་བཏང་རུང་། ངེད་གཉིས་གཅིག་གཅིག་གི་སྟེང་ལ་མིག་སེར་ལངས་དགོས་པའི་ཚད་ལ་ད་དུང་ཐོན་མེད། མ་མཐའ་ཡང་། ང་ལ་དེ་འདྲའི་སྣང་བ་མ་བྱུང་།
     ད་ལྟ་སྒེའུ་ཁུང་གི་ཤེལ་སྒོ་ལས་འཕྲོས་ཡོང་བའི་ཉི་ཐིག་ཕྲ་མོ་མལ་ཁྲི་ལས་ཁང་བའི་མཐིལ་ཤིང་སྟེང་ཕོག་འདུག་ལ། མཐིལ་ཤིང་སྟེང་ཕོག་པའི་ཉི་ཟེར་ཕྲ་མོས་མལ་ཁྲིའི་སྟེང་གློ་ཉལ་བྱས་པའི་ང་དང་འབོལ་ཁྲིའི་སྟེང་རྒྱབ་སྔས་བྱས་པའི་མཚོ་མོ་གཉིས་ལ་བར་བཤོལ་བྱེད་པ་དང་འདྲ།
     ཡུན་ཙམ་ལ་སུས་ཀྱང་སུར་ཅི་ཡང་མི་བཤད་པར་ཁུ་སིམ་མེར་ལུས་སོང་།
     "ཁྱོད་སོང་ལ་ཀོ་ལྷམ་གྱོན་དང་། ང་འགྲོར་ཚེ་རིང་འབོད་ཡོང་། དེ་རིང་ང་ཚོས་སྔ་མོར་ནངས་ཇ་འཐུང་དགོས། "ཧ་ཅང་སྟོང་འཇགས་ཀྱིས་བཟོད་དཀའ་བའི་བར་སྐབས་འདིར། ངས་རང་གི་སྐད་ཆའི་བང་མཛོད་ས་སློག་རྡོ་སློག་ཅིག་བྱས་ཀྱང་བར་སྐབས་འདིར་འཚམ་པའི་ཁ་བརྡ་ཞིག་མི་རྙེད་པས། "ཅུང་ཙམ་གྱིས་སྡེ་དཔོན་ཐར་ལོ་ང་ཚོ་ལེན་དུ་ཡོང་ངེས། དེ་རིང་ཅིས་ཀྱང་ཝ་དམར་སྡེ་བར་ཐོན་ཐབས་བྱེད་དགོས་"ཞེས་བཤད་པ་ཡིན།
     "ཁྱོད་ལ་འཐུང་རོགས་ཡོད་པ་མ་ཡིན་ནམ།"
     མཚོ་མོས་ང་རང་གཏོང་རྩིས་མི་འདུག  ཡིན་ནའང་། ངས་ཁོ་མོའི་སྐད་ཆ་དེ་དག་སེམས་ལ་འཛིན་མི་སྲིད་པས། ཡར་ལངས་ནས་ལྭ་བ་གྱོན་ཞོར་དུ་"ང་ལ་ཚེ་རིང་ཁྱོད་གཉིས་མ་གཏོགས་འཐུང་རོགས་གཞན་པ་ཞིག་གང་ན་ཡོད་"ཅེས་བཤད་པ་ཡིན།
     སྐད་ཆ་དེའང་། ཚེ་རིང་གིས་ཆུ་ཚོད་ཕྱེད་ཀའི་ཡར་སྔོན་ལ་སྒྲོལ་མར་བཤད་པའི་"ངས་གཞན་སུ་ལའང་ཁ་ཡག་བཤད་སྲིད་མོད། ཁྱོད་གཅིག་པུར་ཁ་ཡག་བཤད་མི་སྲིད་"ཅེས་པ་ཇི་བཞིན། ངའི་སྐད་ཆའི་བང་མཛོད་ཁྲོད་ཀྱི་བཀོད་ཐེངས་ཆེས་མང་པའི་སྐད་ཆ་ཞིག་སྟེ། སྐད་ཆ་འདི་དང་འདི་ལྟ་བུས་ནམ་རྒྱུན་ངའི་འདོད་ཐོག་ལ་རྟ་རྒྱུག་ཅིང་། ངའི་བསམ་དོན་རི་མོ་བཞིན་འགྲུབ་པར་བྱེད།
  ཚེ་རིང་དང་མཚོ་མོ་ངེད་གསུམ་པོ་དམིགས་མེད་ངང་རྒྱ་ལམ་འཕྲེད་དུ་བཅད་ནས་སོང་བ་ན། གཡོན་ཕྱོགས་ཀྱི་ཁྲོམ་རའི་སྒོ་འགྲམ་ན་བོད་ཟས་ཁང་ཞིག་ཡོད་པ་མཐོང་།
     མཚོ་མོས་ཁོ་མོས་བོད་ཟས་འཐུང་འདོད་ཟེར་བས། ངས་ཀྱང་རྒྱ་ཟས་ཞིམ་ཞེས་མ་བཤད། དྲང་མོར་བཤད་ན། ང་ནི་གྲོང་ཁྱེར་ནས་བོད་ཟས་དྲན་ཞིང་གཞི་རིམ་ནས་རྒྱ་ཟས་འདོད་པའི་སྐྱེས་པ་སྐོར་ལོག་ཅིག་ཡིན་སྟེ། ནམ་རྒྱུན། ཟ་འཐུང་ཁོ་ནའི་སྟེང་ནས་ཀྱང་གྲོགས་པོ་དང་གྲོགས་པོ་མང་པོ་ཞིག་ལ་ཞེ་འགྲས་སུ་སོང་མྱོང་།
     ཉིན་འདི་ཚོར། ང་ལ་འགྲོ་རོགས་དང་འདུག་རོགས་ཀྱི་བུད་མེད་མཚོ་མོ་གཅིག་པུ་མ་ཡིན་ནའང་། ཞོགས་པ་འདིར་ངས་ཁོ་མོས་ཅི་བཤད་དང་དུ་ལེན་འདོད་སྐྱེས་བྱུང་། བསམ་ཚུལ་དེ་འདྲ་ཞིག་ཅིའི་ཕྱིར་སྐྱེས་པར་ང་རང་ལའང་རྒྱུ་མཚན་བཤད་རྒྱུ་མི་འདུག དེ་ནི་ཚོར་བ་གློ་བུར་བ་ཞིག་རེད།
     ཚོར་བ་གློ་བུར་བ་དེས་ངའི་བསམ་གཞིགས་ཀྱི་རྟ་ཕོ་མི་ལོ་གསུམ་གྱི་ཡར་སྔོན་ལ་ཁྲིད་སོང་། མཚོ་མོ་དང་ངེད་གཉིས་ཆེས་ཐོག་མར་ངོ་ཤེས་པའི་ཞོགས་པ་དེར་ཁྲིད་སོང་།
     ཞོགས་པ་དེའང་དགུན་གཞུང་གི་ཞོགས་པ་གཞན་དག་དང་འདྲ་བར་ནམ་ཟླ་ཧ་ཅང་འཁྱག  ཧ་ཅང་འཁྱག་པའི་ནམ་ཟླས་ང་རང་གང་ལའང་འགྲོ་འདོད་མེད་པར་གཞུང་ལས་ཁང་དུ་བཅུག་ཅིང་། ལས་གྲོགས་ཚོ་རང་སར་འཐོར་རྗེས་ཀྱི་ཁང་མིག་ཆེན་པོའི་འདིའི་སྟོང་འཇགས་སྲུང་ནས་བསྡོད་དགོས་བྱུང་སོང་།
     "ཐག་ཐག་ཐག"
     སྐབས་དེར། ཁང་སྒོ་དལ་བུར་རྡུང་བྱུང་།
     ཁང་སྒོ་དལ་བུར་རྡུང་བའི་སྒྲ་དེས། ངས་གློག་ཀླད་དྲ་རྒྱ་ལས་དྲ་མིང་ལ་གཡུ་ཆུང་དྲུག་དཀར་འབོད་པའི་བུད་མེད་ཅིག་ལ་ཁ་བརྡ་བྱེད་པར་བར་ཆད་བཟོས་སོང་།  དྲ་མིང་ལ་གཡུ་ཆུང་དྲུག་དཀར་དུ་འབོད་པའི་བུད་མེད་དེ་དང་ངེད་གཉིས་དྲ་ཐོགས་སུ་ངོ་ཤེས་ནས་ཟླ་ངོ་གཅིག་འགོར་སོང་། ཟླ་ངོ་གཅིག་གི་རིང་ལ་ཁོ་མོས་ང་འདོད་པའི་སྐད་ཆ་བཤད་མ་སོང་ལ། ངས་ཀྱང་ཁོ་མོར་དུངས་པའི་སྐད་ཆ་མ་བཤད། དྲང་མོར་བཤད་ན། ངེད་གཉིས་ཀྱི་བར་ན་མངོན་སུམ་མམ་ལྐོག་གྱུར་གྱི་འདང་བརྩེ་དེ་ད་དུང་འབུས་ཡོད་ཚོད་མི་འདུག
     ཁང་སྒོ་ཕྱེས་ནས་ནང་དུ་འཛུལ་མཁན་ནི་མཚོ་མོ་རེད། སྐབས་ཐོག་དེར། ངས་ད་དུང་ཁོ་མོའི་མིང་ལ་མཚོ་མོ་ཞེས་འབོད་པ་མི་ཤེས་ལ། མཚོ་མོ་དང་ངེད་གཉིས་ལས་གྲོགས་སུ་འགྱུར་སྲིད་པའང་ག་ལ་ཤེས། ཡོད་ཚད་ལས་དབང་གི་བཀོད་སྒྲིག་རེད་ཅེ་ན། ང་ལ་དེ་འདྲའི་ལས་དབང་གི་བཀོད་སྒྲིག་མང་པོ་ཞིག་ཡོད་མི་སྲིད་དེ། ངས་ཁོ་མོར་བྱ་བའི་དོན་དག་ཅི་ཡོད་མ་དྲིས་གོང་། ཚེ་རིང་གིས་ཁང་སྒོ་ཕྱེས་ནས་ནང་དུ་འཛུལ་མ་ཐག་མཚོ་མོ་མཐོང་བ་འདྲ་སྟེ། ཁོས་ཁང་སྒོ་ཕྱིར་གཏད་ཞོར་འཛེམ་དོགས་ཅི་ཡང་མེད་པར། "ཨ་ཙི། ད་མ་འགྲིག  ངས་ཁྱེད་གཉིས་ཀྱི་དོན་བཟང་ལ་བར་ཆད་བཟོས་སོང་"ཟེར་དུས་ཀྱང་། ངའི་དྲན་པ་ཧྲིལ་བོ་སྟོང་བསང་ངེར་ཅི་བྱ་གཏོལ་མེད་ཀྱི་བར་སྐབས་འདིར་ལས་དབང་ཞེས་པའི་ཐ་སྙད་དེ་གློ་བུར་དྲན་མ་སོང་།
     མི་ལོ་གསུམ་གྱི་རྗེས་ཀྱི་དེ་རིང་ཡང་། ངས་ད་དུང་ཁོ་མོའི་ཅུང་དམར་བོར་གྱུར་བའི་མཁུར་ཚོས་གོང་གི་ཆེ་ལ་སྒོར་བའི་མིག་ཟུང་གིས། ང་རང་གཏོང་གིན་མི་འདུག་པའི་ཉམས་སྣང་དེ་དྲན་གྱིན་འདུག
     "ཁྱོད་གངས་དགའ་མ་ཡིན་ནམ།"
     སྐད་ཆ་དེ་མཚོ་མོའི་ངག་ནས་མ་བུད་གོང་ནས་བཟུང་། ཁོ་མོའི་ཟུར་མིག་གིས་ང་རང་རྨས་ཏེ་དྲན་པ་ཧྲིལ་བོ་སྟོང་བར་བཟོས་སོང་བས། ངའི་ངག་ནས་"ཨ་"དང་"ཨུན་"ལྟ་བུའི་སྐད་ཆ་ཆལ་ཆོལ་རེ་ལས་ཕྱིར་ཐོན་མ་སོང་།
     "རེད། འཆུག་མ་སོང་། ཁོ་ནི་མ་བོས་རྒྱང་གྲག་ཅན་དང་བོས་ན་མིང་གྲག་ཅན་གྱི་གངས་དགའ་རེད།"
     ཚེ་རིང་སྐབས་འདིར་འདྲ་ཞིག་ལ་ཕྱིར་སླེབས་ཤིང་། ཚེ་རིང་ཕྱིར་སླེབས་མ་ཐག་ཁ་ཚོད་མེད་ནང་ནས་སྐད་ཆ་འདི་ཚོད་མེད་བཤད་པར་མ་ཟད། མཚོ་མོའི་ཉེ་འགྲམ་གྱི་རྐུབ་སྟེགས་ཤིག་ཁོ་མོའི་སྔུན་ལ་དེད་དེ་ཙོག་ཏུ་བཅུག་སོང་།
     "ངས་ཁྱོད་ཀྱི་སྙན་ངག་བཀླགས་མྱོང་།"
     སྐད་ཆ་དེ་བཤད་ཞོར། མཚོ་མོས་སླར་ཡང་ང་ལ་ཅེར་བྱུང་། ཁོ་མོའི་ཆེ་ལ་སྒོར་བའི་མིག་ཟུང་དེས་ང་རང་གཏོང་རྩིས་མི་འདུག་པས། ངས་ལག་ཏུ་གང་ཡོང་གིས་ལས་རྒྱུ་ཞིག་བཙལ་ནའང་། ངའི་མདུན་ཅོག་ཀྱང་ངའི་སེམས་པ་ཇི་བཞིན་སྟོང་སྟོང་དུ་འདུག་པས། ངའི་ལག་ཏུ་ལས་རྒྱུ་ཅི་ཡང་མ་ཡོང་།
     ཚེ་རིང་གིས་ངའི་ཚུགས་ཀ་དེ་མཐོང་སོང་བས་ཡིན་ནམ། ཁོས་མུ་མཐུད་དུ་ང་ལ་དཀའ་ལས་མི་གཏོད་པར་ཁ་མཚོ་མོའི་ཕྱོགས་སུ་འཁོར་ཏེ། "དེ་ན་འགྲིག་འདུག  དེ་རིང་ནས་བཟུང་། གངས་དགར་ཀློག་མཁན་ཞིག་གིས་ཇེ་མང་ལ་སོང་བ་རེད་ལ། ང་ལའང་ལས་གྲོགས་ཤིག་གིས་ཇ་མང་ལ་བུད་སོང་བ་རེད"་ཟེར།
     མ་གཞི། ཚེ་རིང་དང་མཚོ་མོ་གཉིས་སློབ་ཆེན་གྱི་སློབ་གྲོགས་ཡིན་འདུག ཚེ་རིང་དང་གངས་དགའ་གཉིས་སློབ་ཆེན་གྱི་སློབ་གྲོགས་ཡིན་པས། ཚེ་རིང་གིས་འཛེམ་དོགས་མེད་པར་ཀུ་རེ་དེ་འདྲ་ཞིག་རྩེད་པར་མ་ཟད། ཀུ་རེ་དེའི་ནང་དོན་ཀྱང་སྔ་མོ་ནས་འཁྲབ་གཞུང་དུ་སྒྲིག་པར་མ་ཟད། སློབ་གྲོགས་མཚོ་མོས་མཉམ་འབྲེལ་གྱིས་འཁྲབ་སྟོན་བྱས་པ་ཡིན་ཡང་སྲིད་དེ། ངས་ནམ་ཡང་ཁོ་གཉིས་ལ་ཉིན་དེའི་དོན་དག་གི་སྐོར་གཏིང་འདྲི་བྱས་མ་མྱོང་། ཐ་ན། དོན་ངོ་མར་མཚོ་མོས་ངའི་སྙན་ངག་བཀླགས་མྱོང་མིན་ཀྱང་དྲིས་མ་མྱོང་།
     ང་ལ་མཚོན་ན། མཚོ་མོས་ངའི་སྙན་ངག་བཀླགས་མྱོང་དང་མ་མྱོང་གང་ཡིན་རུང་། བརྩེ་མེད་ཀྱི་གྲོང་ཁྱེར་འདི་འདྲ་ཞིག་ནས་རང་དང་ན་མཉམ་གྱི་ལས་གྲོགས་ཤིག་ཇེ་མང་དུ་སོང་བ་དེ་ལས་ལྷག་པ་ཞིག་མི་འདུག 
     དྲི་མེད་ཀུན་ལྡན་ཞེས་པའི་བོད་ཟས་ཁང་དེ་ནི་གྲོང་བརྡལ་འདིའི་བོད་ཟས་ཁང་ཆེས་ལེགས་ཤོས་དེ་ཡིན་མི་སྲིད།
     ངས་ཟས་ཐོ་མཚོ་མོའི་སྔུན་དུ་དེད་རྗེས། དྲི་མེད་ཀུན་ལྡན་གྱི་ཐང་ག་ཆེན་པོ་ཞིག་དཔྱངས་ཡོད་པའི་ཟ་ཁང་འདི་དང་། དྲི་མེད་ཀུན་ལྡན་གྱི་སྦྱིན་པའི་མཐར་ཕྱིན་བར་གྱི་འབྲེལ་བར་འདང་སྐོར་ལོག་ཅིག་རྒྱག་དགོས་བྱུང་། ངས་འདང་སྐོར་ལོག་ཅིག་རྒྱག་གིན་པའི་བར་སྐབས་དེར། ཚེ་རིང་ནི་ངའི་ཁོག་གི་རྒྱུ་འབུ་ཞིག་དང་འདྲ་བར་ཅུང་བགད་ནས། "ཁྱོད་ཀྱིས་དྲི་མེད་ཀུན་ལྡན་ཚང་གིས་རིན་མེད་ཟས་མགྲོན་བྱེད་པར་རེ་བ་མ་འཆང་"ཞེས་བཤད་བྱུང་།
     སྐད་ཆ་དེ་ངའི་གནོང་ཇོག་ལ་ཁེལ་སོང་བས། ངས་ཀྱང་རྒྱང་ལ་ཤོར་བའི་སེམས་པ་ནང་དུ་སྡུད་ཞོར་ཀུ་རེ་དང་དོན་གཏམ་འདྲེས་མའི་ངང་གིས་"ངས་དེ་ལ་འདང་རྒྱག་མི་སྲིད། དེ་རིང་གི་སྦྱིན་བདག་ཁྱོད་ཀྱི་རེས་ལ་བབས་ཡོད་པ་མ་ཡིན་ནམ་"ཞེས་བཤད་པ་ཡིན།
     སྐད་ཆ་དེ་ཚེ་རིང་གིས་མདང་དགོང་གཟུགས་ཀྱི་ཉི་མ་ཆང་ཁང་དུ་ང་ལ་བཤད་པ་ཡིན་པས། ངས་ཀྱང་ཁོ་ལ་སྐྱིན་པ་རྡོ་ལོག་འདྲ་ཞིག་མི་ལེན་ག་ལ་སྲིད།
     མདང་དགོང་། ཚེ་རིང་གིས་མིང་ལ་སྒྲོལ་མར་འབོད་པའི་བུད་མེད་ཅིག་ཁྲིད་ཡོང་ཞིང་། བུད་མེད་དེ་གྲོང་བརྡལ་འདིའི་གླུ་མ་མིང་གྲགས་ཅན་ཞིག་ཡིན་པར་བཤད་བྱུང་། ང་ནི་གླུ་གར་ལ་དེ་འདྲ་བྱང་ཆ་མེད་མོད། གླུ་གར་གྱི་དགའ་ཞེན་ཧ་ཅང་ཆེ་བའི་སྐྱེས་པ་ཞིག་ཡིན་པ་མ་ཟད། བུད་མེད་གླུ་མའི་གླུ་སྐད་ཉམས་སུ་མྱོང་བར་དགའ་བོ་ཡོད།
     སྒྲོལ་མས་སྐེ་དཀྲིས་གློ་དམར་ཞིག་དཀྲིས་ཡོད་པ་མ་ཟད། གོས་ལྭ་ལྗང་སེར་དེའི་འོག་ཏུ་སྟོད་གོས་གློ་དམར་ཞིག་གྱོན་འདུག  ཡིན་ནའང་། སྐབས་དེར། ཚེ་རིང་གིས་ཀྱང་ཁོ་མོའི་སྟོད་གོས་གློ་དམར་དེའི་འོག་ཏུ་སྒྲོག་གུ་གློ་དམར་ཅན་གྱི་ནུ་ཁེབས་གློ་དམར་ཞིག་བཅིངས་ཡོད་པ་ག་ལ་ཤེས།
     སྒྲོལ་མ་ནི་བུ་མོ་ཁ་ཡང་ཁོག་ཡང་ཞིག་ཡིན་པ་འདྲ་སྟེ། མ་མཐའ་ཡང་སྐབས་དེར། ཁོ་མོའི་ལུས་སྟེང་ན་འདོམ་ཡང་ཞིག་ཀྱང་ཡིན་པའི་ཚུགས་ཀ་མི་འདུག་པས། ངས་ཀྱང་གསར་དུ་ངོ་ཤེས་པའི་གྲོགས་མོ་འདིའི་ཆེད་དུ་བྲང་ཁུག་ལས་སྒོར་ཁུག་བཏོན་སྟེ། སེར་སྣ་མེད་པར་ཝུ་ཆང་སྒམ་ཆུང་གསུམ་ཉོས་པ་ཡིན།
     ཝུ་ཆང་སྒམ་ཆུང་དང་པོ་ཚར་ལ་ཉེ་དུས་སུ། ང་རང་ཅུང་བཟི་བར་གྱུར་ཞིང་། ངའི་ཉམས་སྣང་ལ་ཚེ་རིང་དང་སྒྲོལ་མ་གཉིས་ཀྱི་བར་ལ་རིང་ལ་ཐུང་བའི་གཏམ་རྒྱུད་ཅིག་འབྱུང་སྲིད་པའི་ཚོར་བ་སྐྱེས་ཤིང་། ཝུ་ཆང་སྒམ་ཆུང་གཉིས་པ་ཚར་ལ་ཉེ་དུས།  ང་རང་སྔུན་མ་བྱས་ནས་བཟི་སོང་། སྔུན་མ་བྱས་ནས་ལོག་སོང་། ཅི་ཡང་མི་ཤེས་པར་གྱུར་སོང་།
     ངས་ཤེས་པ་ནི། ང་རང་ཆང་གིས་མ་བཟི་གོང་ཚེ་རིང་གིས་སྒྲོལ་མར་དཔུང་བ་བསྣོལ་ནས་ཝུ་ཆང་ཤེལ་ཕོར་གང་འཐུང་རྗེས། ང་ལའང་ཁོ་མོ་དང་དཔུང་བ་བསྣོལ་ནས་ཝུ་ཆང་ཤེལ་ཕོར་གང་འཐུང་བའི་གོ་སྐབས་བྱིན་པ་དེ་རེད་ལ། དེའི་རྐྱེན་གྱིས། ངས་སླར་ཡང་ཝུ་ཆང་སྒམ་ཆུང་གང་གི་སྟེང་ལ་སྒམ་ཆུང་གཞན་ཞིག་བསྣན་ནས་ཉོས་པ་དེ་རེད།
     དྲང་མོར་བཤད་ན། ངས་ཚེ་རིང་ལ་ནངས་ཇའི་རྩིས་རྒྱག་ཏུ་འཇུག་དོན་ནི། ང་ལ་ཝུ་ཆང་སྒམ་ཆུང་གསུམ་གྱི་རིན་འབབ་ཀྱི་ན་ཟུག་ཡོད་པས་མ་ཡིན་ལ། ཁོས་ང་རང་ཆང་ཁང་དུ་བསྐྱུར་ནས་སྔུན་ལ་མགྲོན་ཁང་དུ་བུད་སོང་བ་དེའང་མ་ཡིན་པར། ཁོས་སྒྲོལ་མ་བསྐྱོར་མ་དྲུད་ཀྱིས་བུད་སོང་བ་དེ་ཡིན་པ་འདྲ་སྟེ། དེའི་རྗེས་སུ་བྱུང་བའི་དོན་དག་དེའང་མིན་མི་སྲིད།
     "ཡང་འདང་བརྒྱབ་ནས་སྟོད་ལ་ཤོར་ཐལ།"
     མཚོ་མོས་འགྱིག་གི་ཐུར་མ་གློ་དམར་ཞིག་ང་ལ་སྟེར་ཞོར་དེ་ལྟར་བཤད་བྱུང་།
     "ཁོ་ཐག་རིང་ལ་ཞིག་ལ་ཐོན་མི་སྲིད།"
     ཚེ་རིང་གིས་སྐད་ཆ་དེ་ལྟར་བཤད་པར་རྒྱུ་མཚན་མེད་པ་ཞིག་མ་ཡིན་པར། དེ་ནི་ཁོ་རང་ང་ལ་ཆ་རྒྱུས་ཡོད་པས་རེད། དངོས་གནས། ང་ནི་མངོན་སུམ་གྱི་འཚོ་བའི་ཁྲོད་དུ་ལྟ་ཅི། ལྐོག་རྒྱུར་གྱི་འདང་རྒྱག་ཁྲོད་དུའང་བསམ་ཐོག་ལ་རྟ་རྒྱུག་ཐུབ་པའི་མི་ཞིག་མིན། དེ་ནི་ང་རང་སྐྱེས་པ་ཧམ་སེམས་ཅན་ཞིག་མིན་ཟེར་བ་མ་ཡིན་པར། ངའི་ཧམ་སེམས་ཀྱིས་ང་རང་སྡུག་ལ་སྦྱོར་བ་ལས། ངའི་ཧམ་སེམས་ཀྱིས་ང་ལ་ཧམ་སེམས་ཁོ་ན་མ་གཏོགས་གཞན་ཅི་ཡང་སྦྱིན་མི་ཐུབ་པས་ཡིན།
     མཚོ་མོས་མུ་མཐུད་དུ་ཅི་ཡང་བཤད་མ་བྱུང་། ཚེ་རིང་གིས་ཀྱང་མི་མཐུད་དུ་ཅི་ཡང་བཤད་མ་བྱུང་།
     ཞོགས་པ་འདིར། མགྲོན་པོ་ཧ་ཅང་ཉུང་བའི་ལྷིང་འཇགས་ཀྱི་ཟ་ཁང་འདིའི་ནང་དུ། 《སངས་རྒྱས་སྒྲོལ་མ་》ཞེས་པའི་འཇམ་སྙན་རོལ་དབྱངས་ཞིག་དལ་གྱིས་གྲག་གིན་འདུག  རོལ་དབྱངས་དེ་མདང་དགོང་སྒྲོལ་མས་བླངས་པའི་གླུ་དབྱངས་དེའི་རམ་འདེགས་རོལ་དབྱངས་ཡིན་པས། ངས་སླར་ཡང་སྒྲོལ་མས་གླུ་དབྱངས་ལེན་པའི་ཉམས་སྣང་དེ་དྲན་བྱུང་།
     ཡང་ན། རོལ་དབྱངས་དེས་ང་ལ་ཟས་ཀྱི་ཡི་ག་ཆེ་ཆེར་ཕྱེས་པ་འདྲ་སྟེ། ཤ་མོག་སྡེར་མ་གང་ཟས་ཚར་དུས་འོ་ཇ་དཀར་ཡོལ་དོ་འཐུང་ཟིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།