རྣམ་གླིང་རིན་ཆེན་གྱི་བརྩམས་སྒྲུང《བཀྲ་ཤིས་སྨྱོན་པ》།

རྩོམ་པ་པོ།:རྣམ་གླིང་རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-09-14 09:27:00 ཀློག་གྲངས།:

བཀྲ་ཤིས་སྨྱོན་པ།
རྣམ་གླིང་རིན་ཆེན།

     བཀྲ་ཤིས་སྨྱོན་པར་གྱུར་སོང་།
     བཀྲ་ཤིས་སྨྱོན་པར་གྱུར་བའི་གནས་ཚུལ་དེ་ནི་རྒྱང་རིང་གི་རི་གྲོང་དེར་མཚོན་ན་ཀུན་གྱིས་རྒྱུན་པར་ཁ་བརྡ་བྱ་ཡུལ་གྱི་གསར་འགྱུར་ཞིག་ཅི་ལ་མིན།
     བཀྲ་ཤིས་དོན་གོ་ཆོད་པ་ནས་བཟུང་ཨ་ཕས་སྡེ་བའི་བུད་མེད་འཕྱོར་མོ་མཚོ་སྐྱེས་ཟེར་བ་དེ་དང་གབ་མཐུན་བྱས་ཏེ་རྨ་ལུང་སྡེ་བ་ལས་རྒྱང་དུ་གྱེས་སོང་། ཨ་ཕས་ཁོ་ལ་ཤུལ་དུ་བསྐྱུར་བ་ནི་རྡིབ་ལ་ཁད་ཀྱི་ཁང་རུལ་ཅིག་དང་། ནད་གདུང་གིས་མནར་ཏེ་མལ་ཁྲིའི་ཐོག་མི་ལོ་ལྔ་དྲུག་ཙམ་ལུས་པའི་ནམ་འཆི་ངེས་མེད་ཀྱི་མ་རྒན་གཅིག་པུ་ཡིན། དུས་དེ་ནས་བཟུང་མ་གཞི་ཨ་ཕ་མིག་ཟུང་གི་མཐོང་ཡུལ་དུ་མེད་ཀྱང་། ཁོས་རང་ཉིད་ལ་ཤ་ཁྲག་གི་ལུས་ཕུང་སྦྱིན་གནང་མཁན་དང་། སྐྱག་གཅིན་ལག་པས་འབྱིད་ཞོར་ཆུང་སྦར་མོ་གང་ནས་གསོ་སྐྱོང་གནང་མཁན་གྱི་མ་རྒན་ལ་ཁ་ལེན་ཚིག་བརྩི་བྱས་ནས་སྲི་ཞུ་ཧུར་ཐག་གིས་བསྒྲུབས་པས། སྡེ་བའི་མི་ཚང་མས་ཁོ་ལ་མཐེ་བོང་མཁའ་ལ་བསྒྲེངས་ནས་བསྟོད་པ་གྱ་ནོམ་པ་བྱེད་ཀྱིན་ཡོད། འོན་ཀྱང་། སྟབས་མི་ལེགས་པ་ཞིག་ལ། ཁོ་རང་རང་ལོ་བདུན་ལ་སླེབས་སྐབས་ཨ་མ་རྒན་མོ་ནད་གདུང་ལྕི་མོས་མནར་ཏེ་མཐར་འཇིག་རྟེན་འདི་ལས་རྒྱང་དུ་གྱེས་པས། ཁོ་རང་ད་གཟོད་ཀུན་གྱིས་སྙིང་རྗེ་བྱ་ཡུལ་གྱི་དྭ་ཕྲུག་ཞིག་ཏུ་གྱུར་འགོ་ཚུགས།
     འཇིག་རྟེན་མི་ཡི་འཚོ་བ་ཟེར་བ་དེ་ངོ་མ་བཏང་སྙོམས་ཅི་ཡང་མེད་པ་འདྲ། བྱིས་པ་འགའ་རེ་བཙས་མ་ཐག་ནས་ཕ་མ་གཉིས་ཀྱི་བཀའ་དྲིན་འོག་བཟའ་འདུག་ལ་སེམས་ཁྲལ་མེད་ཅིང་། འབྱུང་འགྱུར་གྱི་མདུན་ལམ་འོད་ཟེར་སྟོང་གིས་ཕྱུག་ཀྱང་། བྱིས་པ་འགའ་རེ་བཙས་མ་ཐག་ནས་ཕ་མ་ཞེས་མིང་ནས་འབོད་སའི་ཡུལ་ཅིག་ཀྱང་ཡོད་པ་མ་རེད། འགའ་རེས་བག་མེད་རྒྱས་སྤྲོད་ཀྱི་ལོངས་སྤྱོད་ཀློང་དུ་མི་ཚེ་སྣང་མེད་ཁྲོད་ཕུད་ཀྱང་ཁོ་ཚོར་སེམས་ཚེགས་བྱ་ཡུལ་གཏན་ནས་མེད་ཅིང་། འགའ་རེས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་འཚོ་བའི་དོན་དུ་ཡར་རྒྱུག་མར་རྒྱུག་བྱས་ནས་རྔུལ་ཁྲག་དང་མིག་ཆུ་ཇི་ཙམ་བཞུར་ཡང་གང་ལྟར་འཚོ་བས་ཁོ་ལ་རྟག་ཏུ་ཀུ་རེ་ཁོ་ན་རྩེད་བཞིན་ཡོད་པ་མ་ཡིན་ནམ། དེ་ནི་མི་བུ་སོ་སོའི་ལས་དབང་རེད་ཟེར་དགོས་སམ་ཡང་ན་བསོད་ནམས་དབང་ཐང་ལ་རགས་ལས་པ་ཡིན། གང་ལྟར་ཁོ་རང་འཇིག་རྟེན་འདིའི་བྱ་བར་དོན་གོ་ཆོད་པ་ནས་བཟུང་བདེ་སྐྱིད་ཅེས་པའི་ཐ་སྙད་འདིའི་རོ་བཅུད་གཏན་ནས་མྱང་མ་མྱོང་། དེ་ནི་ཁོའི་མི་ཚེའི་བགོ་སྐལ་ཡིན་པ་འདྲ།
     སྡེ་བའི་བགྲེས་སོང་ཚོས་ཁོའི་མིང་ཉན་བྱེད་རྣ་བའི་བུ་གར་ཐོས་ཐེངས་རེར། འགའ་རེས་མགོ་བོ་འཕྲད་དུ་གཡུག་སྟེ"ཁོ་ངོ་མ་ལས་དམན་པ་ཞིག་རེད། ངོ་མ་སྙིང་མ་རྗེ"ཟེར་བཞིན་ཁོའི་ལས་དབང་ལ་གདུང་སེམས་མཉམ་སྐྱེས་བྱེད་པ་དང་། ཡང་འགའ་རེས"མི་བྱེད་དགུ་བྱེད་བྱེད་མཁན་རྒྱུ་དག་མེད་པའི་ཨ་ཕ་དེ་རེད། ཁོས་མཚོ་སྐྱེས་ཟེར་བའི་སྡེ་བའི་བུད་མེད་འཕྱོར་མོ་དེ་དང་གབ་མཐུན་བྱས་ཏེ་ཡུལ་ནས་ཐོན་མེད་རྒྱུ་ན། བྱིས་པ་དེའང་དེ་འདྲའི་ལས་ངན་ཞིག་ཏུ་གྱུར་མི་སྲིད། ངོ་མ་ཁྱིམ་ཚང་དྲོན་མོ་དེ་དེ་ལྟར་བརླགས་སོང"ཅེས་སྨྲ་བར་བྱེད། ཡང་འགའ་རེས་"དེ་ནི་ཁོའི་སྐྱེ་བ་སྔོན་མའི་བསྐོས་བཞག་རེད། ཚང་མ་ལས་ལ་རགས་ལས་ཡོད་པས། ལས་ལ་སུས་ཀྱང་བསྒྱུར་བ་གཏོང་ཐབས་ག་ལ་ཡོད"ཟེར།      
     དབྱར་ཁའི་ཉི་མ་ནི་མེ་ལྡུམ་ཞིག་དང་འདྲ་བར་ཚ་དྲོད་ཆེ་བའི་ཉི་མའི་འོད་ཟེར་ངར་མོ་རྨ་ལུང་སྡེ་བའི་ས་གཞིའི་ངོས་སུ་འཕྲོས་ཐེངས་རེར། གནས་དེའི་ཞིང་ནང་གི་མྱུ་གུ་ཚ་བས་གདུང་སྟེ་སྐྱེ་འཕེལ་བྱེད་པའི་གསོན་ཤུགས་གཏན་ནས་མིན་འདུག སོ་ནམ་པ་ཚོས་མིག་ཟུང་གཡོ་འགུལ་མེད་པར་ནམ་མཁར་ཅེར་ཏེ"ཨཱ་ཨཱ། སླར་ཡང་ཆར་ཆུ་དཀོན་པའི་ནམ་ཟླ་ཞིག་རེད"ཟེར་བཞིན་ཉི་མའི་ཚ་གདུག་ལ་མ་འཛེམས་པར་འཇོར་དང་སྦྱག་མ་དཔུང་ལ་ཁེན་ནས་རང་རང་གི་ཞིང་ཐང་ངོས་སུ་ཞིང་ཆུ་གཏོང་བར་འགྲོ་བཞིན་འདུག བཀྲ་ཤིས་ཀྱང་ཡུལ་དེའི་སོ་ནམ་པ་གཞན་དང་འདྲ་བར་སྦྱག་མ་འཁུར་ནས་ཞིང་ཐང་གི་ངོས་སུ་འགྲོ་བཞིན་འདུག ཁོ་ད་ལོ་ལོ་ངོ་བདུན་ལ་སླེབས་མ་ཐག་ཡིན་པས། མ་གཞི་བྱས་ན་ཁོ་རང་ཡང་སྡེ་བའི་བྱིས་པ་གཞན་དང་འདྲ་བར་རྩེད་འཇོའི་ཀློང་དུ་བྱིས་དུས་ཀྱི་འཚོ་བ་ཕར་ལ་སྐྱེལ་བའི་ལོ་ཚོད་ཡིན་ཡང་། ཁོ་ལ་དེ་འདྲའི་ཁོམ་པ་ག་ན་ཡོད། སྦྱག་མ་རིང་པོ་དེ་གཟུགས་ཆུང་བའི་ཁོའི་ལུས་ཐོག་ཏུ་འཁུར་བ་མཐོང་དུས། ང་རང་གི་སེམས་ལ་སྨྲ་མི་ཤེས་པའི་ན་ཟུག་ཞིག་ཐོལ་གྱིས་ལྡང་འོང་།"ཁོ་ངོ་མ་ལས་དམན་པ་ཞིག་རེད"ངས་དེ་ལྟར་ངག་ནས་སྨྲ་བར་ཐལ།
     ཉི་མའི་ཚ་གདུག་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་འདུག བཀྲ་ཤིས་ཀྱི་གདོང་ནས་རྔུལ་ཆུའི་ཐིགས་པ་བར་མེད་ས་ལ་ཟགས་འོང་ཞིང་། སྣ་ལུད་དེའང་རྦབ་ཆུ་ངར་མ་ཞིག་དང་འདྲ་བར་བར་མེད་ཐུར་དུ་འཕྱང་འོང་། བཀྲ་ཤིས་ཀྱིས་དྲེག་པས་བཀང་བའི་རང་གི་ཕུ་ཐུང་གི་སྣེ་མོས་རྔུལ་ཆུ་དང་སྣ་ཆུ་གཉིས་ལྷན་དུ་འཕྱིས་ཏེ་སླར་ཡང་ཞིང་ཁའི་རྣང་མའི་བར་དུ་འཚང་ནས་ཞིང་ཆུ་གཏོང་བཞིན་འདུག ཡངས་ཤིང་མུ་མཐའ་བྲལ་བའི་ཞིང་ཐང་གི་ངོས་སུ་ཁོ་ནི་ངོ་མ་ཅི་འདྲའི་ཉམ་ཆུང་ཅིག་དང་། ཡ་ང་སྙིང་རྗེ་སྐྱེ་དགོས་པ་ཞིག་རེད་འདུག་ཨང་། འོན་ཀྱང་། བཀྲ་ཤིས་ཀྱི་སྣང་ངོར་དེ་ནི་སྡེ་བའི་བགྲེས་སོང་ཚོའི་ངག་སྒྲོས་ཀྱི"ལས"ཟེར་བ་དེ་རེད་སྙམ་བཞིན་དཀའ་སྡུག་དང་བར་ཆད་ཅི་ཙམ་འཕྲད་ཀྱང་དེ་དག་ནི་རང་གི་ཚེ་སྔོན་མའི་སྡིག་སྒྲིབ་མ་དག་པས་དང་། རང་ཉིད་ཀྱི་སྐྱེ་བ་སྔོན་མའི་ལན་ཆགས་ཀྱི་བུ་ལོན་དུ་འདོད་བཞིན་ཡོད་པས། མིག་མདུན་གྱི་འཚོ་བ་ཇི་ཙམ་གྱ་གྱུས་ཕྱུག་ཀྱང་ཁོས་སྙིང་རུས་ཆེན་པོས་ཕ་མཐར་གཅད་དགོས་སྙམ།
     ཉི་མ་ནི་ཅི་ཞིག་ལ་ཁྲོ་ལངས་པ་ལྟར་བསམ་གཟས་ནས་ཚ་དྲོད་ཇེ་ཆེ་ནས་ཇེ་ཆེར་འཕེལ་བས། རྨ་ལུང་སྡེ་བའི་ཡུལ་མི་རྣམས་བྲེལ་བྲེལ་འཚུབ་འཚུབ་ངང་ཞིང་ཐང་གི་ངོས་སུ་རྒྱུ་བཞིན་འདུག
     ད་ལོའི་དབྱར་ཁར། རྨ་ལུང་སྡེ་བར་ཆར་ཆུ་ཧ་ཅང་དཀོན་པས། སྡེ་བའི་ཉེ་འདབས་ཀྱི་རི་ལུང་ཐམས་ཅད་སྐྱ་ཐེར་ཐེར་དུ་སྣང་། རྨ་ལུང་སྡེ་བ་ནི་རོང་མ་འབྲོག་གི་ས་ཆ་ཞིག་ཡིན་པས། ཆར་བ་ཧ་ཅང་དཀོན་པའི་དབང་གིས་ཞིང་ཁ་དང་གནག་ཕྱུགས་སུ་ལ་ཆ་བཞག་ནའང་བར་ཆད་ཆེན་པོ་ཐེབས། ལྷག་པར་དུ། བཀྲ་ཤིས་ལ་ཆ་མཚོན་ནས་བཤད་ན། ནོར་ལུག་འཚོ་སྐྱོང་བྱ་དགོས་ལ། ད་དུང་ཞིང་ནང་དུ་སོང་ནས་ཞིང་གི་རྣང་མའི་བར་དུ་སྐྱེས་པའི་རྩྭ་ངན་འགོག་རྒྱུ་དང་། ཞིང་ཁར་ཆུ་དྲངས་རྒྱུ་སོགས་ཁྱིམ་ཚང་ཕྱི་ནང་གི་ལས་ཀ་རྫོགས་རྒྱུ་མེད་པ་མཐའ་དག་ཁོའི་ཕྲག་ཐོག་ཏུ་བབས་པས། རིམ་གྱིས་རིམ་གྱིས་ཁོས་མིག་མདུན་གྱི་འཚོ་བ་དེ་ལ་ཞེན་པ་གཏིང་ནས་ལོག་བྱུང་།
     ལྷག་པར་དུ་མ་རྒན་ཚེ་ལས་འདས་པ་དེས་ཁོའི་སེམས་ལ་ཕོག་སྡུག་ཆེན་པོ་བཟོས་ཡོད་པ་འདྲ། ད་ཆ་ཁོ་ལ་ཁྱིམ་ཞེས་ལོག་སའི་ཡུལ་ཅིག་ཡོད་ཀྱང་སྔོན་ཆད་ཀྱི་ཁྱིམ་ཚང་གི་དྲོན་ཁོལ་དེ་མེད་པར་གྱུར་ལ། ཨ་མ་ཞེས་མིང་ནས་འབོད་ཡུལ་ཀྱང་མ་མཆིས་པས། དལ་གྱིས་ཁོ་ནི་སྡེ་བའི་སྲང་ལམ་གང་སར་དམིགས་ཡུལ་མེད་པར་ཡར་བཞུད་མར་བཞུད་བྱེད་མཁན་གྱི་མི་སྒྱིད་ལུགས་ཅན་ཞིག་དང་། ལས་ཀ་ལས་མི་འདོད་པར་ཉིན་ལྟར་འཁྱམ་པོའི་འཚོ་བ་ཁོ་ན་སྐྱེལ་མཁན་གྱི་"ཁྱི་འཁྱམ"ཞིག་ཏུ་གྱུར་འགོ་ཚུགས། ལྷག་པར་དུ་ཁོས་རང་ཁྱིམ་གྱི་ནོར་ལུག་ཡོད་དོ་ཅོག་སྙིང་རྗེ་ཅི་ཡང་མེད་པར་ཁ་ཆེའི་འཚོང་པ་ཡོད་སའི་བཤས་རར་དེད་དེ་ཕྱིར་བཙོངས་བྱས་པས། དུས་དེ་ནས་བཟུང་སྔོན་ཆད་སྡེ་བའི་ཡུལ་མི་ཚོའི་མིག་ནང་གི་ཁ་ལེན་ཚིག་བརྩི་ཅན་གྱི་བྱིས་པ་སྲི་ཞུ་ཅན་དེ་ཡ་ང་སྙིང་རྗེ་སྤུ་ཙམ་ཡང་མེད་པའི་སྡིག་ཆེན་ཅིག་ཏུ་གྱུར་འགོ་ཚུགས།
     སྡེ་བའི་བགྲེས་སོང་འགས་བཀྲ་ཤིས་ཀྱི་ད་ལྟའི་གནས་བབ་དེ་མཐོང་དུས་དབུགས་རིང་ཡང་ཡང་འཐེན་ཞོར་མགོ་བོ་འཕྲེད་དུ་གཡུག་གིན་འདུག
     ཉིན་ཞིག་གི་ཞོགས་པར་བཀྲ་ཤིས་ཀྱིས་ལོ་མང་རང་གི་མགོ་དང་གཏན་ནས་ཁ་བྲལ་མ་མྱོང་བའི་སྐྲ་ལོ་རིང་བོ་དེ་ཕང་སེམས་ཅི་ཡང་མེད་པར་དུམ་བུ་དུམ་བུར་བཅད་དེ་གཙང་མར་བྲེག་རྗེས་རང་གི་ལྟེ་ཁྲག་འཕོ་སའི་རུ་སྡེ་ཁྲ་མོ་ལས་གྱེས་ཏེ་ཐད་ཀར་རྒྱང་རིང་གི་ཉི་མ་ལྷ་སའི་ཕྱོགས་སུ་ཁ་གཏད་དེ་ལམ་ལ་ཞུགས་སོང་།
     "བཀྲ་ཤིས་ངོ་མ་སྨྱོས་པ་འདྲ། རང་གི་མགོ་སྟེང་གི་སྐྲ་ལོ་ཡང་བྲེགས་འདུག"
     "སྡིག་ཆེན་དེས་རང་སྐྱོན་ངོས་འཛིན་ཐུབ་སྟེ་སེམས་པ་ཆོས་ལ་གཞོལ་ཡོད་པ་འདྲ"
     བཀྲ་ཤིས་ཀྱིས་རང་གི་སྐྲ་བྲེག་པ་དང་དེ་ནས་ཡང་ལྷ་སར་ཆས་པའི་གནས་ཚུལ་དེ་སྡེ་བའི་གྲུ་ག་གང་སར་རླུང་ལྟར་ལྡང་བཞིན་འདུག་པས། ཚང་མས་དེ་ལྟར་ལབ་གླེང་བྱེད་ཀྱིན་འདུག
     སྤྱིར་སྐྱེ་བོ་གཞན་ལ་ཆ་མཚོན་ནས་བཤད་ན། རང་གི་མགོ་སྟེང་དུ་སྐྱེས་པའི་སྐྲ་ལོ་བྲེག་པ་ནི་རྒྱུན་གཏན་གྱི་བྱ་བ་ཞིག་ཡིན་ཡང་། བཀྲ་ཤིས་ལ་ཆ་མཚོན་ན་རང་གི་མགོ་སྟེང་གི་སྐྲ་བྲེག་དགོས་ཞེས་བརྗོད་ན་དེ་ནི་ཁོའི་སྲོག་བཅད་པ་དང་ཨ་ན་མ་ན་རེད། ཁོ་ལའང་ཅི་ཁག མི་ལོ་བཅུ་ལྷག་གི་མི་ཚེའི་འཕྲང་ལམ་རིང་མོའི་འགྲུལ་བཞུད་འོག ཁོས་རང་ཉིད་ཀྱི་སྐྲ་ལ་ཚེ་སྲོག་ལྟར་གྱི་གཅེས་འཛིན་བྱས་ཏེ་ད་གཟོད་སྐྱེ་བོ་སུ་ལའང་མཐོང་དཀོན་པའི་ད་ལྟའི་གནག་ཅིང་རིང་ལ་བཀྲག་མདངས་ཀྱིས་ཕྱུག་པའི་སྐྲ་ལོ་དེ་བྱུང་བ་མ་ཡིན་ནམ། མ་གཞི་ཁོའི་རྐང་པ་དང་ལག་མཐིལ་གྱི་ངོས་སུ་རྨ་ཤུལ་དང་སེར་ཁ། དྲེག་པས་ཡོངས་སུ་བཏུམས་ཤིང་། ངོ་གདོང་ཡང་ཉི་མའི་འོད་ཟེར་གྱིས་འཚིག་ཏེ་དམར་སྨུག་ཏུ་གྱུར་ཡོད་པས། སྐྱེ་བོ་སུ་ཞིག་གིས་མཐོང་ཡང་ཡ་ང་སྙིང་རྗེ་སྐྱེ་དགོས་པའི་གནས་སུ་གྱར་ཡོད་མོད། ཁོའི་གནག་སྣུམ་གྱི་སྐྲ་ལོ་རིང་བོ་ནག་གྱིལ་ལེར་རྒྱ་ལྕང་གི་གཞུང་རྟ་ཐུར་དུ་དཔྱངས་པ་དང་འདྲ་པོ་ཡོད་པས། སྐྱེ་བོ་གཞན་པས་ཁོའི་སྐྲ་ལོ་ཡིད་དུ་འོང་བ་དེ་མཐོང་དུས་རང་དབང་མེད་པར་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པར་བྱེད། དེས་ན་སྐྲ་ལོ་རིང་བོ་ནི་རང་ཁྱིམ་གྱི་རྩ་ཆེའི་རིན་ཐང་བྲལ་བའི་དགོས་འདོད་ཀྱི་ནོར་བུ་ཀུན་འབྱུང་ཞིག་དང་འདྲ་བར་ཀུན་ལ་ངོམས་སུ་རི་བའི་རྒྱན་ཆ་ཁྱད་དུ་འཕགས་པ་ཞིག་ཏུ་གྱུར་ཡོད་པས། ཁོས་རང་ཉིད་ཀྱི་སྐྲ་ལོར་བྱིལ་བྱིལ་ལན་འགའ་བྱེད་ཞོར་རང་ལ་ལྷན་སྐྱེས་ཀྱི་སྐྲ་ལོ་དེ་འདྲ་ཞིག་མངའ་བར་སེམས་ལ་ཡི་གེའི་ལམ་དུ་དབབ་དཀའ་བའི་བརྩེ་དུང་ཞིག་དང་དགའ་ཚོར་གྱི་བསམ་པ་ཤུགས་དྲག་པོ་ཞིག་མཚོ་ལྟར་འཕྱུར་ཡོང་།
     "བཀྲ་ཤིས་ཉི་མ་ལྷ་སར་ཐོན་འདུག་ཟེར"བཀྲ་ཤིས་ལྷ་སར་སླེབས་པའི་གནས་ཚུལ་དེ་ནི་ཉིན་འགའི་གོང་དུ་ཡུལ་དེ་གར་ཅ་ལག་རྙིང་བ་ཉོ་མཁན་གྱི་འཚོང་བ་ཞིག་གི་ངག་ལས་ཐོས་པ་རེད། གང་ལྟར་བཀྲ་ཤིས་ཉི་མ་ལྷ་སར་འབྱོར་བའི་གནས་ཚུལ་དེ་ནི་ཡུལ་དེར་མཚོན་ན་ལོ་དེའི་གསར་འགྱུར་གསར་བ་ཞིག་ཏུ་གྱུར། རྒད་པོ་ཉི་མས་རང་གི་སྨ་ར་དཀར་བོར་བྱིལ་བྱིལ་ལན་འགའ་བྱེད་ཞོར་"ད་ནི་བཀྲ་ཤིས་སྡིག་ཆེན་པ་དེས་ཀྱང་ལྷ་ས་རིག་ཐུབ་པ་བྱུང་བ་འདྲ"ཞེས་ཁེར་ལབ་རྒྱག་ཞོར་རྒྱང་རིང་གི་ཉི་མ་ལྷ་སའི་ཕྱོགས་སུ་མིག་ཟུང་ཅེར་བཞིན་སྣ་ཐ་སེན་མོ་གང་ཤེད་ཀྱིས་རྔུབས་སོང་།
     སྐྱེ་ས་འཚར་ས་དང་ཐ་ན་འཆི་སའང་ཡུལ་དེ་ག་རང་དུ་ཡིན་པའི་རྨ་ལུང་སྡེ་བའི་རྒན་རྒོན་ཚོའི་ངོས་ནས་བརྗོད་ན། ཉི་མ་ལྷ་ས་ཞེས་མི་རབས་གོང་མ་རྣམས་ཀྱི་དུས་ནས་རྣ་བའི་བུ་གར་གོ་ཐོས་བྱུང་བ་མ་གཏོགས་ལྷ་སར་གཏན་ནས་འགྲོ་མྱོང་མེད་པས། བཀྲ་ཤིས་ལྷ་སར་འབྱོར་བའི་གནས་ཚུལ་དེས་ཁོ་ཚོའི་སེམས་པ་བླ་ལྷག་ཏུ་འགུལ་བར་བྱས། "ཁོ་ངོ་མ་མི་བསོད་ནམས་ཅན་ཞིག་ཡིན་རྒྱུ་རེད། དེ་མ་གཏོགས་ཉི་མ་ལྷ་སར་ཇི་ལྟར་སླེབས་ཐུབ"བཀྲ་ཤིས་ལྷ་སར་སླེབས་པའི་གནས་ཚུལ་དེ་སྡེ་བའི་ཁྱོན་ལ་རླུང་ལྟར་ཁྱབ་རྗེས། སྡེ་བའི་ཡུལ་མི་ཚོས་བཀྲ་ཤིས་ལ་ཡིད་སྨོན་ཆེན་པོ་སྐྱེས་བྱུང་། འགའ་རེས་རང་གི་ལག་ཟུང་གི་སྙིམ་པ་ཐོད་པར་གཏད་ནས"ལྷ་ས་ན་ལྷ་སྐུ་མང་པོ་ཡོད་པ་རེད"ཟེར་བཞིན། ལྷ་ས་ནི་ལྷ་དང་ལྷ་མོའི་བཞུགས་ཡུལ་ཡིན་པས། གལ་ཏེ་བཀྲ་ཤིས་མི་བུ་སྤྱིར་བཏང་བ་ཞིག་ཡིན་ན་ལྷ་སར་འགྲོ་སྐལ་ག་ལ་ཡོད་ཟེར། གང་ལྟར་བཀྲ་ཤིས་ནི་རྨ་ལུང་སྡེ་བ་ནས་ཉི་མ་ལྷ་སའི་ཕྱོགས་སུ་འགྲོ་མྱོང་མཁན་གྱི་མི་བུ་ཐོག་མ་དེ་ཡིན་པས། ཡུལ་མི་ཚོའི་སེམས་ནང་བཀྲ་ཤིས་ནི་ངོ་མ་མི་བུ་ཁྱད་འཕགས་ཅན་ཞིག་དང་། བླ་མའམ་སྐྱེས་བུ་དམ་པ་གང་རུང་ཞིག་གི་སྤྲུལ་བ་འཁྲུལ་མེད་ཅིག་ཡིན་རྒྱུ་རེད་ཟེར་ནས། ཁོ་ཚོས་སྔོན་ཆད་བཀྲ་ཤིས་ལ་སྡིག་ཆེན་པ་ཞེས་ངན་སྨྲས་བྱས་པར་སེམས་ལ་འགྱོད་བཤགས་ཀྱི་བསམ་པས་ཡོངས་སུ་ནོན་འདུག
     བཀྲ་ཤིས་ལྷ་སར་ཐོན་པའི་གནས་ཚུལ་དེ་ནི་ངོ་མ་བདེན་པར་འདུག བཀྲ་ཤིས་ངོ་མ་ཉི་མ་ལྷ་སར་ཐོན་འདུག ལྷ་སའི་ཉི་འོད་ནི་འབར་གྱིན་པའི་མེ་ལྡུམ་ཞིག་དང་འདྲ་བར་ཁོའི་ལུས་པོ་ཧྲིལ་བོ་རྔུལ་ཆུས་ཡོངས་སུ་བརླན་འདུག  བཀྲ་ཤིས་ཀྱི་བསམ་པར་ལྷ་དང་བླ་མའི་གདན་སར་གྲགས་པའི་ཉི་མ་ལྷ་ས་ཞེས་པ་འདི་ངོ་མ་ཁོ་རང་འཚོ་གནས་བྱ་ཡུལ་གྱི་མཐའ་འཁོབ་ཀྱི་རྨ་ལུང་སྡེ་བའི་ནམ་ཟླ་དང་མི་འདྲ་བར་དུས་ཚིགས་བཞི་པོ་དགུན་ཁ་ཇི་བཞིན་གྲང་ངར་གྱིས་བསྡམས་པ་མ་ཡིན་པར། དུས་ཚིགས་བཞི་བོ་དབྱར་ཁ་ཇི་བཞིན་ཚ་སྲེག་གིས་ཕྱུག་འདུག་སྙམ། ཁོས་དེ་ལྟར་བསམ་བློ་གཏོང་བཞིན་ལྷ་སའི་ཕྱོགས་བཞི་མཚམས་བརྒྱད་མྱུལ་འགོ་ཚུགས།
     ལྷ་ས་ཞེས་པའི་གྲོང་ཁྱེར་འདིར་དེང་རབས་ཀྱི་གྲོང་ཁྱེར་ཞིག་ལ་འཛོམས་དགོས་པའི་ཆ་རྐྱེན་ཚང་མ་འཛོམས་འདུག གནས་འདི་རུ་ཕྲེང་བ་ལག་ཏུ་ཐོགས་བཞིན་ངག་ནས་མ་ཎི་ཡིག་དྲུག་འདོན་བཞིན་པའི་བོད་རིགས་ཀྱི་དད་ལྡན་མང་ཚོགས་འདུས་ཡོད་ལ། སྐྲ་ལོ་སེར་ཞིང་གཟུགས་པོ་རིང་ལ་སྣ་གཟེངས་མཐོ་བའི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཡང་འདུག ཞྭ་མོ་དཀར་བོ་གྱོན་པའི་ཁ་ཆེའི་འཚོང་པ་འདུག་ལ། འཇིབ་ཆུང་རླངས་འཁོར་བཏང་སྟེ་པར་ལེན་བྱེད་བཞིན་པའི་མེས་རྒྱལ་ནང་སའི་རྒྱ་རིགས་བློ་མཐུན་ཡང་འདུག རྩེ་མོ་མཁའ་ལ་ཟུག་འདྲའི་མཐོ་ཞིང་བརྗིད་ལ་ཚར་དུ་དངར་བའི་ཐོག་བརྩེགས་ཁང་ཆེན་འདུག་ལ། སློབ་གྲྭ་དང་ཟ་ཁང་། འཚོང་ཁང་། ལས་ཁུངས་སོགས་མང་དག་ཅིག་ཡང་གནས་དེར་འདུས་འདུག ད་དུང་གནས་འདིར་ཁོས་མེས་པོ་གོང་མ་ཚོའི་ངག་སྒྲོས་ལས་ཐོས་མྱོང་བའི་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་རྣམ་གཉིས། གདན་ས་སེ་འབྲས་དགེ་གསུམ་སོགས་ཀྱང་དངོས་སུ་ཞལ་མཇལ་བྱུང་བས། ཁོའི་སེམས་པ་རེ་ཞིག་བུང་བ་སྦྲང་རྩིའི་དཔལ་ལ་རོལ་འདྲའི་དགའ་སྣང་དང་སྐྱིད་སྣང་གིས་ཡོངས་སུ་ཁེངས། ཁོ་རང་དེ་ལྟར་དགའ་སྣང་དང་སྐྱིད་སྣང་གི་སྣང་བས་ཕྱུག་ཏེ་དུས་ཚོད་ཇི་ལྟར་ཕར་ལ་འདས་པའང་ཤེས་ཀྱིན་མིན་འདུག
ཉི་མ་ནུབ་རིར་བཞུད་ལ་ཉེ། ཉི་མ་བཞུད་ལ་ཁད་ཀྱི་མཁའ་མཐའི་མཚམས་སྤྲིན་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་ཡིན་པ་ཁོས་གཞི་ནས་རྟོགས་བྱུང་། དེ་ནི་མེ་ལྟར་འབར་གྱིན་པའི་ཁོའི་ད་ལྟའི་སེམས་ཁམས་དང་འདྲ་བར་ཅི་འདྲའི་ཡིད་དུ་འོང་ཞིང་མཚར་དུ་སྡུག་པ་ཞིག་རེད་ཨང་། ཁོས་དེ་ལྟར་མཚམས་སྤྲིན་ལ་ལྟ་བཞིན་དུས་ཚོད་སྐར་ཆ་རེ་རེ་བྱས་ནས་ཕར་ལ་སྐྱེལ་བཞིན་ཡོད་པས། ཁོས་ད་གཟོད་ཉི་མ་ནུབ་རིར་བྱོན་ནས་ས་གཞིའི་ཁྱོན་ལ་སྨག་རུམ་གྱིས་བཏུམས་ཡོད་པ་གཞི་ནས་ཚོར། ས་རུབ་པས་ཁོས་ད་གཟོད་གྲོང་ཁྱེར་ལྷ་ས་ཅི་འདྲའི་རྒྱ་ཆེ་ཡངརང་ཉིད་ལ་འདུག་སའི་གནས་ཤིག་མེད་པ་གཞི་ནས་དྲན། ཁོས་གློ་བུར་དུ་རང་ཉིད་ཀྱི་ཕ་ཡུལ་དྲན་བྱུང་། གྲོང་ཁྱེར་འདི་རུ་མི་ཚོགས་རྒྱ་མཚོ་འཁྱོམས་པ་ལྟར་ལང་ལོང་གིས་ཕྱུག་ཀྱང་ཁོ་ལ་ངོ་ཤེས་རྒྱུས་མངའ་ཅན་གྱི་མི་གཅིག་ཀྱང་མེད། ཁོའི་སེམས་ལ་གློ་བུར་དུ་ཁེར་རྐྱང་གི་སྐྱོ་བ་དྲག་པོ་ཞིག་སྐྱེས། ཁོ་རང་མུ་མཐུད་དེ་ལྷ་སའི་ཁྲོམ་གཞུང་འགའ་བརྒྱུད་ནས་རང་ཉིད་འདུག་སའི་གནས་ཁང་ཞིག་འཚོལ་བར་བསྐྱོད། ཁོ་རང་དེ་ལྟར་ལམ་ལ་སྐྱོད་བཞིན་པའི་སྐབས། ཁོས་རང་ཉིད་དང་རྒྱང་ཐག་མི་རིང་བའི་ས་ན་གློག་འོད་ཆེམ་ཆེམ་དུ་འཕྲོ་ཞིང་"བརྩེ་དུང……བར་ཆད……ངའི་སེམས་པ་སྐྱོ་བྱུང"ཞེས་ཚིག་གསལ་པོ་མི་གོ་བའི་བོད་གཞས་ཤིག་ཁོའི་རྣ་ལམ་དུ་གྲགས་བྱུང་བས། ཁོས་གླུ་དབྱངས་དེའི་འགྱུར་ཁུག་ལ་ཉན་བཞིན་ཐད་ཀར་གླུ་དབྱངས་གྲགས་འོང་སའི་ནང་མ་ཁང་དེའི་ནང་འཛུལ། ཁོ་རང་ནང་མ་ཁང་དེའི་སྒོ་ཐེམ་སྤོས་མ་ཐག་མིག་ཤེལ་ནག་པོ་གྱོན་ཞིང་། སྟོད་གོས་ནག་པོ་གྱོན་པའི་མི་ཞིག་གིས་ཁོའི་བྲང་ཁ་ནས་བཟུང་སྟེ"སྤྲང་ཕྲུག  མར་རྒྱུགས་ཤིག"ཅེས་སྨྲས་ཏེ་ཁོ་རང་ཕྱིར་ཕུད་བྱུང་། མི་དེའི་སྐད་ཆ་རྣ་ལམ་དུ་ཉན་རྗེས་ཁོའི་སེམས་ལ་གློ་བུར་དུ་གྲང་འདར་ཅིག་བརྒྱབ་བྱུང་། 
      རེད་ཨང་། མི་ལོ་བཅུ་ཕྲག་ལྷག་གི་རིང་ལ་ཁོ་ལ་སྤྲང་པོར་འབོད་མཁན་གཏན་ནས་བྱུང་མ་མྱོང་ཡང་། ད་ལྟ་ཆོས་ཀྱི་ཞིང་ཁམས་སུ་གྲགས་པའི་གནས་མཆོག་འདི་རུ་གཞན་གྱིས་རང་ཉིད་ལ་སྤྲང་པོ་ཞེས་དམའ་འབེབས་གཏོང་མཁན་ཡོད་འགྲོ་བསམ་བསམ་གཏན་ནས་མ་བྱུང་བས། ཁོའི་སེམས་ལ་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་ནས་ལུས་ཀྱི་ཤེད་ཤུགས་ཡོད་ཚད་བཏོན་ཏེ་ཨུ་ཚུགས་ཀྱིས་ནང་མ་ཁང་དེའི་ནང་འཛུལ་བས། གོང་གི་མིག་ཤེལ་ནག་པོ་གྱོན་པའི་མི་དེས་རོགས་པ་གསུམ་ཙམ་བོས་ཏེ་ཁོ་རང་བཙན་གྱིས་ཕྱི་རོལ་ཏུ་དྲུད་ནས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་ཁོའི་མགོ་དང་སྒལ་བའི་ངོས་སུ་རྡོག་བརྫིས་བཏང་སྟེ་གཅར་བརྡུང་ནན་པོ་བྱས་པས། རེ་ཞིག་ལྷ་ཡུལ་དུ་སླེབས་འདྲའི་བཀྲ་ཤིས་ཀྱི་དགའ་བ་དང་སྤྲོ་བ་མཐའ་དག་མིག་ཡུད་ཙམ་ཞིག་ལ་དམྱལ་ཁམས་རིམ་པ་བཅོ་བརྒྱད་ཀྱི་གནས་སུ་བརྫངས་པ་ལྟ་བུའི་ཚོར་བ་སྐྱུར་མོ་ཞིག་གིས་ཡོངས་སུ་མནན་བྱུང་། བཀྲ་ཤིས་ལ་གློ་བུར་དུ་འཇིགས་སྣང་ཞིག་སྐྱེས་བྱུང་། ལྷ་ཡི་ཞིང་ཁམས་སུ་གྲགས་པའི་གནས་མཆོག་འདི་རུ་མི་འབག་གྱོན་པའི་གདོན་འདྲེ་གསོན་པོ་དེ་འདྲ་མང་པོ་ཞིག་ཡོད་འགྲོ་བསམ་པ་ཁོའི་བསམ་པའི་ཡུལ་ལའང་དྲན་མ་མྱོང་། ཁོའི་མིག་དང་སྣ་ལས་ཁྲག་དམར་བར་མེད་བཞུར་འོང་ཞིང་། ལག་ཟུང་གཉིས་པོ་ས་ལ་བཙུགས་ནས་ཡར་ལངས་རྩིས་ཐེངས་མང་བྱས་ཀྱང་། ལུས་པོའི་ཁྱོན་ལ་ཤེད་ཤུགས་གཏན་ནས་མེད་པས་ཡར་ལངས་པའི་ནུས་པ་ནི་བྲལ། ངག་ནས"ཨ་མ། ཨ་མ"ཞེས་ཡང་ཡང་འབོད་ཀྱང་སྐད་ལན་འབྱིན་མཁན་མ་བྱུང་བས། ཁོའི་རེ་བ་མཐའ་དག་སྟོང་ཟད་དུ་ཕྱིན་སོང་།
     མཚན་མོ་དེར། ཁོའི་མགོ་ལ་འབར་གས་བྱེད་ལ་ཁད་ཀྱི་ན་ཟུག་ཞིག་ཐོལ་གྱིས་ལྡང་བྱུང་། ན་ཟུག་དེས་ཁོའི་དབུགས་ཀྱང་འབྱིན་རྔུབ་བྱ་དཀའ་བར་བཏང་། ཁོ་རང་ལ་དྲན་པ་རབ་རིབ་ཅིག་ཡོད་དུས། ཁོའི་ཀླད་པའི་ནང་དགོད་བྲོ་ལ་ཡ་མཚན་གྱིས་ཕྱུག་པའི་བརྙན་རིས་མང་པོ་ཅིག་རྗེས་གཉིས་མཐུད་ཀྱིས་འཆར་འོང་སྟེ། སྐབས་རེ་ཨ་མ་རྒན་མོས་ཁོ་ལ་མིག་ཟུང་བགྲད་དེ་ཁྲོ་ཉམས་བསྟན་པ་དང་། སྐབས་རེ་ཁོས་སྔོན་ཆད་ཁ་ཆེའི་འཚོང་བ་དག་ལ་བཙོངས་ཟིན་པའི་རང་ཁྱིམ་གྱི་ནོར་ལུག་དག་གིས་མཆི་མ་ཡང་ཡང་གཏོང་ཞོར་རྣོ་དབལ་གྱིས་ཕྱུག་པའི་རྭ་རྩེ་རྣོན་མོ་ཁོའི་ཕྱོགས་སུ་བརྐྱངས་པས་ཁོའི་ལུས་པོའི་སྟོད་སྨད་གང་སར་ཙག་ཤད་ཡང་ཡང་བརྒྱབ་འོང་། ད་ལྟ་ཁོའི་ངོ་གདོང་གི་ཁྱོན་ལ་ལེ་བདའ་དང་སྐྱོ་སྣང་གིས་ཁེངས་ཡོད་ཅིང་། མིག་ཟུང་ལས་རེ་ཆད་དང་ཕང་སེམས་ཀྱི་སྣང་བས་ཡོངས་སུ་ཕྱུག་འདུག
     ནངས་ཁ་ཁོ་རང་དྲན་པ་གསོས་དུས། ཉི་མ་ཤར་རིའི་རྩེ་ནས་མཁའ་ལ་འཕགས་ཏེ་ཡུན་རིང་འགོར་འདུག ལྷ་སའི་ཉི་འོད་སྔར་བཞིན་ཚ་སྲེག་གིས་ཕྱུག་ཀྱང་། ད་ལྟ་བཀྲ་ཤིས་ལ་ཚ་སོབ་སོབ་ཀྱི་དྲོད་སྣང་ཅི་ཡང་མ་བྱུང་། ཁོས་མིག་ཟུང་ཇེ་ཆེར་བགྲད་ནས་མཐའ་འཁོར་གྱི་ཡུལ་ལྗོངས་ལ་ལན་ཅིག་ལྟ་དུས། རང་ཉིད་རྒྱུས་མེད་ཀྱི་ཡུལ་ལུང་དེ་འདྲ་ཞིག་ཏུ་ཇི་ལྟར་སླེབས་པ་ཤེས་ཀྱིན་མིན་འདུག་ལ། རང་གི་གནག་སྣུམ་ཅན་གྱི་སྐྲ་ལོ་རིང་བོ་དེའང་གར་སོང་མཐོང་རྒྱུ་མ་བྱུང་། ཁོའི་སེམས་པ་སྐད་ཅིག་ཉིད་དུ་དངངས་འཚབ་ཀྱིས་ཕྱུག་སྟེ་ཡར་ལངས་གྲབས་བྱས་པས། ཁོས་ད་གཟོད་རང་ཉིད་ཀྱི་ངོ་གདོང་དང་། ལུས་པོའི་ཁྱོན་ལ་རྨ་ཁས་ཁེངས་ཏེ་ན་ཟུག་བར་མེད་ལྡང་འོང་བ་གཞི་ནས་ཚོར། ཁོ་དེ་མ་ཉིད་དུ་སྨྱོས་པ་ལྟར་རང་གི་མགོ་ལ་སྦར་མོས་བྲད་བཞིན"ངའི་སྐྲ་ལོ། ངའི་སྐྲ་ལོ"ཟེར་བཞིན་ངུས་བྱུང་བས། ཉེ་འགྲམ་གྱི་སྲང་ལམ་དུ་སྐྱོད་བཞིན་པའི་མི་མང་པོ་ཞིག་ཁོའི་ཕྱོགས་སུ་བརྒྱུགས་འོང་སྟེ་ཁོའི་མཐའ་ནས་རུབ་བྱུང་།
     བཀྲ་ཤིས་ཀྱིས་རང་གི་མགོ་ལ་ལག་པས་ལན་འགའ་འཇུས་ཏེ་རང་ཉིད་ཀྱི་སྔོན་ཆད་ཀྱི་ནག་འཁྱིལ་ལེར་ཆགས་པའི་སྐྲ་ལོ་རིང་མོ་དེ་ཡིད་ལ་དྲན་འོང་། ཁོས་ད་ལྟ་རང་ཉིད་ཀྱི་སྐྲ་ལོ་རིང་མོ་དེ་ཡིད་ལ་དྲན་པ་ལས། དེ་མིན་གྱི་ཁོ་རང་གི་མིང་ལ་ཅི་ཞིག་ཟེར་མིན་དང་། རང་ཉིད་ཀྱི་ཕ་རྒན་གྱིས་རང་དང་ཨ་མ་ཤུལ་དུ་བསྐྱུར་ནས་སྡེ་བ་ལས་ཇི་ལྟར་གྱེས་ཚུལ། མ་རྒན་ཇི་ལྟར་ཚེ་ལས་འདས་ཚུལ། ལུག་ཁྱུ་ཁ་ཆེའི་འཚོང་བ་ཡོད་སའི་བཤས་རར་ཇི་ལྟར་བཙོངས་ཚུལ། རང་ཉིད་ཇི་ལྟར་ལྷ་ས་ཟེར་བའི་རྒྱུས་མེད་ཀྱི་ཡུལ་གྲུ་དེར་འབྱོར་ཚུལ། རང་ཉིད་ལ་རྨ་ཁ་ཇི་ལྟར་བྱུང་ཚུལ་སོགས་གཏན་ནས་ཡིད་ངོར་མི་དྲན། དེ་ནི་ཁོ་ལ་མཚོན་ན་འཇིགས་སུ་རུང་བའི་རྨི་ལམ་འཚུབ་པོ་ཞིག་དང་ཅི་འདྲའི་མཚུངས་ཨང་།
     གནས་དེར་འདུས་པའི་མི་ཚོགས་ཀློང་གི་རྨོ་བོ་རྒན་གྲས་དེས་བཀྲ་ཤིས་ཀྱི་ཉམ་ཐག་པའི་ཚུགས་ཀ་དེ་མཐོང་བས། སེམས་ཀྱིས་མ་བཟོད་པར་ལྷ་སའི་ཉེ་འགྲམ་གྱི་མངགས་གཏོང་ཁང་ཞིག་ལ་ཁ་པར་བཏང་ཞིང་། མངགས་གཏོང་ཁང་གི་ལས་བྱེད་མི་སྣས་བཀྲ་ཤིས་ཀྱི་ཐོབ་ཐང་ལག་ཁྱེར་བརྒྱུད་ཁོ་རྨ་ལུང་སྡེ་བར་ཕྱིར་བསྐྱལ་བྱུང་།
     བཀྲ་ཤིས་རྨ་ལུང་སྡེ་བར་འབྱོར་དུས། ཉི་མ་ཆུ་ལྷའི་ཕང་བར་བཞུད་ལ་ཉེ། བཀྲ་ཤིས་ཀྱིས་ད་ལྟ་རང་ཉིད་སྐྱེ་སའི་ཕ་ཡུལ་དེར་རྒྱུས་མངའ་གཏན་ནས་མིན་འདུག  སྡེ་བའི་ཡུལ་མི་རྣམས་ཀྱིས་བཀྲ་ཤིས་ཕྱིར་ཡུལ་ལ་འབྱོར་བའི་གནས་ཚུལ་ཤེས་མ་ཐག་མྱུར་དུ་མ་གྲོས་གཅིགམ་མཐུན་ངང་གནས་དེར་འདུས་ནས་བཀྲ་ཤིས་ལ་ལྟ་བར་འོང་། འོན་ཀྱང་། ད་ཆ་ཁོ་ཚོས་བཀྲ་ཤིས་ངོ་ཤེས་ཀྱིན་མིན་འདུག སྡེ་བའི་ཡུལ་མི་རྣམས་ཀྱིས་བཀྲ་ཤིས་ཀྱི་ཉམ་ང་བའི་ཚུགས་ཀ་དེ་མཐོང་བས། འགའ་རེས"བཀྲ་ཤིས་ངོ་མ་སྨྱོས་འདུག ད་ཆ་ཁོས་རང་གི་ཕ་ཡུལ་ཡང་ངོ་ཤེས་ཀྱིན་མིན་འདུག"ཟེར་བ་དང་། ཡང་འགའ་རེས་བཀྲ་ཤིས་ཀྱི་ངོ་གདོང་གི་རྨ་ཁ་དག་མཐོང་བས"ད་བྱས་ན་ལྷ་སར་ལྷ་དང་ལྷ་མོ་ཡོད་པ་ཕུད། ད་དུང་གདོན་འདྲེ་མང་དག་ཅིག་ཀྱང་ཡོད་པ་རེད་ཨང"ཟེར་བཞིན་དབུགས་རིང་ཡང་ཡང་འཐེན་སོང་།
     སྡེ་བའི་མི་རྒན་ཚོས་བཀྲ་ཤིས་ཀྱི་རྣམ་པ་དེ་མཐོང་དུས། སེམས་ཀྱིས་མ་བཟོད་པར་ཁོ་ཡུལ་དེའི་རི་འདབས་སུ་ཆགས་པའི་ཐོས་བསམ་གླིང་དགོན་པའི་མཁན་པོ་རིན་པོ་ཆེའི་སྐུ་མདུན་དུ་ཁྲིད་ནས་ཁོ་གྲྭ་པར་ཉར་རྒྱུའི་རེ་བ་བཏོན། མཁན་པོ་རིན་པོ་ཆེས་བཀྲ་ཤིས་ཀྱི་གདོང་ལ་ཡང་ཡང་གཟིགས་ཞོར་བཀྲ་ཤིས་ཀྱི་གདོང་ལ་སྡིག་མཛུབ་བསྟན་ནས"སྡིག་ཆེན། ངོ་མ་སྡིག་ཆེན་རེད། སེམས་ཅན་ལྔ་བཅུ་ལྷག་གི་སྲོག་བཅད་པ་མ་ཟད། ཐ་ན་རང་གི་མ་རྒན་གྱི་སྐྱེ་བར་གྱུར་བའི་ལུ་གུ་དེ་ཡང་ཚེ་ཐར་དུ་གཏང་མིན་འདུག ངོ་མ་སྡིག་ཆེན་རེད"ཅེས་གསུངས། མཁན་པོའི་བཀའ་མོལ་དེ་ཐོས་རྗེས། གནས་དེར་འདུས་པའི་སྡེ་བའི་རྒན་རྒོན་ཚོ་རེ་ཞིག་ཧོན་ཐོར་བ་ལྟར་སྐད་ཆ་ཚིག་གཅིག་ཀྱང་ངག་ལས་མ་ཐོན། མཁན་པོས་གསུངས་ན་བཀྲ་ཤིས་ཀྱིས་སྔོན་ཆད་སྡིག་པའི་རྒྱུ་མང་དག་ཅིག་བསག་པས། སྡིག་ཆེན་དེ་འདྲ་ཞིག་དགོན་སྡེར་ཉར་ན། སྡིག་ཉེས་ནམ་མཁར་ཤོང་མི་སྲིད་ཟེར། མཁན་པོས་དེ་ལྟར་གསུངས་པས། སྡེ་བའི་རྒན་རྒོན་དེ་དག་ལའང་ཐབས་བཀོད་ཟད་པས། བཀྲ་ཤིས་སླར་ཡང་སྡེ་བར་ཁྲིད་འོང་། དུས་དེ་ནས་བཟུང་། རྨ་ལུང་སྡེ་བར་བཀྲ་ཤིས་ནི་མི་སྡིག་ཆེན་ཅིག་ཡིན་པར་བཤད་དེ། དུས་རྒྱུན་བཀྲ་ཤིས་མཐོང་དུས"སྡིག་ཆེན། སྡིག་ཆེན"ཅེས་བོས་ཏེ་ཁོ་ལས་རྒྱང་དུ་བཀྱེད་བཞིན་འདུག
     སྡེ་བའི་ཡུལ་མི་ཚོའི་སྡིག་དམོད་ཀྱི་སྐད་ཆ་དེ་དག་གིས་བཀྲ་ཤིས་ཀྱི་སེམས་ལ་ཆུ་འཁྱག་ཟོམ་གང་བཤོས་པ་ལྟར་འཁྱག་སིབ་བེར་བཏང་བྱུང་། འོན་ཀྱང་ཁོ་ལ་ཐབས་བཀོད་ཅི་ཡོད། འཇིག་རྟེན་འདིར་མི་ཁ་འགོག་ཐབས་ཤིག་གང་ན་ཡོད། ཡང་གཅིག་བཤད་ན། ད་ལྟ་ཁོས་མི་ཁ་དེ་དག་ལ་ཁ་ཡ་བྱ་དགོས་དོན་ཅི་ཡང་མེད།
     ཕྱི་རོལ་དུ་གྲང་རླུང་བར་མེད་དུ་གཡུག་བཞིན་འདུག ཁོས་ད་གཟོད་སྔོན་ཆད་རླུང་གི་གཡོ་ཕྱོགས་དང་མདུན་ནས་མིག་མདུན་དུ་ཕར་གཡོ་ཚུར་གཡོ་བྱེད་པའི་རང་ཉིད་ཀྱི་སྐྲ་ལོ་རིང་བོ་དེ་དྲན་བྱུང་།
     མཚན་མོ་དེར། ཁོ་ལ་འཇིགས་སུ་རུང་བའི་རྨི་ལམ་འཚུབ་པོ་ཞིག་བཏང་བྱུང་། རྨི་ལམ་ནང་མཁན་པོ་རིན་པོ་ཆེས་ཁོ་རང་གི་གདོང་ལ་མཛུབ་མོས་བསྟན་ཏེ་སྡིགས་བྱུང་བ་དང་། ཨ་མ་རྒན་མོས་ཁོ་རང་གི་མགོ་སྐྲ་རིང་བོ་ནས་བཟུང་སྟེ་"སྡིག་ཆེན། རང་གི་ཨ་མ་ཡང་བཤས་རར་དེད། ཁྱོད་ངོ་མ་ངའི་བུ་མ་རེད་བྱོལ་སོང་རེད"ཅེས་སྡིག་དམོད་བཏང་བྱུང་། ཕྱི་ཉིན་གཉིད་ལས་སད་དུས། ཁོ་རང་གི་མགོ་ལ་ན་ཟུག་དྲག་པོ་ཞིག་ཤེད་ཀྱིས་ལྡང་བྱུང་། ན་ཟུག་དྲག་པོ་ལྡང་ཐེངས་རེར། ཁོའི་མིག་མདུན་དུ་མ་རྒན་གྱིས་ཁྲོ་ཉམས་སྟོན་ཞོར་རང་གི་མིག་མདུན་དུ་ཕར་འགྲོ་བྱེད་པ་དང་། ཡང་སྐབས་རེ་རང་གིས་བཙོངས་ཟིན་པའི་ལུག་ཁྱུ་དག་གིས་ཁ་ནས་དུ་རླངས་འཐེན། མིག་ཟུང་ལས་ཁྲག་དམར་བཞུར་གྱིན་ཁོ་རང་གི་ལུས་ཐོག་ཏུ་མཆོང་འོང་བའི་འཁྲུལ་སྣང་མང་དག་ཅིག་འཆར་བྱུང་། ན་ཟུག་འཇགས་དུས། ཁོས་ཅི་ཡང་དྲན་གྱིན་མིན་འདུག ཐ་ན་རང་ཉིད་སུ་ཡིན་མིན་དང་། གང་ནས་འོང་མིན་སོགས་ཅི་ཡང་དྲན་གྱིན་མིན་འདུག དུས་དེ་ནས་བཟུང་། བཀྲ་ཤིས་ཟེར་བའི་ཕོ་གསར་དེ་སྡེ་བའི་ཡུལ་མི་ཚོའི་མིག་ནང་ནམ་ཡང་སྨྱོན་པར་གྱུར་སོང་། 
     བཀྲ་ཤིས་སྨྱོས་ཟིན།
     བཀྲ་ཤིས་སྨྱོན་པས་རང་གི་ལག་པས་མགོ་ལ་བྱིལ་བྱིལ་ལན་འགའ་བྱེད་ཞོར། སྡེ་བའི་མི་རྣམས་ལ་རང་ཉིད་ལ་མི་བུ་ཀུན་ལ་མེད་པའི་ལྷན་སྐྱེས་ཀྱི་སྐྲ་ལོ་རིང་བོ་ཞིག་ཡོད་ཚུལ་འུད་བསྟོད་ཁོ་ན་བྱེད་ཀྱིན་ཉིན་གང་གི་དུས་ཚོད་ཕར་ལ་སྐྱེལ་བཞིན་ཡོད་པ་སྡེ་བའི་མི་བུ་ཀུན་གྱི་ཁ་བརྡའི་ཁྲོད་གླེང་གིན་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།