ངོས་དང་པོ > རྩོམ་རིག > དེང་རབས་བརྩམས་ཆོས། > ༄༅།།དབུ་མ་ཐལ་ལྡོག་ལ་དཔྱད་པ་ལུང་རིགས་རྡོ་རྗེ་གཟེགས་མའི་མགྲིན་དབྱངས།
༄༅།།དབུ་མ་ཐལ་ལྡོག་ལ་དཔྱད་པ་ལུང་རིགས་རྡོ་རྗེ་གཟེགས་མའི་མགྲིན་དབྱངས།
རྩོམ་པ་པོ།:འབྲོང་དཔལ་ཚེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-01-12 11:31:00
ཀློག་གྲངས།:
ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ།།
བརྗོད་པས་མཚན་མོ་ཟ་བར་འཕངས་པ་བཞིན།།
བདག་སྐྱེ་བཀག་ཅིང་སྐྱེ་བ་བརྗོད་པ་ན།།
གཞན་སྐྱེ་གྲུབ་པས་སྐྱོན་དག་འབབ་ཅེས་གསུངས།།
རྩ་ཊཱིཀ་ལུང་དོན་འདི་ཉིད་ཁོ་ན་ཞེས།།
སྟོང་ཐུན་ཆེན་མོར་ལེགས་པར་བསྟན་པ་གང་།།
རྗེ་བཙུན་རིགས་པའི་དབང་ཕྱུག་ཆོས་ཀྱི་རྗེས།།
ལེགས་པར་བཤད་པ་ཟབ་ཅེས་ཆེ་བ་གནང་།།
སྐྱེ་བར་གྲུབ་ན་རྒྱུ་ལས་གསར་སྐྱེས་སུ།།
འགྲུབ་པས་བདག་སྐྱེ་ཁེག་པ་དེ་ཡི་ཕྱིར།།
བདག་སྐྱེ་འགོག་ནུས་བསྟན་ཚིག་མ་བསྟན་ཏེ།།
ཕྱོགས་ཆོས་གྲུབ་ན་བསྒྲུབ་བྱ་ངེས་ཕྱིར་རོ།།
ཁ་ཅིག་ཡང་སྒྲ་དགོངས་པར་འདོད་པ་སྟེ།།
སླར་ཡང་སྐྱེ་བ་དོན་མེད་ཐུག་མེད་ཐལ།།
བདག་ལས་སྐྱེས་ཕྱིར་ཞེས་པ་ཐལ་འགྱུར་དང་།།
དེ་ཉིད་ལྡོག་པ་སྐབས་འདིའི་རྟགས་སུ་འདོད།།
གཞན་སྐྱེ་འཕེན་ཚུལ་ཇི་ལྟར་ཡིན་སྙམ་ན།།
སླར་ཡང་སྐྱེ་བ་དོན་བཅས་ཐུག་བཅས་དང་།།
མྱུ་གུ་བདག་ལས་སྐྱེ་བ་བཀག་པ་ན།།
གཞན་སྐྱེ་དོན་གྱིས་འགྲུབ་པ་ཡིན་ཞེས་བཞེད།།
དཔལ་མགོན་འཕགས་པ་ཀླུ་ཡི་གཞུང་ལུགས་ལས།།
དངོས་རྣམས་སླར་ཡང་སྐྱེ་བ་མི་བཞེད་ལ།།
བདག་སྐྱེ་འགོག་པའི་བསྒྲུབ་བྱ་མེད་དགག་ཏུ།།
གསུངས་ཕྱིར་གྲུབ་པའི་མཐའ་དང་འགལ་ཞེས་གསུངས།།
སླར་ཡང་ཞེས་པའི་ཡང་སྒྲ་མ་དགོངས་ན།།
ཐལ་འགྱུར་ལྡོག་དོན་སླར་ཡང་སྐྱེ་བ་ནི།།
ཕ་རོལ་གྲངས་ཅན་པ་དང་འབྲེལ་ཡིན་གྱི།།
ཁོ་བོར་མིན་ཞེས་གསུངས་བ་འབྲེལ་མེད་འགྱུར།།
ཕྱོགས་སྔའི་གཏམ་འདི་ཧ་ཅང་མི་འཐད་དེ།།
སླར་ཡང་སྐྱེ་བ་དོན་བཅས་བཀོད་པ་ན།།
ཕྱོགས་ཆོས་མ་གྲུབ་ཁྱབ་པ་འགལ་ཁྱབ་ཏུ།།
སོང་ཕྱིར་འདི་ལས་ལྷག་པའི་སྐྱོན་ཞིག་ཅི།།
གཞན་སྐྱེ་ཡོད་པ་ཀླུ་སྒྲུབ་དགོངས་པ་རུ།།
ལེགས་ལྡན་འབྱེད་ཀྱིས་འདོད་པ་ཡིན་པས་ན།།
དེ་ཉིད་འདོད་ན་སློབ་དཔོན་དང་འགལ་ཞེས།།
རྩོད་པའི་ཀླན་ཀ་ཤིན་ཏུ་འབྲེལ་མེད་གྱུར།།
གུང་རི་རྒྱལ་མཚན་བཟང་བོས་སྟོང་ཐུན་དུ།།
ཡང་སྒྲ་དགོངས་པའི་སྒྲུབ་བྱེད་འདི་ལྟར་འཆད།།
སླར་ཡང་སྐྱེ་བ་དོན་མེད་ཐུག་མེད་དུ།།
ཐལ་བ་འཕངས་བ་ལེགས་ལྡན་འབྱེད་དགོངས་ཏེ།།
སངས་རྒྱས་བསྐྱངས་ཀྱིས་དེ་ལྟར་བཀག་པ་ལ།།
ཐལ་བའི་ལྡོག་དོན་ཁས་ལེན་དགོས་སོ་ཞེས།།
ལེགས་ལྡན་འབྱེད་ཀྱིས་བཀག་པ་སྐྱོན་མེད་དུ།།་
ཟླ་བས་སྐྱོན་སྤང་མཛད་པས་ཤེས་ནུས་གསུངས།།
ཐལ་རྟགས་ལྡོག་པས་བདག་སྐྱེ་མེད་པ་ཉིད།།
བསྒྲུབ་བྱ་ཡིན་པར་གསུངས་པ་མི་འཐད་དེ།།
བསྒྲུབ་པར་བྱ་བ་བཟློག་དགོས་ཚུལ་དེ་ཡིས།།
བདག་སྐྱེ་བཟློག་གི་བདག་སྐྱེ་མེད་པ་མིན།།
རྗེ་ཡིས་རྩ་ཤེས་ཊཱིཀ་ཀར་འདི་ལྟར་གསུངས།།
ཐལ་ཆོས་གང་དེའི་རྟགས་ཉིད་བཟློག་མིན་ཏེ།།
བསྒྲུབ་པར་བྱ་བ་བཟློག་པས་ཞེས་འབྱུང་ཞིང་།།
བདག་སྐྱེ་མེད་པ་རྟགས་སུ་མ་སྨྲས་ཕྱིར།།
འདི་ལྟར་སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་ཀྱི།།
འགྲེལ་བཤད་ལས་ཀྱང་འབྱུང་དེ་དེ་ཉིད་ལས།།
བསྒྲུབ་པར་བྱ་བ་བདག་སྐྱེ་མེད་པ་དང་།།
དེ་ཉིད་བཟློག་པས་གཞན་སྐྱེར་འགྱུར་ཞེས་གསུངས།།
ཐལ་བར་འགྱུར་བ་ཞེས་སོགས་ཚིག་དེ་ཡིས།།
ཡང་སྒྲ་དགོངས་པར་བསྟན་པ་མ་ཡིན་གྱི།།
ལྡོག་སྟེ་མ་དགོངས་ཚུལ་ལུགས་མངོན་པར་གསལ།།
ཐོག་མར་ཚིག་ངོས་རོབ་ཙམ་ལྟ་བར་བྱ།།
ཐལ་བར་འགྱུར་བ་བཟློག་པའི་བཟློག་དོན་ནི།།
སྐྱེ་བ་དོན་མེད་ཐུག་མེད་ཙམ་མིན་གྱི།།
སླར་ཡང་སྐྱེ་བར་གོ་དགོས་དེ་ཡི་ཕྱིར།།
དེ་ཉིད་བསྟན་པར་ལན་འདི་གནང་བ་སྟེ།།
གལ་སྲིད་ཡང་སྒྲས་བསྟན་དོན་ངེས་ཡོད་ན།།
སླར་ཡང་སྐྱེ་བ་དོན་མེད་ཐུག་མེད་ཉིད།།
ཐལ་འགྱུར་ཐལ་ཆོས་ཡིན་པ་ངེས་ཟིན་པས།།
ལན་འདི་བཏབ་པར་འབྲེལ་མེད་འགྱུར་བ་སྟེ།།
འགྲེལ་ངག་གང་དེའི་ཐལ་ཆོས་བཟློག་པའི་དོན།།
སངས་རྒྱས་བསྐྱངས་ཀྱིས་ཁས་བླངས་མིན་ནོ་ཞེས།།
བཀག་པའི་ངལ་བ་ཟླ་བས་ཅི་ལ་བྱེད།།
ལེགས་ལྡན་འབྱེད་ལ་གྲུབ་ཟིན་ཡིན་ཕྱིར་རོ།།
ཁ་ཅིག་ཡང་སྒྲ་དགོས་པར་འདོད་པ་དང་།།
གཞན་སྐྱེ་བསྟན་ཚུལ་འདི་ལྟར་འཆད་པ་སྟེ།།
སླར་ཡང་སྐྱེ་བ་དོན་བཅས་རྟགས་ཡིན་ན།།
མྱུ་གུ་རྒྱུ་ཡི་དུས་སུ་ཡོད་དགོས་ལ།།
རྒྱུ་དང་ངོ་བོ་གཅིག་ན་བདག་སྐྱེར་འགྱུར།།
ཐ་དད་སྐྱེ་ན་དོན་དམ་སྐྱེ་འགྱུར་ཞིང་།
གཞན་ལས་དོན་དམ་སྐྱེ་ན་ཀླུ་སྒྲུབ་ཀྱི།།
གྲུབ་མཐར་འགལ་བའི་ཉེས་པ་བསྟན་ཞེས་གསུངས།།
ཚུལ་འདི་རྗེ་ཡི་རྩ་ཊཱིཀ་ཆེན་མོ་དང་།།
ཡེ་ནས་འགལ་བའི་བཤད་པ་འབའ་ཞིག་སྟེ།།
ཡང་སྒྲ་དགོངས་ན་ཤེས་རབ་སྒྲོན་མེ་རུ།།
རྒྱས་བཤད་མི་དྲངས་དགོས་པ་གང་ལ་ཐུག།
ཡང་སྒྲ་དགོངས་མིན་དཔྱད་པའི་གཞི་དེ་ནི།།
མདོར་བསྟན་ཁོ་ནའོ་དེ་ཉིད་འཆད་པ་ལ།།
འགྲེལ་བཤད་སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་ལས།།
ཡང་སྒྲས་བསྟན་དོན་ཟུར་ཙམ་གླེང་བ་མེད།།
ད་ནི་གང་དུ་བཀོད་པའི་ཀླན་ཀ་དག །
སངས་རྒྱས་བསྐྱངས་ལ་འཇུག་མིན་ཚུལ་དེ་ཡང་།།
འཆད་ལ་ཟླ་བ་གྲགས་པའི་ཚིག་གསལ་དུ།།
ཇི་ལྟར་བསྟན་པ་བཞིན་དུ་འདིར་བརྗོད་བྱ།།
དཔེ་དང་གཏན་ཚིགས་མ་བརྗོད་ཅེས་སྨྲས་པ།།
རང་རྒྱུད་ཟེར་རམ་གཞན་གྲགས་གཏན་ཚིག་ཟེར།།
དང་པོ་ལྟར་ན་ཉེས་པར་མི་འགྱུར་ཏེ།།
འགལ་བརྗོད་ཐལ་བས་ལོག་རྟོག་བཟློག་ནུས་ཕྱིར།།
རང་གི་ཁས་བླང་འགལ་བར་མཐོང་བ་ན།།
ད་དུང་ལོག་རྟོག་མི་བཟློག་མྱོས་པའི་གཏམ།།
བཟློག་ན་བདག་སྐྱེ་མེད་པར་འཛིན་པ་ཡི།།
རྗེས་དཔག་སྐྱེ་བས་དགོས་པ་འགྲུབ་པར་འགྱུར།།
མཐའ་བྲལ་ལྟ་ལ་ཞུགས་པའི་དབུ་མ་བས།།
རང་རྒྱུད་ཁས་ལེན་རིགས་པ་མ་ཡིན་ཏེ།།
ཕྱོགས་གཞན་རང་མཚན་ཁས་ལེན་མི་འཐད་པས།།
དེ་ཉིད་མ་བཀོད་ཉེས་པར་ཅི་ལ་འགྱུར།།
གཞན་གྲགས་ཟེར་ན་ཉེས་པ་མི་འབབ་སྟེ།།
བསྒྲུབ་བྱ་རྟོགས་པར་གཏན་ཚིག་མི་དགོས་ལ།།
དགོས་རུང་དེ་ཉིད་བསྟན་པ་གསལ་བའི་ཕྱིར།།
ཀླན་ཀ་འཇུག་པའི་སྐབས་ཤིག་འཚོལ་དུ་མེད།།
དངོས་པོ་ཞེས་པས་རྩོད་གཞི་ཆོས་ཅན་དང་།།
བདག་གི་བདག་ཉིད་ཅེས་པས་གཏན་ཚིགས་བསྟན།།
རྣམས་ལ་ཞེས་པས་མཐུན་དཔེ་བསྟན་པ་སྟེ།།
དོན་སྦྱོར་ཡན་ལག་ལྔ་ལྡན་ཟོལ་གྱིས་འཆད།།
ཡན་ལག་ལྔ་ནི་དམ་བཅའ་བརྗོད་པ་དང་།།
ཁྱབ་པ་བརྗོད་དང་དེ་ཉིད་དཔེ་ལ་སྦྱར།།
ཉེར་བསྟོད་མཇུག་སྡུད་བཅས་པ་ལྔ་ཀ་ནི།།
འགྲེལ་ངག་དང་པོར་འདི་ལ་ཚང་བ་ལགས།།
གཞན་གྱི་ཉེས་པ་མ་བསལ་སྐྱོན་མེད་དེ།།
གསལ་ཟིན་བུམ་པ་མཐུན་དཔེར་བཟུང་བ་ན།།
ཡོད་པའི་རྟགས་ཀྱིས་མ་གསལ་སྐྱོན་ཁེགས་པས།།
ཉེས་འགལ་འདི་དག་སྟོང་པའི་དབྱིངས་སུ་འོ།།
བཟློག་དོན་ཁས་བླང་སྐྱོན་ཡང་མེད་པ་སྟེ།།
ཐལ་འགྱུར་བཟློག་དོན་གྲངས་ཅན་དང་འབྲེལ་གྱི།།
ཁོ་བོ་ཅག་ལ་ཕྱོགས་དེ་མེད་པས་ན།།
གྲུབ་པའི་མཐའ་དང་འགལ་བ་ག་ལ་ཡོད།།
ལེགས་ལྡན་འབྱེད་ཀྱིས་བཀོད་པའི་ཐལ་བ་ཀུན།།
སངས་རྒྱས་བསྐྱངས་ལ་ཉེས་པའི་སྐབས་མེད་ལ།།
མ་ཟད་རང་ལ་ལྡོག་སྟེ་འབབ་པས་ན།།
ཆོས་ཅན་མཐུན་སྣང་སྐོར་ནས་ཉུང་ཙམ་གླེང་།།
ལེགས་ལྡན་འབྱེད་ཀྱིས་བཀོད་པའི་ཐལ་ངག་ལ།།
དོན་དམ་ནང་གི་སྐྱེ་མཆེད་འདི་རྣམས་ནི།།
བདག་ལས་སྐྱེ་བ་མེད་དེ་ཡོད་པའི་ཕྱིར།།
དཔེར་ན་ཤེས་པ་ཡོད་པ་བཞིན་ནོ་གསུངས།།
འདི་ཉིད་འགོག་པར་དབུ་མ་ཚིག་གསལ་དུ།།
ཟླ་བ་གྲགས་པས་འདི་ལྟར་གསུངས་བ་སྟེ།།
རྟོག་གེ་བ་འདིས་རྟོག་གེའི་བསྟན་བཅོས་ལ།།
རང་ཉིད་མཁས་པར་བསྟན་འདོད་ཙམ་ཞིག་གིས།།
དབུ་མའི་ལྟ་བ་ཁས་ལེན་འདོད་བཞིན་དུ།།
རང་རྒྱུད་སྦྱོར་ངག་བརྗོད་པ་གང་ཡིན་པ།།
ཤིན་ཏུ་ཉེས་པ་དུ་མའི་ཚོགས་ཡིན་པས།།
ཚུལ་གཉིས་ཕྱེས་ཏེ་ཕྱོགས་དེ་འདི་ལྟར་བཀག།
དོན་དམ་བྱས་པའི་དགག་བྱའི་ཁྱད་པར་ནི།།
བསྒྲུབ་བྱར་བརྗོད་དམ་ཆོས་ཅན་ཉིད་ལ་སྦྱར།།
བདེན་གཉིས་གང་ལ་སྦྱར་ན་མི་འཐད་པས།།
དེ་ཉིད་ཚུལ་གཉིས་ཕྱེས་ནས་འཕཊ་པས་བཀག །
དང་པོ་བསྒྲུབ་བྱའི་ཆོས་ལ་སྦྱར་ན་ནི།།
སྔ་རྒོལ་དབུ་མ་པ་ལ་དོན་མེད་དེ།།
བདག་སྐྱེ་ཐ་སྙད་དུ་ཡང་མི་འདོད་པས།།
དེ་ཉིད་མེད་པར་གྲུབ་ཟིན་སྒྲུབ་ཕྱིར་རོ།།
ཕྱི་རྒོལ་གྲངས་ཅན་པ་ལ་དོན་མེད་དེ།།
བདེན་པ་གཉིས་ལས་ཉམས་པའི་མུ་སྟེགས་པ།།
བདེན་པ་གཉིས་ཆར་དུའང་འགོག་རིགས་པས།།
དོན་དམ་གཅིག་པར་སྦྱར་བ་ག་ལ་འཐད།།
ཀུན་རྫོབ་ཙམ་དུ་བདག་སྐྱེ་མེད་པས་ན།།
དོན་དམ་སྦྱར་བ་དགོས་པ་གཞན་མེད་ལ།།
དེ་ཉིད་ཁེག་རུང་བདག་སྐྱེ་མི་ཁེགས་པས།།
དོན་དམ་བྱས་པ་ཚིག་སྦྱོར་ཙམ་དུ་ཟད།།
དེའི་ཕྱིར་མདོ་ལས་མྱུ་གུ་ལ་སོགས་ཀུན།།
བདག་དང་གཞན་པ་གཉིས་ཀ་རྒྱུ་མེད་དང་།།
དབང་ཕྱུག་དུས་དང་ཕྲ་རགས་རང་བཞིན་ལས།།
མ་བྱུང་ཞེས་པ་ཆ་མཉམ་བཀག་ནས་གསུངས།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།