དཔེ་ཀློག་འགྲུལ་བཞུད།
རྩོམ་པ་པོ།:སྙིང་མོ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-10-26 09:52:00
ཀློག་གྲངས།:
དཔེ་ཀློག་འགྲུལ་བཞུད།
སྙིང་མོ་སྐྱིད། བོད་ལྗོངས་ལྷ་ས།
དཔེ་ཆ་ནི་རྩྭ་ཐང་དུ་བཞད་པའི་མེ་ཏོག་ཞིག་ཡིན་པའི་དབང་དུ་བཏང་ན། ང་ནི་མེ་ཏོག་དེ་ལ་རྩེན་པའི་རྐང་དྲུག་བུང་བ་འམ་ཕྱེ་མ་ལེབ་དེ་ཡིན་རེད། མིག་ལ་མཛེས་པའི་ཁ་དོག་དང་། སྣ་ལ་ཞིམ་པའི་དྲི་ངད། རེག་བྱར་འཇམ་ཞིང་མཉེན་པའི་འདབ་མ། ད་དུང་མེ་ཏོག་གི་ཟེའུ་འབྲུ་དང་མེ་ཏོག་གི་རོ་བཅུད་སོགས་ནི་དཔེ་ཆར་མངའ་བའི་ཁྱད་གཞི་དང་ཁྱད་ཆོས་ཡིན་ལ། དེ་ནི་ང་དང་ང་འདྲ་བའི་མི་རྣམས་ཀྱི་བློ་ཡིད་འགུགས་པའི་ལྕགས་ཀྱུ་རྣོན་པོ་དེ་ཡིན་ནོ།།དཔེ་ཆ་དང་ངེད་གཉིས་ཐེངས་དང་པོ་ངོ་ཤེས་དུས་ནི་ང་རང་ལོ་བདུན་ལ་བུད་ནས་སློབ་གྲྭའི་སྒོ་ཐེམ་བརྒལ་ཏེ་ཀ་ཁའི་གླུ་དབྱངས་གྱེར་འགོ་བརྩམས་པའི་དུས་དེར་ཡིན་ལ། བྱིས་དུས་ཀྱི་དྲན་པའི་སྤོས་ཤེལ་ལ་རི་མོ་བཞིན་བརྐོས་ཡོད་པ་ནི་དགེ་རྒན་གྱིས་སློབ་གྲྭ་ཚོགས་པའི་ཉིན་དང་པོར་ང་ལ་སྐད་ཡིག་དང་རྩིས་རིག རྒྱ་ཡིག་གི་དཔེ་ཆ་གསུམ་སྤྲད་པའི་རྣམ་པ་དེ་རེད། དེ་ནི་ཐེངས་དང་པོར་རང་ཉིད་ལ་དཔེ་ཆ་གསུམ་དབང་བས། དཔེ་ཆ་ཀློག་མི་ཤེས་པའི་ངས་མགྱོགས་པོར་དཔེ་ཆའི་ནང་གི་རི་མོར་བལྟས་པ་ཡིན་ལ།སྙིང་རྗེ་བའི་རི་མོ་དེ་དག་གིས་ངའི་ཡིད་ཀྱི་བརྟན་པ་ཡོངས་སུ་འཕྲོག་སོང་། དེ་དུས་ཡི་གེ་གཅིག་ཀྱང་མི་ཤེས་པས་ནང་དོན་ཧ་མི་གོ་ཡང་རི་མོ་རེ་རེར་རང་གིས་ཚོད་དཔག་བྱས་ཏེ་གྲོགས་པོ་གྲོགས་མོ་རྣམས་ལ་འགྲེལ་བཤད་བརྒྱབ་པ་ཡིན།
ང་རང་བསླབ་དེབ་དག་དང་འགྲོགས་ནས་རྩེད་ཞོར་སློབ་ཞོར་ལ་མིག་རྡེབ་དབང་ཙམ་གྱིས་ལོ་དྲུག་གི་སློབ་ཆུང་གི་འཚོ་བ་མཇུག་རྫོགས་ཏེ་སློབ་འབྲིང་དུ་བསླེབས་བྱུང་། དེ་ནི་ང་རང་ཐེངས་དང་པོ་ཕ་ཡུལ་དང་ཁ་བྲལ་ནས་ས་ཆ་གཞན་ལ་བསླེབས་པ་མ་ཟད། མཚན་མོ་ཡང་སློབ་གྲྭ་ནས་ཞག་འདུག་བྱེད་དགོས་པས། ཕ་ཡུལ་དང་གཉེན་ཉེ་དྲན་ནས་ཁེར་རྐྱང་གི་གདུང་བས་མནར་ཏེ། ཉིན་མ་གཅིག་དེ་ལོ་གཅིག་ལས་རིང་བའི་སྣང་བ་བྱུང་། སྐབས་དེར་ང་ཚོའི་འཛིན་གྲྭའི་ནང་དུ་དཔལ་དོན་གྲུབ་རྒྱལ་གྱིས་བརྩམས་པའི་སྒྲུང་གཏམ་ཕྱོགས་བསྒྲིགས་ཀྱི་དེབ་དེ་རེས་མོས་སུ་འཁོར་ནས་ལྟ་ཀློག་བྱེད་ཀྱིན་འདུག ང་ཡང་དེབ་དེ་ལྟ་འདོད་ཤིན་ཏུ་ཆེ་བས། སྔ་ས་ནས་པང་བསྒྲིག་ཏེ་སྒུག་སྒུག་མཐར་ལག་ཏུ་རེག་བྱུང་། དེ་ནི་ངས་ཐེངས་དང་པོར་སློབ་དེབ་ཕུད་པའི་དཔེ་ཆ་གཞན་ཞིག་ལ་བལྟས་པ་ཡིན་པས། སློབ་ཁྲིད་ཀྱི་བར་གསེང་ནས་དུས་ཚོད་བཙལ་ཏེ་གང་མགྱོགས་བལྟས་ཚར་བ་ཡིན་ཞིང་། དཔེ་ཆའི་ནང་གི་གཏིང་ཟབ་པའི་མི་ཚེའི་གཏན་ཚིགས་དང་ཟོལ་མེད་བརྩེ་དུང་གིས་ཕྱུག་པའི་ཚིག་འབྲུ་དེ་དག་གིས་ངའི་ཡིད་དབང་རབ་ཏུ་བཀུག་ཅིང་། སེམས་ཀྱི་སེམས་ངལ་ཡོངས་རྫོགས་ཀྱང་གར་སོང་ཆ་མེད་དུ་གྱུར་སོང་། དེ་ལྟར་ཐེངས་དང་པོའི་སློབ་ཕྱིའི་དཔེ་ཀློག་གིས་ངའི་སེམས་ཀྱི་གཅོང་ནད་སོས་པས་དེ་ཉིད་ངའི་དགའ་སྐྱོ་ཕྱི་རུ་འཕོ་སའི་སྙིང་ཉེ་ལྟ་བུར་གྱུར་སོང་ལ། ཁེར་རྐྱང་དང་དཀའ་སྡུག་གི་ལོ་ཟླ་དེ་ཡང་བདེ་བླག་ངང་ཕར་བསྐྱལ་ཐུབ་སོང་། དུས་དེ་ནས་བཟུང་ངས་བལྟས་འདོད་པའི་དཔེ་ཆ་དག་གནམ་སར་བཟུང་ནས་ལུས་དང་འབྲལ་མེད་དུ་ཁྱེར་ཏེ་ཧུར་ཐག་གིས་ལྟ་ཀློག་བྱས་པ་ཡིན་ཞིང་། གང་ཐུབ་ཅི་ཐུབ་ཀྱིས་རང་ཉིད་དགའ་བའི་དཔེ་ཆ་གྲངས་མེད་པ་ཞིག་ཕྱོགས་ཡར་མར་ནས་གཡར་ཏེ་བལྟས་མྱོང་བ་སྟེ། སྒྲུང་གཏམ་གསར་བའི་རླབས་རིས་མཁའ་ལ་འཕྱུར་བའི་དུས་དེབ་དང་སྐད་གཉིས་སྨྲ་བའི་སྙུག་གུ་ལས་འཕོས་པའི་སྒྱུར་རྩོམ། ད་དུང་བརྗོད་དོན་གྱི་འབྲས་བུ་གཡུར་དུ་ཟ་བའི་སྙན་རྩོམ། སྣ་ཚོགས་ཤེས་བྱའི་གནས་ཀུན་ཚུལ་བཞིན་དུ་གསལ་བའི་དཔྱད་རྩོམ་སོགས་ཡོད། ངའི་སྣང་ངོར་རང་ཉིད་དགའ་བའི་དཔེ་ཆ་ཀློག་པ་ནི་བདེ་སྐྱིད་དང་འོད་སྣང་སྦྱིན་པའི་གོ་རིམ་ཞིག་རེད་སྙམ་བྱུང་།
སློབ་འབྲིང་གི་སྐབས་སུ་སྦྱངས་བྱའི་རྣམ་གྲངས་མང་བས། སློབ་དེབ་ལས་དཔེ་ཆ་གཞན་པར་ལྟ་བའི་དུས་ཚོད་མང་པོ་མེད་ཀྱང་། རྒྱའི་རྩོམ་པ་པོ་ལུའུ་ཞུན་གྱིས་དུས་ཚོད་ནི་ཤིང་བལ་ནང་གི་ཆུ་དང་འདྲ་བས། ཁྱེད་ཀྱིས་ག་ཚོད་བཙིར་ན་དེ་ཙམ་གྱིས་མང་བ་ཡོད་ཅེས་གསུངས་བ་ངོ་མ་བདེན་ཏེ། ངས་རང་གིས་རང་ལ་ཟླ་རེར་དཔེ་ཆ་རེ་ལྟ་བའི་འཆར་གཞི་བཟོས་ཏེ། རང་ནུས་ཅི་ཡོད་བཏོན་ནས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་དུས་ཚོད་བཙལ་ཏེ་དཔེ་ཀློག་བྱས་པ་ཡིན། སློབ་སྦྱོང་གི་བྲེལ་ཟིང་ཁྲོད་ནས་དུས་ཚོད་བཙིར་ཏེ་དཔེ་ཆ་བལྟ་བའི་ཚོར་བ་དེ་ནི་ལྷུང་ལྷུང་འབབ་པའི་ཆུ་མིག་གི་རྒྱུན་དང་འདྲ་བར་ན་ཚོད་གཞོན་པའི་ངའི་སྐོམ་གདུང་གི་སེམས་ཁམས་དེ་བརླན་པར་བྱས་བྱུང་། ཡིན་ནའང་མཚམས་ལ་རེར་ང་རང་ཡང་རྣམ་གཡེང་གི་དབང་དུ་སོང་ནས་ལེ་ལོ་སྐྱེས་པའི་དུས་ཡང་ཡོད་དེ། སྐབས་དེ་དུས་ངས་དཔེ་ཆའི་ནང་གི་ཉམས་མྱོང་གིས་ཕྱོགས་སྡོམ་དང་ལག་ལེན་གྱིས་བདེན་དཔང་བྱས་པའི་མཁས་པའི་ལེགས་བཤད་དང་གསུང་བྱིན་རླབས་ཅན་དེ་དག་དྲན་གསོས་ནས་རང་གིས་རང་ལ་བརྩོན་འགྲུས་ཀྱི་བེར་ཀས་རྣམ་པར་སྐུལ་ཅིང་། ཡང་མཚམས་ལ་རེར་སློབ་སྦྱོང་གི་གནོན་ཤུགས་འོག་ཡི་ཆད་སྐྱེས་པའི་སྐབས་སུ་རང་གིས་རང་ལ་སྐུལ་ལྕག་བཏང་ནས་རེ་བ་ཡི་མེ་རྟ་ཧར་གྱིས་སྒྲོན་ཏེ་རྒྱུན་འཁྱོངས་ལྷོད་མེད་ངང་བརྩོན་འགྲུས་ཀྱོ་བ་རྣོན་པོའི་ནུས་རྩལ་གྱིས་དཔེ་ཆའི་ནང་གི་ཤེས་བྱའི་གསེར་ཉ་ཅིག་ཅར་དུ་བཟུང་བ་དང་བསྟུན་ནས་ང་ལ་དཔེ་ཀློག་གི་གོམས་གཤིས་ཡག་པོ་ཞིག་ཆགས་བྱུང་བ་དང་། མཁའ་དབུགས་དྭངས་ཤིང་དུས་ཚོད་བཟང་བའི་ཞོགས་པ་རེར་རེར་སློབ་གྲྭའི་མེ་ཏོག་ལྡུམ་རའི་འགྲམ་ནས་དཔེ་ཆ་ཀློག་པ་ནི་བདེ་སྐྱིད་ཅིག་ཏུ་བསམ་བྱུང་། དེ་བས་དཔེ་ཆ་ནི་ངའི་འཚོ་བའི་ཟ་འཐུང་གི་བཅུད་དང་ངའི་ཚེ་སྲོག་ལ་མཁོ་བའི་མཁའ་དབུགས་བཞིན་ང་དང་སྐད་ཅིག་ཙམ་ལ་ཡང་ཁ་བྲལ་མ་མྱོང་ཟེར་ནའང་ཆོག་སྟེ། དཔེ་ཆ་ཀློག་མི་ཐུབ་པའི་ནམ་ཟླ་ནི། ཟས་ལ་བཅུད་དང་སྤང་ལ་མེ་ཏོག་མེད་པ་ལྟར་འཚོ་བར་སྙིང་བོ་མེད་པའི་སྣང་བ་ཞིག་སྦྱིན་པར་བྱེད། དེ་ལྟར་དཔེ་ཆ་མང་པོ་བཀླགས་ནས་ཤེས་བྱའི་ཉིང་བཅུད་ལ་ཉིན་མཚན་དུ་རོལ་བས་ལོ་ན་ཕྲ་ཡང་ངས་ཚུལ་དང་ཚུལ་མིན་གྱི་སྤོང་འཇུག་གི་བྱ་བར་འཕྱུགས་པ་མེད་པར་བརྡར་ཤ་གཅོད་ཐུབ་སོང་ལ། རང་ཉིད་ཀྱི་བསམ་བློ་ཡང་ཉིན་རེ་ལས་ཉིན་རེར་གོང་འཕེལ་དུ་གཏོང་ཐུབ་སོང་།
སློབ་འབྲིང་གི་བོད་ཡིག་དགེ་རྒན་གྱིས་ང་ཚོར"དཔེ་ཆ་ཀློག་པ་ནི་རང་གི་ཕ་མེས་ཡང་མེས་རྣམས་དང་འཇལ་བ་དང་མཚུངས་སྟེ། མེས་པོ་ཚོའི་མི་ཡུལ་གྱི་ཞིང་འདིར་བརྩམས་པའི་ངོ་མཚར་ཅན་གྱི་མངར་སྐྱུར་རོ་དྲུག་གི་གཏམ་རྒྱུད་དག་དཔེ་ཆ་བརྒྱུད་ནས་ཤེས་ཐུབ་ལ། རྒྱལ་བ་གཉིས་པ་རྗེ་ཙོང་ཁ་བས་རང་ཉིད་ཀྱི་མི་ཚེ་ཧྲིལ་བོ་དཔེ་ཀློག་གི་ཆེད་དུ་བཏང་ཟིན། ཞོགས་པ་སྔ་མོ་ནས་ཡར་བཞེངས་ཤིང་། དཔེ་ཆ་མདའ་ཚད་མ་རེ་བློ་ངོར་སྐྱོར་བའི་གོམས་སྲོལ་དེ་མི་ཚེའི་ཐོག་མཐའ་བར་གསུམ་དུ་རྒྱུན་བསྐྱངས། ཁོང་གི་ཁ་ཆེམས་སུ་ཡང་ངས་བྲིས་པའི་ལམ་རིམ་དང་སྔགས་རིམ་བཀླགས་ཚེ་ང་དང་དངོས་སུ་ཕྲད་པ་དང་ཁྱད་མེད་ཅེས་གསུངས་བ་ལྟར་རོ"ཞེས་བཤད་ནས་སློབ་བུ་རྣམས་ལ་རང་གི་བུ་ཕྲུག་བཞིན་དུ་བྱམས་སེམས་ཆེ་ཞིང་མིག་རྒྱང་རིང་བའི་དགེ་རྒན་ཁོང་གིས་རྒྱུན་དུ་ང་ཚོར་དཔེ་ཆ་མང་པོ་ཀློག་རྒྱུར་སྐུལ་བས། ངས་སྐད་ཆ་དེ་ཡིད་ལ་དམ་པོར་བཅངས་ནས་དབྱར་གནང་དགུན་གནང་གི་དུས་བཟང་གསེར་གྱི་ཉི་མ་དམ་འཛིན་བྱས་ཏེ་དཔེ་མཛོད་ཁང་དུ་ཕྱིན་ནས་དཔེ་ཆ་གཡར་ཏེ་བལྟས་པ་ཡིན་ལ། སྐབས་དེ་དུས་འགྲོ་ཀུན་རྨོངས་གཉིད་ལས་སློང་མཁས་པའི་དཔེ་ཆ་སྣ་མང་ཞིག་སྐབས་དེའི་ངའི་གངས་དཀར་སེམས་ཀྱི་གཏོད་ས་དང་ཁྲ་རིལ་མིག་གི་ལྟ་སར་གྱུར་ལ། དཔེ་ཆ་བཀླགས་པ་ཇེ་མང་དུ་སོང་བ་དང་བསྟུན་ནས་ལུས་སེམས་ལ་བདེ་བ་དང་སྟོབས་ཤུགས་གནང་བྱུང་ལ། མཐའ་དག་ཤེས་བྱའི་རི་མོ་སྙིང་ལ་བདེ་བླག་ཏུ་སྦྱིན་པས། དཔེ་ཀློག་གི་སྤྲོ་བ་སྔར་ལས་ཇེ་ཆེར་སོང་ལ། དཔེ་ཆ་ཀློག་པ་ནི་རིང་ལ་ཐུང་བའི་མི་ཆེའི་འགྲུལ་བཞུད་ཁྲོད་ཀྱི་མཚར་སྡུག་ལྡན་པའི་སེམས་ཀྱི་འགྲུལ་བཞུད་ཞིག་ཏུ་ཡང་འདོད་བྱུང་སྟེ། ལམ་བུ་དེ་ནས་རྒྱ་ཆེན་རིག་པའི་གནས་ཀུན་ཐུགས་སུ་ཆུད་པའི་སྐྱེས་ཆེན་དམ་པ་བགྲང་གིས་མི་ལང་བ་ཞིག་གིས་མིའི་རིགས་ཀྱི་བསམ་བློའི་དཔལ་ཡོན་ཡོད་དོ་ཅོག་དང་། བྱ་དངོས་ཀྱི་བདེན་པའི་གནས་ལུགས་མཐའ་དག་ལ་བརྡར་ཤ་བཅད་ཅིང་གཏན་འབེབ་ཀྱིན་བྱོན་པ་རེད་ལ། དཔེ་ཆའི་ནང་གི་ཡིག་འབྲུ་རེ་རེའི་སྲུབས་ན་རྩོམ་པ་པོའི་རྔུལ་ཆུའི་ཐིགས་པ་སྦྲུམ་ཡོད་ལ། ཡིག་ཕྲེང་རེ་རེའི་བར་ནས་དབུགས་ཀྱི་རྒྱུ་བ་འཚེར་ཞིང་། ཤོག་ངོས་རེ་རེའི་སྟེང་ན་རྣམ་ཤེས་ཀྱི་རི་མོ་གསལ་ཡོད་པས། འོད་ཟེར་ཆེམ་ཆེམ་འཕྲོ་བའི་ལམ་ཆེན་དེ་ནི་དཔེ་ཀློག་པའི་འགྲུལ་བཞུད་ཡིན་པར་སྙམ་བྱུང་།
ཨ་ཕས་ཀྱང་རྒྱུན་དུ"དཔེ་ཆ་ཀློག་པ་ནི་བསོད་ནམས་ཚོགས་བསགས་ཤིག་ཡིན་ཏེ། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས།། ལྔ་བརྒྱ་དུས་ཀྱི་མཐའ་མ་ལ།། ང་ནི་ཡི་གེའི་གཟུགས་སུ་གནས་ཞེས་གསུངས་བ་བཞིན། འཇིག་རྟེན་འདིའི་སྟེང་གི་ཆེས་རླབས་ཆེ་བའི་སྐྱེས་བུ་དག་ནི་འདས་ཟིན་པའི་ངག་རྒྱུན་དུ་གྱུར་ཞིང་། ཁོ་ཚོའི་འོད་དུ་འཕྲོ་བའི་རྣམ་དཔྱོད་ནི་དཔེ་ཆའི་སྟེང་གི་ཡི་གེའི་གཟུགས་ཀྱིས་ང་ཚོའི་དཔེ་སྒྲོམ་སྟེང་དུ་བརྩིགས་ཡོད། གླེགས་བམ་དེ་དེག་གི་གླེགས་ཐིགས་གྲོལ་ནས་རེ་རེ་བཞིན་ཀློག་པ་ནི་ང་ཚོའི་བསོད་ནམས་ཡིན"ཞེས་ཁ་ལ་མ་ཎི་བགྲང་བགྲང་བཞིན་བཤད་རྒྱུར་དགའ་བས། ཨ་ཕའི་འདོད་བློ་ལྟར་ང་རང་ཁྱིམ་དུ་ལོག་ནའང་རང་ཤོང་སྤྱིལ་བུར་འཛུལ་ནས་དཔེ་ཆར་བལྟས་པ་ཡིན་ལ། ང་རང་མ་གཞི་ནས་མི་ཚོགས་ཀྱི་དབུས་སུ་འགྲོ་རྒྱུར་མི་དགའ་ལ་སྨྲ་བརྗོད་ལ་མི་འཇོན་པར་མ་ཟད། བསྐྱར་ཟློས་ཡང་ཟློས་ཀྱི་སྐད་ཆ་བཤད་རྒྱུར་དེ་བས་ཀྱང་མི་དགའ། དེ་བས་དཔེ་ཆ་ཀློག་པ་ནི་ངའི་གཤིས་ཀར་ཆེས་འཚམས་པའི་ལས་ཀ་ཞིག་ཡིན་ཏེ། ལྷིང་འཇགས་ཀྱི་ཁོར་ཡུག་ཞིག་ནས་རང་ཉིད་དགའ་བའི་དཔེ་ཆ་ཀློག་པ་ནི་ང་ལ་མཚོན་ནས་བཤད་ན་རང་ལ་དབང་བའི་བསམ་པའི་རྒྱུ་ནོར་འབོར་ཆེན་ཞིག་ལོངས་སུ་སྤྱོད་པ་དང་གཉིས་སུ་མེད་དེ། དེ་ནི་སེམས་ངལ་ཐམས་ཅད་རྒྱབ་ཏུ་བསྐྱུར་ནས་དྭངས་གཙང་གི་རྣམ་ཤེས་ཕྲ་མོ་མཛེས་སྡུག་གི་སེམས་ཚོར་མང་པོར་གླན་ནས་རང་དབང་གི་མཁའ་དབུགས་རྔུབ་ཐེངས་ཤིག་ཅི་ལ་མིན། ད་དུང་སྐབས་ལ་རེར་དཔེ་ཆར་བལྟ་དུས་སུ་སེམས་ལ་ལྗིད་ཏིག་ཏིག་གི་ཕྱིར་དྲན་མང་པོ་བསྣམས་འོངས་བས་དཔེ་ཆའི་ནང་དོན་དང་ངའི་སེམས་ཁམས་ཀྱི་བར་ཐག་ཤིན་ཏུ་ཉེ་བ་ཞིག་ཀྱང་སྣང་ཐུབ་ལ། ས་རྡུལ་བསགས་པའི་རི་རབ་བཞིན་དུ་དཔེ་ཆ་ཀློག་པའི་གོ་རིམ་ཁྲོད། དཔེ་ཆས་ངའི་སེམས་རྒྱུད་དང་སྙིང་སྟོབས་ལ་ཤེས་ཚོར་མེད་པའི་ཤན་ཤུགས་ཐེབས་སུ་བཅུག་ཅིང་། དོན་མིན་རྙོག་མ་མཐའ་དག་དགྲུང་བར་བྱེད་པས་ང་རང་དགའ་བ་དཔག་མེད་སྐྱེད་བྱུང་།
མཐོ་འབྲིང་ལ་སླེབས་དུས་མཐོ་རྒྱུགས་ཀྱི་གནོན་ཤུགས་ཡོད་ཀྱང་ངས་མུ་མཐུད་དུ་སློབ་ཕྱིའི་དཔེ་ཀློག་གི་རྒྱུན་བསྐྱངས་བ་ཡིན་ལ། དཔེ་ཀློག་གི་བཀའ་དྲིན་འོག་ངས་མཐོ་རྒྱུགས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་ནས། རང་ཉིད་ཀྱི་རེ་སྙེག་བྱེད་སའི་སློབ་ཆེན་གྱི་སྒོ་ཐེམ་དེ་བརྒལ་ཐུབ་སོང་། སློབ་ཆེན་འགྲིམས་པའི་དུས་ནི་དཔེ་ཆ་ཀློག་པའི་ཆེས་བཟང་བའི་དུས་ཤིག་ཡིན་ཏེ། སློབ་ཁྲིད་ཉུང་ཞིང་རང་ལ་དབང་བའི་དུས་ཚོད་མང་ལ། སྐྱེད་ཚལ་བཞིན་གྱི་སློབ་གླིང་དེ་ནི་དཔེ་ཀློག་གི་གཤིས་ངོ་འཕྲོད་པ་ཞིག་དང་། དཔེ་མཛོད་ཁང་ནས་སློབ་མ་ཞིག་གིས་ཟླ་རེར་དཔེ་ཆ་བཅོ་ལྔ་གཡར་ཆོག་པ་སོགས་དཔེ་ཀློག་ལ་མཐུན་རྐྱེན་བཟང་བོ་བསྐྲུན་ཡོད་པས། ངའི་དཔེ་ཀློག་གི་འདོད་བློ་ཡིད་ཚིམ་པ་ཞིག་སྐུང་ཐུབ་བྱུང་། སློབ་ཆེན་གྱི་འཚོ་བའི་ནང་ངའི་དུས་ཚོད་མང་ཆེ་བ་ནི་དཔེ་མཛོད་ཁང་དང་མལ་ཁང་ནས་དཔེ་ཀློག་བྱས་ཏེ་འདས་པ་ཡིན་ལ། སློབ་གྲོགས་གཞན་དག་གིས་ཕ་ཡུལ་གཅིག་པའི་དགེ་རྒན་དང་ལོ་རིམ་མཐོ་བའི་སློབ་གྲོགས་རྣམས་ལ་ངོ་ཤེས་བསྒྲིགས་ནས་རང་རང་གི་འཚོ་བའི་བགྲོད་ལམ་དེ་ཁོད་ཇེ་ཆེར་གཏོང་བའམ་ཞོར་ལས་བཙལ་ནས་སྤྱི་ཚོགས་ཀྱི་ཉམས་མྱོང་གསོག་དུས། ང་ནི་ཉིན་རྒྱུན་དཔེ་ཆར་འཐམས་ཏེ་ཉིན་ཞག་གི་ཕྲེང་བར་ཁོམ་མེད་དཔེ་ཀློག་ལ་འབད་དེ་བསྡད་པ་ཡིན། ལྟ་རྒྱ་ཐོས་རྒྱ་ཇེ་ཆེར་སོང་བ་དང་བསྟུན་ནས་ངས་འཛམ་གླིང་སྟེང་གི་དཔེ་ཆ་ནི་གྲངས་འབོར་ཧ་ཅང་མང་སྟེ་མི་ཚེ་གང་བོར་འབད་པ་བྱས་ཀྱང་དེའི་ཁྲི་ཆ་གཅིག་ཀྱང་ཀློག་མི་ཐུབ་པ་ཤེས་པས། རང་ཉིད་ཀྱི་ཆེད་ལས་དང་ཆེད་མཁོ་ལ་དམིགས་ནས་དཔེ་ཀློག་བྱེད་པ་གཙོར་བཟུང་བ་ཡིན། ངའི་ཆེད་ལས་ནི་བོད་རྩོམ་ཡིན་ཞིང་། དེ་དང་འབྲེལ་བའི་དཔེ་ཆ་བཙལ་ནས་བལྟ་རྒྱུ་ནི་ངའི་ཉིན་རྒྱུན་གྱི་ལས་ཀ་གཙོ་བོ་ཡིན་ལ། མཚམས་ལ་རེར་སློབ་ཁྲིད་ཀྱི་སྐབས་སུ་ཡང་དགེ་རྒན་གྱི་མིག་འོག་ནས་ཁ་རོག་གེར་མགོ་སྒུར་ནས་བོད་རྩོམ་ལ་བལྟས་པ་ཡིན། བོད་རྩོམ་གྱི་དཔེ་ཆའི་ནང་གི་བལྟས་ན་དགའ་བ་ཁོང་ནས་འཆོར་ཞིང་། གྱེར་ན་སྙན་པའི་དབྱངས་སུ་འཇོ་བ། བསམ་ན་རོ་བརྒྱའི་བཅུད་དུ་གཏམས་པའི་ཚིག་དེ་དག་ནི་ངའི་བློ་ཡིད་འགུགས་པའི་ལྕགས་ཀྱུ་རུ་གྱུར་བས། འབྲི་དེབ་ཆུང་ཆུང་གི་སྟེང་དུ་བཤུས་རྗེས་རང་གི་ལུས་དང་བྲལ་མེད་དུ་ཉར་བ་ཡིན། རྩི་ཤིང་ལ་སྦྲང་ཆར་དང་ཉི་འོད་མཁོ་བ་བཞིན་ངའི་འཚོ་བའི་ནང་ཡང་འབྲི་དེབ་ཆུང་ཆུང་དེ་དག་མེད་ཐབས་མེད་པ་ཞིག་ཏུ་གྱུར་ཅིང་། སློབ་ཆེན་གྱི་ལོ་བཞིའི་འཚོ་བའི་ནང་རྩོམ་རིག་གི་དཔེ་ཆ་ནི་ངའི་ཟས་ཀྱི་བཅུད་དང་། ཉལ་བའི་གཉིད། འགྲོ་བའི་ལམ་དང་། ལྕི་བའི་ས་རྡོ་དང་ཡང་བའི་ཁ་རླངས་སོགས་དང་འདྲ་བར་འབྲལ་མེད་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིང་། རྩོམ་རིག་དང་ངེད་གཉིས་ལ་དབང་བའི་འཇིག་རྟེན་དེའི་ནང་ནས་ང་རང་ཁུ་སིམ་པའི་ངང་མི་ཚེའི་བགྲོད་ལམ་དུ་མདུན་དུ་བསྐྱོད་པ་ཡིན་ཏེ། དེས་ང་ལ་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཤིག་གནང་བ་མ་ཟད། ལྷིང་འཇགས་ཀྱི་འཚོ་བ་སྐྱེལ་སྟངས་ཤིག་གནང་བྱུང་།
དེ་ལྟར་ངས་མི་ལོ་ཉེར་བཞིའི་རིང་དཔེ་ཆ་བཀླགས་ནས་འོངས་བ་ཡིན་ལ། ཤེས་ཡོན་གྱིས་མི་ཞིག་གི་ལས་དབང་ཡོངས་སུ་བསྒྱུར་ཐུབ་ཅིང་། དཔེ་ཆ་བཀླགས་ནས་སློབ་གཉེར་བྱེད་པ་ནི་ད་གཟོད་ལས་དབང་སྒྱུར་བར་བྱེད་པའི་ཆེས་འགྲོ་སླ་བའི་ལམ་ཡིན་པ་ལྟར། དཔེ་ཆ་བཀླགས་པས་ང་རང་སློབ་མ་ཞིག་ནས་རྒྱལ་ཁབ་ཀྱི་གཞུང་ཞབས་པ་ཞིག་ཏུ་གྱུར་ཅིང་། རྒྱལ་ཁབ་ཀྱིས་བཅོལ་བའི་རེ་འདུན་སྟོང་ཟད་དུ་མ་བཏང་བར། མི་རིགས་ཀྱིས་བཀལ་བའི་འགན་ཁུར་ཕྲག་ཏུ་བླངས་ནས་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབ་དང་བསྒྲུབ་བཞིན་ཡོད། ད་བར་སློབ་གྲྭ་ནས་ནན་ཏན་གྱིས་དཔེ་ཆ་བཀླགས་པར་མ་ཟད། སྤྱི་ཚོགས་སུ་ཞུགས་རྗེས་ཀྱང་དཔེ་ཆ་ཀློག་པའི་གོམས་གཤིས་བཟང་པོ་དེ་བསྐྱུར་མེད། རང་ཉིད་བྱིས་པའི་ཨ་མ་དང་མིའི་བཟའ་ཟླར་གྱུར་བའི་དུས་ད་ལྟར་ཡང་། ཉིན་རྒྱུན་ལས་ཚོགས་ལ་འགྲོ་དགོས་པ་དང་ཁྱིམ་དུ་ལོག་རྗེས་ཀྱང་ཚར་རྒྱུ་མེད་པའི་ནང་ལས་ཡོད་ལ། བྱིས་པ་ཡང་གཉོར་སྐྱོང་བྱེད་དགོས་པས། མཚམས་ལ་རེར་དབུགས་ཀྱང་གཏོང་དཀའ་མོད། ངས་དཔེ་དེབ་ཀློག་རྒྱུ་དེ་དགའ་ཕྱོགས་ཤིག་དང་བརྩི་དད་ཞིག་ཏུ་བྱས་ཏེ་མུ་མཐུད་དུ་རྒྱུན་བསྐྱངས་བ་ཡིན་ལ། ལོ་ལྟར་བོད་ཡིག་གི་དུས་དེབ་དང་ཚགས་པར་མི་ཉུང་བ་ཞིག་མངགས་ཉོ་བྱེད་པ་མ་ཟད། ནམ་རྒྱུན་དཔེ་ཁང་དུ་སོང་ནས་ཕ་སྐད་རྣལ་མའི་ལམ་ནས་བྲིས་ཤིང་། ལྟ་འདོད་ཡོད་པའི་བོད་རྩོམ་གྱི་དཔེ་དེབ་གསར་བ་ཞིག་ལྟ་ཀློག་ཐུབ་རྒྱུར་རེ་བ་ཆེན་པོ་བྱེད་ཀྱི་ཡོད། དེ་དང་ཕྱོགས་མཚུངས་ངས་དེང་དུས་ཀྱི་ཆ་འཕྲིན་གྱི་འབྱུང་ཁུངས་ཏེ། དྲ་རྒྱར་ཞུགས་ནས་ནམ་རྒྱུན་བོད་ཀྱི་དྲ་ཐོག་ཁག་ལས་འབྲེལ་ཡོད་རྩོམ་ཡིག་དང་གསར་འགྱུར། དཔེ་འཕྲིན་སོགས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པས། མི་ཚེའི་འབབ་སྟེགས་འདི་འདྲ་ཞིག་ལ་བསླེབས་དུས་དཔེ་ཆ་ཀློག་པ་ནི་ཟང་ཟིང་དང་བྲེལ་འཚུབ་ཀྱི་འཚོ་བའི་འདུར་རྒྱུགས་ཁྲོད་ནས་རང་སེམས་གསོ་བྱེད་ཀྱི་བདུད་རྩི་དང་འདྲ་ལ། དཔེ་ཆ་ཀློག་ཐེངས་རེར་ངའི་སེམས་ཀྱི་ལྡིང་ཁང་ལ་དྲོད་ཁོལ་གྱི་མེ་ཕུང་སྩོལ་བར་བྱེད། དེས་གར་སྟབས་དང་རོལ་དབྱངས་ལྟར་ང་ལ་གནས་སྐབས་ཀྱི་བདེ་སྣང་མཚར་བོ་ཞིག་སྦྱིན་པ་མ་ཟད། མི་སེམས་ཀྱི་སྤང་ཐང་ཡངས་མོར་རྩི་ཤིང་མེ་ཏོག་དང་། རྟ་ནོར་ལུག་ལ་སོགས་སེམས་ཁམས་ཀྱི་ཕ་གཞིས་བསྐྲུན་ནས་བླ་སྲོག་ལ་འོད་སྣང་སྦྱིན་བྱུང་།
ངས་དཔེ་ཆ་ཀློག་པ་ནི་ཚེ་གང་གི་བྱ་བ་ཡིན་པར་འདོད་ཡོད་དེ། ལོ་ཟླའི་འཁོར་འགྲོས་རིང་མོས་དེད་ནས་མི་ཚེའི་མཐའ་རུ་བསྐྱལ་རག་བར་དུ་ངས་དཔེ་ཆ་ཀློག་པར་དམ་བཅས་ཡོད་ཅིང་། ཚེ་གཅིག་རིང་དཔེ་ཆར་འཐམས་པའི་བུད་མེད་ཞིག་བྱེད་འདོད། དཔེ་ཆ་ཀློག་པ་ནི་ཚེ་འདིའི་མ་རྩ་གཏོང་ས་ཆེས་བཟང་བོ་དེ་ཡིན་ཏེ། དཔེ་ཆ་ལས་ཐོབ་པའི་ཡོན་ཏན་དེ་ནི་བོར་མི་འགྲོ་ལ་རྐུན་མས་འཇབ་བུར་རྐུ་མི་ཐུབ་ཅིང་། བཙན་པོའི་སྟོབས་ཀྱིས་འཕྲོག་མི་སྲིད་ལ་མཛེས་མའི་གཡོ་སྒྱུས་བསླུ་ཡང་མི་ཐུབ་པའི་རྒྱུ་ནོར་ཞིག་ཡིན་པས། དེ་ལས་རྩ་ཆེ་བ་ཞིག་གང་ན་ཡོད། དཔེ་ཆ་ཀློག་པ་ལ་བརྟེན་ནས་ཐོབ་པའི་ཤེས་ཡོན་ནི་ད་གཟོད་ཚེ་གང་ལ་འགྲོགས་ཤིང་ལོངས་སྤྱད་མི་ཚར་བའི་རྒྱུ་ནོར་ཡིན་ཏེ། ཡིའུ་ཐའེ་མི་ཡིས་ཚེ་ཚེ་རབས་རབས་སུ་གྱེར་བཞིན་པའི་ལེགས་བཤད་གཅིག་ནི། ཤེས་ཡོན་ནི་ཆེས་བློ་ཐུབ་པའི་རྒྱུ་ནོར་ཡིན་ཞེས་པ་དེ་ཡིན། ཤེས་ཡོན་ཟེར་བ་འདི་ཅི་ཙམ་མང་བ་བསླབས་ནའང་དེ་ཚང་མ་ཁྱོད་ཀྱི་ཀླད་པའི་ནང་དུ་བསགས་ཏེ་ཁྱོད་ཀྱི་བདག་གི་བར་གྱུར་ཅིང་དུས་གཏན་ཏུ་ཡལ་མི་འགྲོ་བས། དེ་ནི་མཐར་ཐུག་གི་བདེ་བའི་ལམ་ལ་འཇུག་པའི་ཡིད་འོང་འཇའ་ཚོན་གྱི་ལམ་བུ་ཡིན།
དཔེ་ཆ་བཀླགས་པས་ངའི་ཚེ་སྲོག་ལ་གསོན་ཤུགས་རྒྱས་ཤིང་ངའི་ལང་ཚོར་གོས་རྒྱན་གསར་བ་ཞིག་བཀླུབས་བྱུང་བ་མ་ཟད། ང་རང་རྒྱལ་ཁ་ཞིག་གི་ལམ་སྣར་དྲངས་ནས་ངའི་ལས་དབང་ལ་ཁ་དོག་གི་མཛེས་བ་བསྣན་ལ། བདག་ལ་སྙིང་སྟོབས་ཀྱི་གོ་ཆ་སྤྲད་དེ་དུས་རབས་ཀྱི་དབྱངས་རྟ་དང་འགྲོགས་ནས་ང་རང་མདུན་དུ་བསྐྱོད་དུ་བཅུག་ལ། ང་རང་ཕུགས་བསམ་གྱི་ཡང་རྩེར་འགོས་ནས་མི་ཚེའི་བགྲོད་ལམ་ལ་གཡུར་ཟའི་འབྲས་བུ་བཏགས་ཐུབ་བྱུང་། དཔེ་ཆ་བཀླགས་པས་ང་རང་བློ་དང་རིག་པའི་རྩེ་རུ་འགྲེང་ནས་ནས་བློ་དང་རྟོགས་པ་མཐོ་ས་ཞིག་ནས་མི་ཚེ་ལ་ལྟ་ཐུབ་སོང་བ་མ་ཟད། འཚོ་བའི་ཁྲོད་ཀྱི་དཀར་ནག་གི་དབྱེ་བ་འབྱེད་ཤེས་ཤིང་ཐིག་ནག་གི་མདུད་པ་བཀྲོལ་རུ་བཅུག ད་དུང་ང་ལ་བདེན་རྫུན་གཉིས་ཀྱི་རུ་ཤན་འབྱེད་པའི་སྤྱང་གྲུང་གི་འོད་མདངས་དྭངས་ཤིང་གསལ་བ་ཞིག་འབྱིན་པའི་ཤེས་རབ་ཀྱི་སྤྱན་ཡང་སྤྲད་བྱུང་བས། ང་རང་ཕྱི་མཛེས་ནང་སྟོང་གི་མགོ་འཕངས་མཁའ་རུ་འདེགས་པའི་བུད་མེད་ཅིག་ནས་ཤེས་རིག་མཛེས་སྡུག་གི་ལང་ཚོའི་གཟི་མདངས་འཕྲོ་བའི་ཞི་དུལ་བག་ཡོད་ཀྱི་བུད་མེད་ཅིག་ཏུ་བསྐྱེད་བསྲིང་བྱས་བྱུང་།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།