དཔའ་ཚེ་རིང་གི་སྙན་ངག་བདམས་བཀོད། གཉིས་པ།

རྩོམ་པ་པོ།:དཔའ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-04-27 17:20:00 ཀློག་གྲངས།:

དུས་བཞི། ངའི་སྙན་ངག་གི་གྲུབ་ཆ་གསོན་པོ།


         རི་སྐྱེས་མེ་ཏོག་ལ་གསར་བྱུང་གི་ལང་ཚོས་བརྒྱན་བཞིན་ནོར་འཛིན་བུ་མོས་གཉིད་སད་ཀྱི་ཁ་ལག་བཀྲུས་ན།དཔྱིད་ཀ འཁྱག་རོམ་གྱི་ཀློང་ནས་རྙེད་པའི་ཚེ་སྲོག་གི་་དྭངས་མ་ཡིན་ལ་ཞིང་བ་རྒན་པོས་འབྱུང་འགྱུར་གྱི་ས་བོན་སེམས་སུ་འདེབས་པའི་དུས་བཞིའི་ཐོག་མའང་ཡིན། ལྷུང་ལྷུང་འབབ་པའི་ཆུ་ཕྲན་དྭངས་མོས་བརྩེ་བ་དྲོན་མོ་ཕྱོགས་བཞིར་བསྩལ་ཏེ་སྲོག་ལྡན་ཡིད་ཀྱི་དུངས་བ་སྐྱོང་བཞིན་རྟོག་སད་ཀྱི་་གཞས་ཆུང་སྤང་ཐང་ནས་གྱེར་ན།  དཔྱིད་ཀ ངའི་སྙན་ངག་གི་ལང་ཚོ་ཡིན།མེ་ཏོག ངའི་སྙན་ངག་གི་མཆོད་པ་ཡིན།
                                                                            ཁ

      སྤྲིན་དཀར་གྱི་འདབ་མ་མཁའ་དབྱིངས་སུ་རྒྱུ་བཞིན་རྫི་བོའི་མཛའ་གཞས་ཕྱོགས་བཞི་རུ་གསལ་དུས། དབྱར་ཁ ས་གཞིའི་ང་གདོང་ལ་སྔོ་ལྗང་གི་ཚོན་མདངས་བྱུགས་པའི་རྒྱན་ཆ་ཡིན་ཞིང་མེ་ཏོག་གི་དཀྱིལ་འཁོར་ན་གཡུ་སྦྲང་གིས་མཛའ་གཞས་སྐྱོར་བའི་མི་ཡུལ་གྱི་མཛེས་སྡུག་ཀྱང་ཡིན། སྦྲ་ནག་གི་འཚེར་ས་རུ་དུ་བའི་འཇའ་རིས་སྤྲིན་དཀར་དང་འདྲེས་བཞིན་རེ་སྙེག་གི་གོམ་ཁ་རྩྭ་ཐང་ནས་ཆས་ན། དབྱར་ཁངའི་སྙན་ངག་གི་གསོན་ཤུགས་ཡིན། རྫི་གླུ ངའི་སྙན་ངག་གི་དབྱངས་རྟ་ཡིན།
                                                                            
      གསེར་མདོག་གི་སྙེ་མས་མགོ་བོ་དུད་བཞིན་ཞིང་བ་རྒན་པོའི་གདོང་ལ་འཛུམ་མདངས་རེ་རྒྱས་ན།  སྟོན་ཀ སོ་ནམ་པ་ཡི་རྨི་ལམ་སྦྲུམ་པའི་རེ་སྒུག་གི་ལོ་ཟླ་ཡིན་ལ། སྔོ་ལྗང་གི་གོས་བཟང་གསེར་མདོག་གི་འབྲས་བུར་བརྗེ་བའི་མི་ཡུལ་གྱི་དགའ་སྟོན་ཡང་ཡིན། མེ་ཏོག་གི་གསེབ་ན་གཡུ་སྦྲང་གིས་གྱེས་བརྡ་གཏོང་བཞིན་མདུན་སྐྱོད་ཀྱི་བློ་སྤོབས་བོད་པའི་སེམས་ཁམས་སུ་བཀོད་ན། སྟོན་ཀ ངའི་སྙན་ངག་གི་རྣམ་ཤེས་ཡིན། ལོ་ཏོག  ངའི་སྙན་ངག་གི་བླ་སྲོག་ཡིན།
                                                                           
       འཁྱག་རླུང་ལྡོམ་པོས་རྩི་ཤིང་གི་ལང་ཚོ་བཅོམ་བཞིན་ཆུ་ཕྲན་དྭངས་མོའི་འཕྱ་འཕྱོར་གྱི་གོམ་འགྲོས་གཏོར་ན།དགུན་ཁ ནོར་འཛིན་བུ་མོས་གོས་དཀར་གྱི་ལྭ་བ་གྱོན་པའི་དུས་བཞིའི་མཐའ་མ་ཡིན་ལ་ཚེ་སྲོག་གསར་བའི་ས་བོན་སྦྲུམ་བའི་གཞན་ཕན་གྱི་ལྷག་བསམ་ཡང་ཡིན། རབ་དཀར་ཁ་བའི་མེ་ཏོག་མཐོན་པོའི་དགུང་ནས་གཏོར་བཞིན་འཕག་འཚག་གི་ངུ་རྒྱངས་གངས་རྩེ་ནས་གསལ་ན།  དགུན་ཁ  ངའི་སྙན་ངག་གི་སྒུག་ཤུགས་ཡིན། ཁ་བ། ངའི་སྙན་ངག་གི་རང་མདངས་ཡིན།


ཚིག་དང་ཐ་སྙད་ཀྱི་དར་དཀར་རིང་མོ།

__བུ་མོ་བསོད་ནམས་ལྷ་མོའི་སྐྱེས་སྐར་ལ་ཕུལ་བའི་སེམས་ཀྱི་རང་སྒྲ

རྒྱང་རིང་གི་ཡུལ་གྲུ་འདི་ན ངས་གྲང་ཤུར་ཤུར་གྱི་ཁང་མིག་ལས་ཕ་ཡུལ་ལ་ལྟ་བཞིན
ཁྱོད་ཀྱི་འདྲ་པར་སྔས་སུ་བྱས་ནས་འབྱུང་འགྱུར་ལྷན་འཛོམས་ཀྱི་ལས་དབང་ལ་སྔོ་ལྗང་གི་ཁ་དོག་བྱུག་དུས
ཁྱོད་ནི་མི་ཡུལ་ལ་བབས་པའི་ལྷའི་དབང་བོ་བརྒྱ་བྱིན་གྱི་སྲས་མོ་ཇི་བཞིན
ལྷ་ཡུལ་གྱི་མངའ་ཐང་དང་ལོངས་སྤྱོད་རྒྱང་དུ་བསྐྱུར་ཏེ
མི་ཡུལ་གྱི་ས་རྒོད་ཐང་སྐྱ་འདི་རུ སུ་ཞིག་དྲན་གྱིན་ཅི་ཞིག་སྒོམ་ནས་འོང་བ་ཡིན

བསོད་ནམས་ལྷ་མོ
ངའི་ཡིད་སེམས་ཀྱི་རི་ལུང་ན་མཛེས་སྡུག་གིས་བཞད་པའི་འཇམ་མཉེན་གྱི་པད་དཀར་ཆུན་པོ
ཁྱོད་ཀྱི་ཡིད་འོང་གི་འདབ་བརྒྱ་ཨ་མའི་ལྟུངས་བ་ན་ཐོག་མར་བཞད་དུས
ངའི་འཆར་ཡན་གྱི་རྨི་ལམ་མཐའ་དག་འོད་སྣང་དང་སྤྲོ་དགས་ཁེངས་ཤིང
ངའི་ཁེར་རྐྱང་གི་སེམས་པ་དེར་འཇའ་ཚོན་གྱི་གུར་ཁང་ཕུབ་པས

བསོད་ནམས་ལྷ་མོ
ཁྱོད་ནི་ཨ་ཕའི་མི་ཡུལ་དུ་ལུས་པའི་འགྱུར་མེད་ཀྱི་དྲན་ཤིང་གསོན་པོ་ཞིག་དང
ཁྱོད་ནི་ཨ་ཕའི་མིག་མཐའ་ནས་བཞུད་ཅིང་སྙིང་དབུས་ན་བཞད་པའི་མཛེས་སྡུག་གི་མེ་ཏོག་རྐང་གཅིག་ཡིན

དེ་རིང    ངས་ལྗིད་ཏིག་ཏིག་གི་སེམས་པ་ལག་པས་སྐྱོར་བཞིན
ནང་སེམས་ཀྱི་དྲན་གདུང་དང་སྨོན་པ་ཡོད་ཚད  དྲི་མེད་བརྩེ་སེམས་ཀྱི་དར་དཀར་དུ་འཐག་སྟེ
ཁྱོད་ཀྱི་སྐྱེས་སྐར་གྱི་གསོལ་སྟོན་ལ་ཚིག་དང་ཐ་སྙད་ཀྱིས་ལེགས་སྐྱེས་འབུལ་ན་འདོད

བསོད་ནམས་ལྷ་མོ
ངའི་ཚེ་སྔོན་ལ་བོར་ཡང་ཚེ་འདིར་རྙེད་ཟིན་པའི་དྲན་གདུང་གི་མིག་ཆུ་རྡོག་པོ
དེ་རིང་ནི ཉི་ཟླའི་འཕྲོད་སྦྱོར་གྱི་གཟའ་སྐར་ཡག་ཅིང་རྟགས་དང་ཚད་མའི་རྟེན་འབྲེལ་འཛོམས་པས
ངས་ཀྱང་གཙང་གསུམ་གྱི་འགོ་ཁུངས་འདི་རུ དངུལ་དཀར་གྱི་ཆང་ཕོར་དགུང་ལ་འདེག་བཞིན
ཁྱོད་ཀྱི་འཛུམ་མུར་མུར་གྱི་ངོ་གདོང་དེ རང་སེམས་ཀྱི་ཟབ་ས་ན་བརྩེ་བ་ཡིས་རུམ་ཡོད་པས

བསོད་ནམས་ལྷ་མོ
འདི་ནི་ཁྱོད་དང་ང་ལ་དབང་བའི་གཏམ་རྒྱུད་རིང་མོ་ཞིག་གི་དབུ་ཁྱུད་ཡིན་ལ

འདི་ནི་ཁྱོད་ཀྱི་སྐྱེས་སྐར་ལ་ཕུལ་བའི་བརྩེ་སེམས་རྣལ་མ་ཞིག་གི་རང་མདངས་ཡིན


ནང་སེམས་ཀྱི་སྒེའུ་ཁུང་།


      མི་ཚེ་ནི་གདམ་བྱ་སྣ་མང་གིས་གྲུབ་པའི་བཤུལ་ལམ་རིང་མོ་ཞིག་ཡིན་ན། ང་ཡི་གདམ་བྱ་ནི་ཚིག་དང་ཐ་སྙད་ཀྱི་གསེབ་ན་ཕྱུར་བའི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་གསོན་པོ་དེ་དག་ཡིན།
                                                                           
      མ་གཞིར། མི་ཚེ་ནི་ཀྱག་ཀྱོག་གི་ལམ་ཕྲན་ཞིག མུན་ནག་མདའ་འཕེན་ལྟ་བུའི་འདོད་པ་གང་མང་ཞིག་གི་ཆེད་དུ་ང་ཚོ་མཆན་སྟོང་ལག་སྟོང་ངང་འོང་ཞིང་། མཐར་མཆན་སྟོང་ལག་སྟོང་ངང་ཕྱིར་བགྲོད་པ་ནི་ཆོས་ཉིད་ཅིག་ཏུ་གྲུབ་ནའང་། ངའི་ལང་ཚོའི་ཁྲག་ཐིགས་རེ་རེ་མ་ཡུམ་གངས་རི་ལ་ཟས་རིན་ཙམ་གྱི་དོད་དུ་དམར་མཆོད་བྱས་ཀྱང་མོས།
                                                                           
      དྲང་བདེན་ནི་ངའི་སྙན་ངག་གི་བླ་སྲོག་ཡིན་ལ། སྙན་ངག་ནི་ངའི་ལང་ཚོའི་གླུ་སྐད་ཡིན།དགའ་སྐྱོ་འདྲེས་མའི་འཇིག་རྟེན་གྱི་རྩེད་ར་འདི་ན། རང་ཉིད་ཁོ་ནར་དབང་བའི་གླུ་སྐད་ཅིག་དང་བདེན་ལུགས་ཚད་མར་འཛིན་པའི་མི་གཤིས་ཀྱི་མཛེས་པ་ཞིག་མེད་ཚེ། དེ་ནི་འདམ་རྫབ་ཁྲོད་ཀྱི་སྙིགས་རོ་དང་གཞན་དབང་གི་རྗེས་སུ་འབྲང་ཞིང་སྒེར་ཚུགས་ཀྱི་བསམ་བློ་མེད་པའི་བེམ་པོ་དང་གཉིས་སུ་མེད། དེ་བས་ང་ནི་ནམ་ཡང་ཚུལ་ཁྲིམས་ཀྱིས་གནས་ཤིང་མཆོང་ལྡིང་ལ་ཞེན་བའི་ཉམ་ཆུང་གི་འཐབ་མོ་བ་ཞིག་ཡིན།
                                                                           
      སྙན་ངག་ནི་སྙན་ངག་པའི་ཁ་ཆེམས་ཤིག་སྟེ། རྟོག་མཚོན་གང་རུང་གིས་བྲིས་པའི་ཐ་སྙད་རེ་རེའི་གསེབ་ན།ཁོ་བོའི་མིག་ཆུ་དང་ལ་རྒྱ། གཞན་ད་དུང་དགའ་སྐྱོ་གང་རུང་གི་གསང་བ་ཐམས་ཅད་སྤང་ཐང་གི་མེ་ཏོག་བཞིན་ཁྲ་ཆིལ་ལེར་བཞད་ཡོད་པས། ངས་ཀྱང་ཁྱོད་ལ་ཟླ་བ་དང་ཀུ་མུད་ཀྱི་གཏམ་རྒྱུད་བཤད་ཀྱང་ཆོག
                                                                             
       སྙན་ངག་གིས་སྟོང་བ་རྟེན་འབྱུང་གི་ཆོས་ཉིད་ཟབ་མོ་རྟོགས་དཀའ་ཡང་། འཁོར་བ་བྱེ་ཐང་གི་ཁམས་ན་ཉུལ་གྱིན་པའི་ཁྱོད་ཀྱི་སེམས་ལྗོངས་ལ་བསིལ་གྲིབ་ཀྱི་བདེ་བ་སྦྱིན་པས།དེ་ནི་སྙིང་རྗེའི་རང་གཟུགས་ཤིག་སྟེ། འཕགས་པ་སྤྱན་རས་གཟིགས་མི་ཡུལ་དུ་བྱོན་པའི་གཟུགས་མེད་ཀྱི་ལུང་སྐུ་ཞིག
                                                                             
       སྙན་ངག ངའི་ལ་རྒྱ་དང་ཚེ་སྲོག་གི་དུང་བརྡ་རིང་མོ་ཨ། དབྱར་གསུམ་གྱི་ཚ་སྐོམ་དང་དགུན་གསུམ་གྱི་གྲང་རླུང་རྒོད་ཚེ། ཁྱོད་ནི་ངའི་ཡིད་སེམས་ཀྱི་རི་ལུང་ཐང་གསུམ་དུ་རྟག་བརྟན་གྱིས་བཞད་པའི་ཆེས་མཛེས་སྡུག་གི་མེ་ཏོག་རྐང་གཅིག

རེ་བའི་ལྗང་མྱུག་ཆུན་པོ།

ཧི་མ་ལ་ཡའི་ཅོད་པན་གངས་རི་འབུམ་གྱི་གཙུག་གི་རྒྱན་དུ་མཛེས༎
ཁྲི་ཤོར་རྒྱལ་མོའི་རླབས་ཕྲེང་བོད་པ་སྟོང་གི་ཡིད་ཀྱི་གསོས་སྨན་འཛིན༎
བཀའ་བསྟན་བསིལ་མའི་སྦྲང་ཆར་འཇོ་བཞིན་རྣམ་དཔྱོད་རིག་པའི་གཟི་འོད་འཕྲོ༎
མཐའ་བཞིའི་ཁམས་ལ་སྤྱང་ལྟར་འཇབ་ནས་བོད་པའི་སྙན་གྲགས་རླུང་ལྟར་ཁྱབ༎

མ་ཤི་སྤོབས་པས་གངས་རིའི་ཀློང་ན་སྲིད་འབྱོར་རིག་གི་འཕྲིན་ལས་སྤེལ༎
སྲིད་པའི་རྩེ་ཡི་སྦྲ་ནག་གྲུ་བཞི་ཕྱག་ན་པད་མོའི་ཚལ་ལ་འགྲན༎
བསླུ་མེད་དཀོན་མཆོག་མགོན་དུ་མཆོད་པས་ལས་དབང་དམར་པོ་གཞན་ལ་བཅོལ༎
མི་འདོད་ས་ཡོམ་བཙན་པོས་བརྩེ་མེད་ཁྲག་གི་རི་མོ་ཕྱོགས་བཞིར་བཤམས༎

ཟླུམ་གཟུགས་གོ་ལའི་གཡོ་སྟངས་ཤིག་གིས་རུས་གཅིག་སྤུན་ཟླ་སོ་སོར་གཏོར༎
མི་སྡུག་ལས་དབང་སླུད་བྲིད་རྒོད་པས་རང་སེམས་ཕྲ་མོ་འཁྱགས་པས་བསྡམས༎
མི་རྟག་འཁོར་བའི་བདེ་སྡུག་བསམ་བཞིན་ཁྲ་ཆུང་མིག་ཟུང་མཆི་མས་བརླན༎
གོད་ཆག་ས་བོན་ཧོབ་ཀྱིས་སྟོར་པས་བསྐལ་བ་སྟོང་གི་སྐྱོ་གར་བཟོས༎

མ་བོས་འཆི་བདག་བཀའ་ཡིག་བཙན་པོས་མི་རྟག་ལུས་བརྟེན་འཇའ་བཞིན་ཡལ༎
རྐྱེན་ངན་རླུང་ནག་མངར་ཁ་རྣོན་པས་རང་ཁྱིམ་དྲོན་མོ་ཐལ་བར་བརླགས༎
གཤིན་རྗེའི་ཕོ་ཉའི་ཞགས་པས་ལས་བསྡུས་མ་བུར་གོད་ཆག་དོག་གི་གཙེས༎
བཟོད་དཀའི་སྐྱོ་སྡུག་རིང་དུ་བརྒལ་ནས་འཚོ་བ་གསར་བའི་གོམ་ཁ་བསྒྱུར༎

ཡུལ་གྱི་བསོད་ནམས་ཟད་པས་སྙིང་ལ་བརྣག་དཀའི་ན་ཟུག་ཆེས་ཆེར་བཟོས༎
ཡུལ་ཕྱོགས་སྐྱེ་དགུ་ཁམས་ལ་ལུགས་ལྡོག་ཁྲག་གི་མཚོ་མོ་མངོན་སུན་བསྐྱིལ༎
ཡུལ་མི་བཀྲེས་ལྟོགས་ཆོམ་པའི་ཞགས་པས་བཅིངས་ནས་སྨྲེ་ངག་འདོན་པའི་ཚེ༎
ཡུལ་གྲུ་སོ་སོའི་སྤུན་ཟླས་བརྩེ་བའི་ཕྱག་སོར་སྐྱེ་དགུའི་མདོ་རུ་བསྲིངས༎

རྩོམ་པ་པོ་ནི་ཡུལ་ཤུལ་གྲོང་ཁྱེར་མི་རིགས་སློབ་འབྲིང་དང་པོའི་དགེ་རྒན་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།