ངོས་དང་པོ > རྩོམ་རིག > དེང་རབས་བརྩམས་ཆོས། > ཨ་སྐྱབས་དར་རྒྱས་ཀྱིས་སྦྱར་བའི་སྒྲུང་ཐུང《བཀྲ་ཤིས་སྒྲོལ་མ》།
ཨ་སྐྱབས་དར་རྒྱས་ཀྱིས་སྦྱར་བའི་སྒྲུང་ཐུང《བཀྲ་ཤིས་སྒྲོལ་མ》།
རྩོམ་པ་པོ།:ཨ་སྐྱབས་དར་རྒྱས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-01-13 09:05:00
ཀློག་གྲངས།:
བཀྲ་ཤིས་སྒྲོལ་མ།
ཨ་སྐྱབས་དར་རྒྱས། (དཀར་མཛེས།)
ལོ་འདི་ནི་བཀྲ་ཤིས་པའི་ལོ་ཞིག་ཀྱང་ཡིན་པ་འདྲ།
སྡེ་དཔོན་ཚེ་རིང་གིས་དམིགས་བསལ་གྱིས་གཟིགས་སྐྱོང་ལ་བརྟེན་ནས་ཁོ་མོ་ནག་ཞལ་སྡེ་བའི་དམའ་སྐྱོང་དུད་ཁྱིམ་གྱི་གྲས་སུ་ཚུད་ལ། དེ་ནི་ཁོ་མོས་གཟི་བརྗིད་ཅིག་ཏུ་རློམས་བཞིན་ཡོད། རྒྱུ་མཚན་ནག་ཞོལ་སྡེ་བའི་དམངས་ཕལ་བ་ཚོའི་དམའ་སྐྱོང་ཟེར་བའི་ སྒོར་མོ་ལེན་པ་དེ་ནི་རང་ཉིད་རྒྱལ་ཁབ་ཀྱི་ལས་བྱེད་པ་བཞིན་སྒོར་མོ་ལ་མང་ཉུང་ཡོད་པ་ཙམ་ལས་ཟླ་ཕོགས་ལེན་མཁན་ཞིག་ཡིན་པར་འདོད་ལ། རྟག་པར་མང་ཚོགས་ཚོས་རེ་བ་ཆེ་ཤོས་ནི་སློབ་གསོ་དང་གནང་སྦྱིན་སོགས་མིན་པར་དམའ་སྐྱོང་དུ་ཞུགས་པའི་རེ་བ་འདོན་པས་སོ།། ད་རུང་ཏང་ཡོན་པ་དོན་གྲུབ་ཀྱིས་རོགས་སྐྱོར་འོག་མོས་རྫོང་གྲོང་གི་རིན་གོང་སླ་བའི་སྡོད་ཁང་ཞིག་ཀྱང་གླ་ཐུབ་སོང་བས་རྫོང་མཁར་དུ་རུ་སྤོས་པར་སྤྲོ་བས་ཁེངས་འདུག་ལ།ཚོང་བ་ཀུན་དགའ་བརྒྱུད་དེ་བུ་ཆེ་བའང་རྫོང་མཁར་སློབ་གྲྭའི་ནང་དུ་འཇོག་ཐུབ་སོང་། འོན་ཀྱང་བཀྲ་ཤིས་སྒྲོལ་མ་རྫོང་ཐོག་ནས་བསྡད་ཀྱིན་བསྡད་ཀྱིན་མོས་ནག་ཞོལ་སྡེ་བའི་འཚོ་བར་ཕྱིར་དྲན་བྱེད་དགོས་བྱུང་། དེ་ནི་སྒོར་མོ་ཟེར་བའི་རལ་གྲི་ཞིག་གིས་ཁོ་མོའི་ལང་ཚོ་ལྟ་བུའི་མཛེས་སྡུག་གི་འཚོ་བ་ལ་གང་བྱུང་དུ་དུ་གཏུབ་གཅོད་བྱེད་འགོ་བརྩམས་པས་སོ།།
ཉིན་དེར། ཉི་མ་ནི་སྤྲིན་ནག་གི་གསེབ་ཏུ་འཛུལ་ནས་གང་ཞིག་ལ་བྲོས་སོང་བ་དང་འདྲ་ལ། རླུང་བུ་འཁྱག་པོ་ཞིག་ཀྱང་སྨྱོན་པ་བཞིན་བཀྲ་ཤིས་སྒྲོལ་མའི་རིམ་དུ་འཛུལ་བྱུང་།
དེ་རིང་ཡང་བུ་མོ་ཆུང་ཆུང་ལ་ཆམ་པ་ཞིག་ཕོགས་འདུག་པས་ང་ཁྱིམ་མཚེའུ་ཡི་ཨ་ཡེ་ལྷ་མོར་ལ་སྒོར་མོ་གཡར་དུ་སོང་། འདི་ནི་ལོ་འདིར་ངས་ཁོར་མོར་སྒོར་མོ་གཡར་ཐེངས་གསུམ་པ་ཡིན། ནམ་རྒྱུན་འདི་ལྟར་འཚོ་བའི་དཀའ་ངལ་ལ་ཕྲད་དེ་སྒོར་མོ་གཡར་དུ་འགྲོ་དུས་ངའི་སེམས་ལ་ངོ་ཚ་དང་ཡང་ན་གནོང་འགྱོད་བཟོད་གླེགས་བྲལ་བ་ཞིག་སྐྱེས་ཀྱང་ད་ནི་ཐབས་བཀོད་མི་འདུག
ཨ་ཡེ་ལྷ་མོ་ནི་ཁྱོ་ག་ཚེ་ལས་འདས་ཟིན་པའི་ད་བར་ཁེར་འདུག་བྱས་ཡོད་ཀྱང་། ཁོ་མོའི་ཁྱོ་ག་ནི་སྔོན་མ་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཡིན་པས་མོ་ལ་ཟླ་བ་རེར་སྒོར་བཞི་བརྒྱ་ལྷག་གི་ཟླ་ཕོགས་ལེན་རྒྱུན་འདུག དེ་ནི་ང་དང་བསྡུར་ན་ལྡབ་འགྱུར་གྱི་ཡོང་སྒོ་བཟང་བའི་ཁར་ནམ་རྒྱུན་གདོང་ན་བརྩེ་བའི་འཛུམ་མདངས་ཡོད་པ་དང་། གཞན་ལ་རོགས་བྱེད་རྒྱུར་དགའ་མཁན་ཞིག་ཡིན་པས་ངས་ནམ་རྒྱུན་དཀའ་ཁག་ལ་ཕྲད་དུས་ཁོ་མོ་འཚོལ་བ་ནི་གོམས་ལོབས་ཤིག་ཏུ་གྱུར་འདུག
དེ་རིང་ནམ་རྒྱུན་དང་འདྲ་བར་ང་ཨ་ཡེ་ལྷ་མོའི་སྒོ་འགྲམ་དུ་ཐོན་དུས་ཐོག་མར་ཁང་སྒོ་དལ་གྱིས་ཐེངས་འགའ་བརྡུངས་ལ། དེ་ནས་ནང་དུ་ཤོག་ཏུ་ཟེར་བའི་ཁོ་མོའི་སྐད་ལན་དེ་ཐོས་པ་ན་གཞི་ནས་ཁྱིམ་དུ་སོང་བ་ཡིན། ཨ་ཡེ་ལྷ་སྐྱིད་གོ་འགྲམ་དུ་བསྡད་ནས་མཆོད་ཀོང་ཕྱི་བཞིན་འདུག
ངས་བག་འཚེར་བའི་ངང“ཨ་ཡེ་ལགས། དེ་རིང་ངའི་བུ་མོར་ཆམ་པ་ཕོགས་འདུག་པས་སྨན་ཁང་དུ་འགྲོ་སྤྱད་ལ་སྒོར་མོ་ཞིག་གཡར་ན་འགྲིག་གམ། ད་ནི་རྩྭ་ཐང་སྲུང་སྐྱོབ་ཀྱི་བྱ་དགའི་སྒོར་མོ་སྦྱིན་པར་ཟླ་བ་གཅིག་མ་གཏོགས་མི་འདུག དེ་དུས་ངས་ཁྱོད་ལ་ལྷག་ལུས་མེད་པར་ཕྱིར་སྤྲད་ཆོག ཁྱོད་སེམས་བདེ་མོ་བྱོས་དང་། དེ་རིང་ཁྱོད་ལ་དཀའ་ཁག་གཏད་པ་ཆེས་གཞུག་མ་དེ་ཡིན”ཞེས་དབུགས་ཐེངས་གཅིག་གིས་བཤད།
ཨ་ཡེ་ལྷ་མོས་མཆོད་ཀོར་ཕྱི་མཚམས་བཞག་ནས“ཡ་ཡ། ཁྱོད་འདིར་སྡོད་ལ་ཇ་ཐུངས། བུ་མོ་ངན་པ་ཞིག་ན་ཡི་འདུག་གམ”ཅེས་ཟེར་ཞོར་རིམ་ནས་སྒོར་ཁུག་བླངས་ནས་ནག་པོ་སྒོར་མོ་ངའི་ལག་ཏུ་བཞག་བྱུང་།
ངས་ཨ་ཡེ་ལྷ་མོར“ཐུགས་རྗེ་ཆེ”ཞེས་ཕྱིར་ཁྱིམ་དུ་སོང་།
ཁྱིམ་གྱི་མལ་ཁྲིའི་སྟེང་གི་བུ་མོ་ཆུང་ཆུང་དེ་ལ་དེ་རིང་ཆམ་པ་ཕོགས་ནས་ལུས་ལ་ཚ་བ་རྒྱས་ཤིང་ཕོ་བ་ཐེངས་མ་འགའ་ལ་བཤལ་ཟིན་པའི་ད་ནི་སྐད་ཀྱང་ཁོག་ཏུ་ལྷུང་ནས་ཨུ་ཚུགས་ཀྱིས་རྐང་ལག་གང་བྱུང་དུ་གཡུག་བཞིན་ངུ་ཡི་འདུག ངས་མགྱོགས་མྱུར་བྱིས་པ་རྒྱབ་ཏུ་ཁུར་ཏེ་སྨན་ཁང་དུ་འགྲོ་བར་གྲ་སྒྲིག་བྱས།
ཉི་འོད་ཁང་སྟེང་གི་གྱོ་མོག་ལ་འཕྲོས་པའི་དམར་ལམ་ལམ་བྱེད་པ་དང་། ཕོ་རོགས་ནག་ཆུང་ཞིག་གིས་ཁང་སྟེང་དུ་ཕར་འགྱིར་ཚུར་འགྱིང་བྱེད་ཞོར་གྲོག་སྐྱུག་བཞིན་འདུག བོད་པ་ཚོས་ཕོ་རོགས་ཀྱིས་གྲོག་སྐྱུག་པ་ནི་ཡག་པོ་ཞིག་རྩི་བས་ངས་ཁྱིམ་ནས་གེ་རེ་ལང་མ་ཞིག་བླངས་ནས་ཁང་སྟེང་དུ་གཡུག་ནས་སྒོར་བུད།
ཨ་ཙི། མིང་མི་ཤེས་ལ་ཐེངས་མང་མཐོང་མྱོང་བའི་གསར་བུ་ཞིག་ངའི་མིག་ལམ་དུ་མངོན་བྱུང་། ཁོའི་མིང་མི་ཤེས་ཀྱང་ངས་བལྟས་པ་ཙམ་གྱིས་མི་འདི་ངོ་ལོས་ཤེས། ཁོ་ནི་ཆུ་གློག་ལས་ཁུངས་ཀྱི་ལས་བྱེད་པ་དཀྱུས་མ་ཞིག་རེད།
ཁོས་ང་སྒོ་ལམ་ནས་བཀག་ཏེ“དགོངས་པ་མ་ཚོམས། དེ་རིང་གློག་རིན་མ་སྤྲད་ན་འགོ་བའི་གློག་ཆོད་ཤོག་ཟེར། ཁྱོད་ཀྱིས་ཟླ་བ་བཞིའི་གློག་རིན་སྤྲད་མི་འདུག ཐེངས་སྔོན་མར་ཡང་ངའི་འགོ་བ་ལ་ཁྱོད་ཁྱིམ་ན་མི་འདུག་ཅེས་རྫུན་ལབ་པ་ཡིན། ད་ནི་གློག་རིན་མ་སྦྱིན་ན་ང་རང་གིས་སྐྱིན་ཚབ་སྤྲོད་དགོས་འདུག”གསར་བུ་འདིའི་གདོང་ལ་ཐབས་བཀོད་ཟད་པའི་ཉམས་ཤིག་བྱུང་ནས་དེ་ལྟར་ཟེར།
ཨ་ཙི། ང་འདི་བརྗེད་ལྐུག་ཆེ་བ་ལ། དོན་དངོས་སུ་ངས་སེམས་ནས་ཡོངས་སུ་བརྗེད་ཟིན་པ་ཡང་ག་ལ་ཡིན། ངས་འཚབ་འཚུབ་ངང་རྒྱབ་ཀྱི་བུ་མོ་ཆུང་ཆུང་ལ་མཛུབ་མོས་ཕྱོགས་སྟོན་བྱེད་བཞིན“ཡ་ཡ། ངོ་མ་བདེན། ཁྱོད་ལ་ཁག་མི་འདུག་ཀྱང་དེ་རིང་ངའི་བུ་མོ་ལ་ཆམ་པ་ཚབས་ཆེན་ཞིག་ཕོགས་འདུག་པས་མགྱོགས་མྱུར་སྨན་ལ་སྟོན་དུ་འགྲོ་དགོས། ངའི་ལག་ན་ སྨན་ཡོན་ཙམ་ལས་སྒོར་མོ་གཞན་མེད། ཟླ་མཇུག་ལ་དམའ་སྐྱོང་གི་སྒོར་མོ་ཐོན་རན་པས་དེ་དུས་ངས་ཁྱོད་ལ་ཆ་ཚང་སྤྲད་ངེས། དེ་མིན་ཁྱོད་ལ་ཐབས་བཀོད་གཞན་མེད་ན་གནས་སྐབས་སུ་གློག་ཆོད་ལ་སོང”ཞེས་བཤད་པ་ན་གསར་བུ་དེས་ངའི་བཤད་པའི་སྐད་ཆ་བདེན་གཏམ་རེད་འདོད་པ་ཡིན་ནམ། གང་ལྟར་ཐབས་ཟད་པའམ་སྙིང་རྗེ་བ་གང་ཡིན་མི་ཤེས་ མོད། ངའི་སྒོ་སྟེང་དུ་བཏགས་པའི་གློག་གི་ཨང་སྒམ་ཐོག་གི་ཡི་གེ་ཞིག་ཤོག་ངོས་སུ་འབྲི་ཞོར་ཡང་བསྐྱར“ཁྱོད་ལ་སྒོར་མོ་ནམ་ཐོན་ན་དེ་དུས་མགྱོགས་མྱུར་སྤྲོད་རོགས། ང་སོང་ནས་ཡང་བསྐྱར་རྫུན་ཞིག་བཤད་འཇོག ལམ་ལ་མ་སོང་ན་དགོངས་པ་མ་ཚོམས”ཟེར།
ངས་འཐད་པའི་མགོ་མོ་ནང་དུ་ལྡེམ་བཞིན་སྨན་ཁང་དུ་སོང་།
ངའི་ལོ་གཅིག་གི་ཡོང་སྒོ་ནི་རྒྱལ་ཁབ་ཀྱི་དམའ་སྐྱོང་གི་སྒོར་མོ་དང་། རྩྭ་ཐང་སྲུང་སྐྱོབ་ཀྱི་བྱ་དགའི་སྒོར་མོ་ཞེས་ཉེ་བའི་ལོ་ཤས་རིང་བསྟུན་མར་ཆད་མ་མྱོང་བའི་མི་རེ་ལ་ཆ་སྙོམས་སྒོར་ལྷག་རེ་ཡོད་པའི་གནང་སྦྱིན་བཟང་པོ་དེ་ཡིན། དེ་མིན་ང་ནི་རྫོང་ཐོག་ན་ཡོད་པས་བུ་ཆེ་བ་ལོ་བཅུ་གཉིས་ལ་སོན་པ་དེ་སློབ་གྲྭར་འགྲོ་བཞིན་ཡོད་པ་དང་། བུ་འབྲིང་བ་ལོ་ལྔ་ཡིན་པས་ད་རུང་ཁྱིམ་ན་བསྡད་ཡོད། བུ་མོ་ཆུང་བ་ནི་ལོ་གཅིག་ལོན་པ་ཙམ་ཡིན་པས་ང་ལ་འབྲོག་པ་ཚོའི་ཡོང་སྒོ་གཙོ་བོ་དེ་དབྱར་རྩྭ་དང་སྨན་ལྡུམ་སོགས་ཀྱང་རྐོ་བའི་དུས་ཚོད་མེད། འོན་ཀྱང་དམའ་སྐྱོང་དང་གནང་སྦྱིན་སྒོར་མོ་སོགས་ཀྱིས་ངའི་འཚོ་བའི་རྒྱུན་སྐྱོང་ཐུབ་པ་ཡིན། འདི་ནི་ང་དང་འདྲ་བའི་གསེར་རྫོང་གི་སྡོད་དམངས་མང་ཆེ་བའི་ཁ་གསོ་ལུགས་དང་རྒྱབ་འགེབ་ལུགས་གཙོ་བོ་རེད་ཅེས་བརྗོད་ཆོག
སྨན་པས་བུ་མོར་ཚ་ཁབ་ཅིག་བརྒྱབ་པ་དང་། སྨན་འཐུར་རྒྱུ་ཞིག་ཀྱང་སྦྱིན་ནས་ཉིན་གཉིས་ཀྱི་རྗེས་ནས་ཇེ་དགའ་ལ་མ་སོང་ན་གནམ་ཁབ་རྒྱག་ཟེར། དེ་ནི་ང་ལ་མཚོན་ན་ཇི་འདྲའི་བློ་ཡུལ་འདས་པའི་དོན་དག་ཅིག་རེད་ཨང་། ད་ནི་ད་ནངས་ཀྱི་ལྷ་བྱ་ཕོ་རོགས་དེས་གྲོག་བསྐྱུག་པ་ཡག་རྟགས་ཤིག་ལོས་ཡིན་མ་གཏོགས་གལ་ཏེ་བུ་མོ་ཆུང་ཆུང་འདི་སྨན་ཁང་དུ་སྡོད་དགོས་ན་ཅི་ཞིག་བྱ།
ངས་བུ་མོ་ཆུང་ཆུང་རྒྱབ་ཏུ་ཁུར་ནས་སླར་ཡང་རང་ཁྱིམ་ལ་ཡོང་།
ལམ་བར་དུ་ཚོང་བ་ཀུན་དགའ་ལ་ཐུག་བྱུང་། ཁོས་ང་འཁོར་དུ་བཞག་ནས་སྒོ་དྲུང་དུ་བསྐྱལ་བྱུང་། ད་རུང་དོན་དག་ཡོད་ན་ཁ་པར་ཐོངས་ཟེར། དེ་ནི་ཁ་ཡག་ཅིག་ཡིན་པ་ངས་སྔར་ནས་ཤེས་ཡོད་པས་ངའི་སྒོར་མོའི་ཆེད་དུ་རང་རྩིས་ཐང་ལ་འཕེན་མི་འདོད། ཟླ་འདིའི་ཡར་སྔོན་ལ། ཆུ་གློག་ལས་ཁུངས་ཀྱི་གསར་བུ་དེས་ང་ལ་གློག་རིན་མ་སྦྱིན་ན། གློག་གཅད་ ངེས་ཟེར་བའི་ཉིན་དེར། ངས་ཀུན་དགའ་ལ་ཁ་པར་ཞིག་བཏང་ནས་གློག་རིན་ལ་སྒོར་མོ་ཞིག་གཡར་རོགས་ཞེས་བཤད་ཀྱང་ཁོས་ཁྲིན་ཏུའུ་ན་ཚོང་དོན་ལ་ཞིག་ལ་འགྲོ་བཞིན་ཡོད་ཅེས་རྫུན་ལབ་སོང་། ཉིན་དེའི་ཕྱི་དྲོ། ཀུན་དགས་ཁྲོམ་བར་དུ་རླངས་འཁོར་ཞིག་ལ་གདོང་ཐུག་བརྒྱབ་འདུག་ཅེས་མི་མང་པོས་བཤད་བཞིན་པ་མིན་ནམ།མ་གཞི་ཁེ་ཕན་ཞེས་པ་འདི་མེད་ན་མི་དང་མིའི་བར་ལ་ཡིད་ཆེས་བྱེད་རྒྱུ་དཀའ་མོ་རེད། བཀྲ་ཤིས་སྒྲོལ་མས་དེ་ལྟར་བསམ་བཞིན་ཡུལ་དུ་ཅི་ལྟར་ལོག་པའང་མ་ཤེས།
ཕྱི་དྲོ། བུ་མོ་ཆུང་ཆུང་གི་ཆམ་པ་ཇེ་དགའ་སོང་འདུག་པས་ང་འབྲོང་དགོན་པའི་ཆོས་ཚོགས་ལ་སོང་། ཆོས་ཚོགས་འདི་ལ་ནག་ཞལ་སྡེ་བའི་མི་གཅིག་ཀྱང་ཆད་མི་ཉན་ཞེས་སྡེ་དཔོན་ཚེ་རིང་གིས་ཆ་ཐེངས་མ་འགའ་ལ་བརྒྱབ་པས། དེ་རིང་ཡང་ནམ་རྒྱུན་དང་འདྲ་བར་འབྲོང་དགོན་པའི་འདུ་ཁང་ནང་དུ་མང་ཚོགས་ཀྱིས་འཚང་ག་ཤིག་ཤིག་བྱེད་ཀྱིན་འདུག འབྲོང་དགོན་པའི་བླ་མ་ཀུན་བཟང་ལགས་ཀྱང་རྒྱ་ཡུལ་ནས་དགོན་པའི་ནང་དུ་བྱོན་འདུག་ལ། ཁོང་གིས་སྐུ་ཆེན་པོ་ཡང་མོ་བྱས་ནས་ཕེབས་འདུག་པར་བལྟས་ནས་དོན་དག་གལ་ཆེན་ཞིག་ཡོད་པ་སྨོས་མ་དགོས། དར་ཚོན་སྣ་ལྔས་བརྒྱན་པའི་ཁྲི་སྟེང་ནས་ཁོང་གིས་བརྩེ་བའི་སྤྱན་ཟུང་མང་ཚོགས་དང་སྐད་ཅིག་ཙམ་ལ་ཡང་འབྲལ་མི་ཕོད་པར་སྐུ་ལས་རི་རྒྱལ་ལྷུན་པོ་གཡོ་བ་མེད་པར་ལྷམ་མེར་ལྷང་ངེར་ལྷན་ནེར་བཞུགས་འདུག
ཁོང་གིས་མ་གྱུར་སེམས་ཅན་ཀུན་ལ་ཕན་པའི་ཆོས་ཁྲིད་གང་མང་ཞིག་གནངས་པའི་རྗེས་སུ། ཡང་བསྐྱར་དོན་དག་གཞན་པ་ཞིག་ཐུགས་ལ་འཁྲུངས་ནས་མདུན་གྱི་སྐད་བུག་ཆུང་ཆུང་དེ་ཕྱག་ཏུ་བཟུང་ནས་ཡ་རྒྱ་ཆེའི་དད་ལྡན་ཕོ་མོ་རྣམ་པ། དེ་རིང་ངས་ཞུ་བྱ་གལ་ཆེན་ཞིག་ཀྱང་ལུས་འགྲོ་བཞིན་འདུག་པའི་ཁྱེད་རྣམས་ཀྱི་ཐུགས་འདང་ཟབ་མོ་རྒྱག་རོགས། ཉེ་སྔོན་ངེད་ནག་ཞལ་སྡེ་བའི་སྡེ་དཔོན་ཚེ་རིང་ལགས་དང་། ཚོང་བ་ཀུན་དགའ་སོགས་ནམ་རྒྱུན་ནག་ཞལ་སྡེ་བ་གྲི་སོ་གང་གི་ཨེ་རྣོ། གྲི་ལྟག་གང་གི་ཨེ་འཐུག་བསམ་པའི་མི་སྤྱི་སེམས་ཆེ་བ་འགས་ང་ལ་ཡར་ཞུ་འདི་འདྲ་ཞིག་བྱས་བྱུང་། ངེད་ནག་ཞལ་སྡེ་བ་ལ་དུད་གྲངས་བརྒྱ་ལྷག་དང་མི་གྲངས་ལྔ་བརྒྱ་ལྷག་ཡོད་པའི་སྡེ་བ་ཆུང་ཆུང་ཞིག་ཡིན་པས། ད་བར་མཚན་སྙན་འཛམ་གླིང་ལ་གྲགས་པའི་འབྲོང་དགོན་པའི་ནང་དུ་མང་ཇ་ཐེངས་ཤིག་ཀྱང་བསྐོལ་མྱོང་ མེད། འོན་ཀྱང་གསེར་རྫོང་གི་སྡེ་བ་འགོ་རྣ་ཅན་ཚོས་མང་ཇ་བསྐོལ་ཟིན་པས་ད་ལོ་ཁོང་རྣམ་པས་རྒྱུ་ཚེགས་གང་ལ་ཡང་མི་འཛེམ་པར་འབྲོང་དགོན་པར་མང་ཇ་ཞིག་བསྐོལ་བར་ཐག་བཅད་ཟིན་འདུག་ལ། སྤྱིར་ན་དོན་འདི་ནི་དགེ་བ་བཟང་པོ་དང་། སྡེ་བའི་ལ་རྒྱ། མི་སྒེར་གྱི་ཚོགས་བསགས་ཡག་པོ་ཞིག་ཡིན་ཡང་ཚང་མར་འཐད་པ་ཡོད་མེད་མི་ཤེས། ལྷག་ཏུ་མང་ཚོགས་ཀྱི་ལག་ནས་སྒོར་མོ་དང་རྒྱུ་ནོར་ཡར་བསྡུ་དགོས་ན་དཀའ་ཁག་ཆེ་བས་ད་ཐེངས་རྒྱལ་ཁབ་ཀྱི་མར་ཡོང་གནང་སྦྱིན་རྩྭ་ཐང་སྲུང་སྐྱོབ་ཀྱི་བྱ་དགའི་སྒོར་མོ་ཞེས་པ་ཡོད་པ་དེ། ནག་ཞོལ་སྡེ་བ་ཧྲིལ་བོའི་སྤྱི་དོན་ཆེད་མར་མང་ཚོགས་ལ་མི་བགོ་བར་ཡར་དཀོན་ཅོག་མཆོད་སྦྱིན་ནས་ཀུན་གྱིས་ཡིད་སྨོན་ཤོར་བའི་མང་ཇ་ཞིག་བསྐོལ་རྒྱུ་ཡིན་ཟེར། དེ་སྔོན་ཡང་གཞི་རིམ་རྣམ་པས་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཟིན་ཡང་། དེ་རིང་ཡང་བསྐྱར་འཐད་པ་ཡོད་མེད་ལ་མང་ཚོགས་རྣམས་ཀྱིས་ལག་པ་བཀྱག་དགོས་གསུངས་བྱུང་།
དད་ལྡན་མང་ཚོགས་རྣམས་ཀྱིས་རིམ་པ་བཞིན་དུ་དོན་དག་དེར་འཐད་པ་ཡོད་པའི་ལག་པ་མཁའ་ལ་བཀྱགས་བྱུང་། དེ་ནི་འབྱོར་མེད་གྲལ་རིམ་གྱི་གསར་རྗེའི་དཔའ་རྒོད་ཚོ་རླབས་ཆེན་གུང་ཁྲན་ཏང་ནང་དུ་ཞུགས་པ་དང་གཅིག་མཚུངས་རེད། བཀྲ་ཤིས་སྒྲོལ་མ་ཡང་འདུ་ཁང་དཀྱིལ་དབུས་སུ་སྡོད་པའི་མང་ཚོགས་བྱིངས་དང་འདྲ་བར་འཐད་པ་ཡོད་པའི་ལག་པ་ཡར་ལ་བཀྱགས་བྱུང་། ཁོ་མོས་ལག་པ་བཀྱགས་དུས་སེམས་ལ་གློག་རིན་དང་། སྨན་ཡོན། ད་དུང་ཁོང་མ་བུ་ཚོའི་ཟས་གོས་ཀྱི་རིན་སོགས་གང་མང་ཞིག་ཤར་ཡང་ད་ནི་དེར་འདུས་ཀྱི་དད་ལྡན་མང་ཚོགས་ཀུན་གྱིས་འདོད་མོས་བཞིན་ལག་པ་ཡར་བཀྱགས་བྱུང་ན། མོ་གཅིག་པུའི་སྒོར་མོའི་ཆེད་དུ་ལག་པ་མི་བཀྱགས་སྲོལ་ག་ལ་ཡོད། དེ་མིན་མོ་ཡང་ དེར་འདུས་ཀྱི་མང་ཚོགས་དང་འདྲ་བར་ཆོས་ལ་བློ་གཅིག་གི་དད་པ་ཡོད་པས་མི་ཞིག་ཡིན། འོན་ཀྱང་ལས་དབང་ཞེས་པ་འདིས་ཁོ་མོ་སྐྱེ་བ་འདིར་ཚོང་བ་ཀུན་དགའ་ལྟ་བུ་དང་། སྡེ་དཔོན་ཚེ་རིང་ལྟ་བུ། ཡང་ན་ཁྲི་སྟེང་གི་བླ་མ་ཀུན་བཟང་བཞིན་ཚེ་འདིར་ཟས་གོས་སོགས་རྒྱུན་ལྡན་གྱི་འཚོ་བའི་དཀའ་ངལ་ལ་སེམས་ཁྲལ་མི་དགོས་པ་ཞིག་མིན་པས་དེ་ནི་ཁོ་མོ་ གཅིག་པུས་མྱོང་བཞིན་པའི་ཕམ་ཁ་ཞིག་ཡིན།
བླ་མ་ཀུན་བཟང་ལགས་ཀྱིས་ཞིབ་ཏུ་གཟིགས་ཞོར“ཡ་ཡ། ད་ཆོག་གི ཚང་མའི་ལག་པ་མར་ཞོག གཙོ་བོ་སེམས་ཀྱིས་ཐེག་དགོས། ཀུན་སློང་ཡག་དགོས། དེ་ན་དེ་ལྟར་བྱ།ད་ལོ་ནག་ཞལ་སྡེ་བའི་འབྲོང་དགོན་པར་མང་ཇ་བསྐོལ་བའི་གྲོས་ཐག་བཅད་པ་ཡིན”ཞེས་གསུངས།
ཉི་མ་ནུབ་རིར་ཡིབ་ལ་ཉེ།
བཀྲ་ཤིས་སྒྲོལ་མས་བུ་མོ་ཆུང་ཆུང་དེ་རྒྱབ་ཏུ་ཁུར་ནས་ཁྱིམ་ལ་ལོག་བྱུང་།
ཨ་ཡེ་ལྷ་སྐྱིད་ཀྱིས་མ་ཎིའི་འཁོར་ལོ་དེ་སྐོར་ཞོར་ཁོ་མོའི་སྒོ་དྲུང་དུ་བསྒུགས་འདུག བཀྲ་ཤིས་སྒྲོལ་མས་དོན་དག་ཅི་ཞིག་བྱུང་སོང་སྙམ་ནས“ཨ་ཡེ། ཁྱོད་ཀྱིས་འདི་ན་ཅི་ཞིག་བྱེད་ཀྱིན་ཡོད”ཅེས་དྲིས།
“ཨོ། ངས་ཁྱོད་བསྒུགས་ནས་ཡོད། དེ་རིང་ཕྱི་དྲོ་ཆུ་གློག་ལས་ཁུངས་ཀྱི་ཡིན་ཟེར་བའི་གསར་བུ་ཞིག་གིས་ཁྱོད་ཀྱིས་ཡུན་རིང་ཞིག་ལ་གློག་རིན་སྤྲད་མི་འདུག་ཟེར་ནས་གློག་བཅད་སོང་། ངས་ཁྱོད་ཁྱིམ་དུ་ཐོན་དུས་ཇ་ཡར་བསྐོལ་སྤྱད་ཡོད་པ་མ་རེད་བསམས་ནས་ནུབ་ཟས་བསྐོལ་ཏེ་ཁྱོད་བསྒུགས་ཡོད། འགྲོ་ད་ངའི་ཁྱིམ་ལ་སོང་ནས་ནུབ་ཆུ་འཐུང”ཟེར།
བཀྲ་ཤིས་སྒྲོལ་མས་ཨ་ཡེ་ལྷ་སྐྱིད་ཀྱི་དུང་ལྟར་དཀར་བའི་སྐྲ་ལོ་དང་། ཉི་འོད་བཞིན་འཇམ་པའི་འཛུམ་མདངས་ལ་ལྟ་ཞོར་རེ་ཞིག་ལ་ཧད་དེ་ལུས་སོང་།
ཨ་ཡེ་ལྷ་སྐྱིད་ཀྱིས་སླར་ཡང་སྐད་ངག་འཇམ་པོས“ད་འགྲོ། ཁྱེད་མ་བུ་གཉིས་ལམ་ནས་ལྟོག་ཡོད་རྒྱུ་རེད། ངས་ཇ་ཁོལ་ནས་ཡོད”ཅེས་ཟེར།
བཀྲ་ཤིས་སྒྲོལ་མས་མིག་ཟུང་གློ་བུར་དུ་ཅི་ཞིག་གིས་ཁེངས་ནས་རབ་རིབ་ཏུ་གྱུར་ལ། ཁོ་མོའི་གོམ་ཁ་རང་དབང་མེད་པར་བརྩེ་བའི་འབོད་པ་གཏོང་བའི་ཨ་ཡེ་ལྷ་སྐྱིད་ཁྱིམ་དུ་བསྒྱུར་དགོས་བྱུང་།
2016ལོའི་ཟླ1པོའི་ཚེས1ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།