ངོས་དང་པོ > རྩོམ་རིག > དེང་རབས་བརྩམས་ཆོས། > སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི་བརྩམས་སྒྲུང《རིའི་ཕར་ངོགས་ཀྱི་མི་ཚང》།
སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི་བརྩམས་སྒྲུང《རིའི་ཕར་ངོགས་ཀྱི་མི་ཚང》།
རྩོམ་པ་པོ།:སྙིང་མོ་སྐྱིད་ཀྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-01-08 08:43:00
ཀློག་གྲངས།:
རིའི་ཕར་ངོགས་ཀྱི་མི་ཚང་།
གྲོ་ལེའུ་པོ་ཡིས་བརྩམས། སྙིང་མོ་སྐྱིད(ལྷ་ས)ཀྱིས་བསྒྱུར།
ང་ཚོའི་མདུན་དུ་བུ་མོ་སྐོར་ཅིག་འགྲོ་བཞིན་མཆིས། བུ་མོ་ཚོ་མཉམ་དུ་འཛོམས་ཚེ་ནམ་ཡང་དགོད་རྒྱུར་དགའ། ཁོ་མོ་ཚོ་ཧ་ཧ་ཧེ་ཧེའི་ངང་བར་མེད་དུ་དགོད། ཁོ་མོ་ཚོ་ལས་གཅིག་ཐད་ཀར་ལམ་འགྲམ་དུ་ཙོག་པུར་བསྡད་དེ་ཕྱོགས་གཅིག་ནས་ངོ་འཛུམ་བཞིན་གཞན་ལ་དམོད་མོ་བྱེད་པ་དང་། ཕྱོགས་གཅིག་ནས་བགད་དེ་ན་ཟུག་བསླངས་བའི་གསུས་སྨད་ལ་ལག་པས་འཕུར་གྱིན་འདུག ཁོ་མོ་ཚོ་ཅིའི་ཕྱིར་དགོད་པ་ཡིན་ནམ། ངས་ཧ་གོ་མ་སོང་། ང་བུ་མོ་ཚོར་ཆ་རྒྱུས་དེ་འདྲ་མེད། ངས་བུ་མོ་ཚོར་ཆ་རྒྱུས་ལྡན་པའི་ཆེད་མཁས་པ་ཞིག་ལ་དྲིས་པ་ན། དེས"ཁོ་མོ་ཚོ་དགོད་འདོད་པས་བགད་པ་རེད"ཅེས་ཟེར། ངས་སྐད་ཆ་འདིར་གོ་རྒྱུ་ཆེན་པོ་འདུག་སྙམ། ཡང་མི་གཞན་ཞིག་གིས་ང་ལ"བུ་མོ་ཚོ་དགོད་པའི་རྒྱུ་མཚན་གསལ་བོ་ཞིག་ཧ་མི་གོ་མོད། ཁོས་བལྟས་ན་ལུས་སེམས་གཉིས་ཀར་ཁུར་བོ་དང་བྲལ་ཞིང་བདེ་ཐང་ངང་ལང་ཚོས་ཕྱུག་པའི་ཞིང་ལས་ཁང་གི་འཚོ་བ་དང་ཁོ་མོ་ཚོས་སོ་ནམ་གྱི་ལས་ལ་གཞོལ་མྱོང་བའི་སྔོ་ལྗང་ལྗང་གི་ས་ཞིང་གཤིན་པོ། ད་དུང་སྐྱེས་པ་དང་མཉམ་ལས་མཉམ་ཐོབ་ཀྱི་ཡིད་ཚིམ་པའི་ལས་ཀའི་སྐར་གྲངས། འདི་དག་ལས་གཞན་མག་མོག་གི་ཟླ་འོད་འདི་དང་མེ་ཏོག་གི་དྲི་ཞིམ་ཐུ་ལུ་ལུ། རབ་རིབ་ཏུ་སྣང་བའམ་གསལ་བོར་རྟོགས་པའི་བརྩེ་དུང་གི་ཚོར་བ་ལ་སོགས་པ་ཐམས་ཅད་ཁོ་མོ་ཚོའི་དགའ་སྤྲོའི་འབྱུང་ཁུངས་སུ་མི་གཏོགས་པ་གཅིག་ཀྱང་མེད"ཅེས་ཟེར།
ངས་སྐད་ཆ་འདིར་ཡང་གནས་ལུགས་ཡོད་པར་སྙམ།
རིའི་རྩེ་མོ་བརྒལ་བ་ན་མག་པ་ཚང་མཐོང་བྱུང་། དེ་ནི་ཀླད་རྫ་གཡམ་ཅན་གྱི་ཁང་བ་ཆེན་པོ་ཞིག་གི་ཡན་ལག་ཁང་མིག་གཉིས་ཡིན་ལ་སྒོ་ཆེན་ཐོག་དམར་མདོག་གི་ལྒང་ཞུ་རྙིང་བ་ཆུང་ཆུང་ཞིག་བཀལ་ཡོད། བུ་མོ་ཚོ་འཚང་ཁ་ཤིགཤིག་གིས་ནང་དུ་ཕྱིན། ཁོ་མོ་ཚོ་གཉེན་སྟོན་བྱེད་སར་སླེབས་ཚེ་སྲོལ་རྒྱུན་ལྟར་གནའ་ནས་དར་བའི་ཁྱད་དབང་ཞིག་ཡོད། སྔོན་ཆད་ང་ཚོའི་ས་ཁུལ་གྱི་མེ་ཏོག་དམར་པོ་བཏགས་པའི་བུ་མོ་ཚོ་གྲོགས་མོའི་གཉེན་སྟོན་གྱི་དགོང་མོར་ཁ་རོག་གེར་བག་ཁང་གི་སྒེའུ་ཁུང་འགྲམ་མམ་པང་ལེབ་བར་གྱང་གི་འགྲམ་དུ་འདུས་ཏེ་གྱང་རྩར་ལྐོག་ཉན་བྱེད་པ་ཡིན། གལ་ཏེ་བག་ཁང་ལས"ཝེ། ཁྱོད་ཐང་ཆད་དམ"ལྟ་བུའི་ནང་གཏམ་རེ་ཐོས་ཚེ། ཁོ་མོ་ཚོ་གནས་དེ་དང་བྲལ་ནས་ཧབ་ཆ་རྒྱག་ལ། དེའི་ཕྱི་ཉིན་ཡང་ཐེངས་འགར་དགོད་སྲིད། སྐབས་ལ་ལར་ཅི་ཡང་ཐོས་མི་ཐུབ། རྒྱུ་མཚན་ནི་མི་གཞན་གཉེན་སྒྲིག་བྱེད་དུས་གྱང་རྩར་ལྐོག་ཉན་བྱས་མྱོང་མཁན་དང་ཉམས་མྱོང་ཅན་གྱི་བག་མ་དང་མག་པ་ཡིན་ཚེ། བདེ་སྐྱིད་ཀྱི་ལམ་ཆེན་དུ་གོམ་པ་དང་པོ་སྤོ་བའི་མཚན་མོ་དེར་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་སྲིད་པས་ལྐོག་ཉན་བྱེད་མཁན་རྣམས་རེ་ཐག་ཆད་པའི་ངང་རང་རང་སར་མི་ལོག་ཀ་མེད་ཡིན།
ང་ཚོའི་མདུན་དུ་འགྲོ་བཞིན་པའི་བུ་མོ་དེ་ཚོ་བྲེལ་འཚུབ་དང་བཅས་སྒོའི་ནང་དུ་འཛུལ་སོང་། ཁོ་མོ་ཚོ་ཡང་གྱང་རྩར་ལྐོག་ཉན་བྱེད་དུ་འོང་བ་ཡིན་ནམ།
ངས་རི་ངོས་ནས་ཇ་ལོ་མེ་ཏོག་རྐང་ཁ་ཤས་བཏོག་སྟེ་མག་པ་དང་བག་མ་གཉིས་ཀར་འབུལ་རྩིས་བྱས། ང་ཚོ་སྒོ་ཁར་ཐོན་དུས་གཞི་ནས་སྒོ་འདྲིག་གི་གཞོགས་གཉིས་སུ་ཤོག་དམར་སྟེང་བྲིས་པའི་ཆ་ཡིག་ཅིག་སྦྱར་ཡོད་པ་མཐོང་ཞིང་། དམར་མདོག་གི་ལྒང་ཞུའི་འོད་ལས་གྲལ་འགྲིག་པའི་ཡིག་འབྲུ་ཁ་ཤས་གསལ་བོར་མཐོང་བ་སྟེ།
གླུ་གར་སྟངས་སྟབས་ཁྱམས་རར་ཁེངས།།
མི་སྨོན་རང་སྐྱིད་སྟོབས་འབྱོར་ལྡན།།
ནང་དུ་འཛུལ་བ་ན་གདོང་ལ་འཛུམ་གྱིས་ཁེངས་བའི་གཞོན་ནུ་ཞིག་ང་ཚོ་བསུ་རུ་སླེབས་བྱུང་། ཁོ་ནི་མག་པ་ཙོན་མའེ་ཆིའུ་སྟེ། ཞིང་ལས་ཁང་གི་བདག་གཉེར་བ་རེད། ཁ་ངོ་ཡག་ལ་ཤ་རྒྱགས་པ་མ་ཟད་གཟུགས་ཐུང་། མི་མང་ཆེ་བས་ཁོ་ནི་གཞུང་དྲང་ཅན་ཞིག་རེད་ཟེར། ཡང་མི་ཁ་ཤས་ཀྱིས་ཁོ་ནི་གཡོ་སྒྱུ་ཅན་ཞིག་རེད་ཟེར། རྒྱུ་མཚན་ནི་ཆུང་མ་ཧ་ཅང་མཛེས་པས་ཡིན། གོ་ཐོས་སུ་མཛེས་མ་རྣམས་སྐྱེས་པ་གཞུང་དྲང་ཅན་ལ་མི་དགའ་ཟེར། འོན་ཀྱང་བདེན་པ་ཡིན་མིན་སུས་ཤེས། ཐོག་མར་བག་མར་ཅིག་བལྟས་རྗེས་བཤད།
མག་པར་ཇ་ལོ་མེ་ཏོག་ཕུལ་རྗེས་ང་ཚོ་བག་ཁང་གི་ཕྱོགས་སུ་སོང་། བག་ཁང་གི་ཁྲ་མིག་ངོས་སུ་མཁྲེགས་ཤོག་སྦྱར་བའི་དཀྱུས་དེར་ཤོག་བུ་དམར་པོ་ལས་དྲས་པའི་བཀྲ་ཤིས་བརྩེགས་ཡིག་ཅིག་སྦྱར་ཡོད་ལ། ཟུར་བཞི་རུ་ཡིད་དུ་འོངས་ཤིང་བཀོད་པ་དོད་པའི་ཁྲ་མའི་སྦྱར་རིས་སྣ་ཚོགས་སྦྱར་འདུག་སྟེ། ཉ་ལི་ཡུས་དང་སྣ་མའི་མེ་ཏོག ད་དུང་ལྟ་ན་སྡུག་པའི་མེ་ཏོག་བུམ་པ་དང་དེའི་གཡས་གཡོན་དུ་ཡོད་པའི་ཕག་རྒྱགས་པ་གཉིས་བཅས་སོ།།
ང་ཚོས་སྒོ་ཡོལ་ཡར་བཀྱགས་ཏེ་བག་ཁང་ནང་འཛུལ། བུ་མོ་ཚོ་སྔ་མོ་ནས་སླེབས་འདུག་ལ་ལྐོག་ཤུབ་བྱེད་བཞིན་སྔར་ལྟར་དགོད་ཀྱིན་འདུག ང་ཚོ་མར་བསྡད་མ་ཐག་ཁོ་མོ་ཚོ་འུར་ཟིང་ངེ་ཕྱི་རོལ་ཏུ་སོང་ལ། སྒོའི་ཕྱི་རོལ་དུ་ཁོ་མོ་ཚོ་སོང་ཤུལ་གྱི་ལམ་བར་ཐམས་ཅད་དགོད་སྒྲས་ཁེངས།
ཅུང་ལྷིང་འཇགས་སུ་གྱུར་རྗེས་ང་ཚོས་ད་གཟོད་ཁང་བའི་ནང་ཞིབ་ལྟ་ཞིག་བྱས། བག་མ་དང་བག་རོགས་གཉིས་ཉལ་ཁྲིའི་འགྲམ་དུ་བསྡད་ཡོད་པ་དང་མཐའ་བཞིར་མི་མང་པོ་ཙོག་འདུག བག་རོགས་ནི་བག་མའི་སྲུ་མོ་རེད། ཁོ་མོས་བྱིས་པ་ལོ་གསུམ་ཅན་ཞིག་ཁྲིད་ཡོང་ཡོད་པ་དང་དེར་བྱིས་གླུ་གཏོང་ཚུལ་སློབ་ཀྱིན་ཡོད།
ལོ་གསུམ་ཅན་གྱི་བྱིས་པས་ལྷམ་ཆུང་དམར་པོ་གྱོན།།
འཁྱར་ར་འཁྱོར་རེའི་ངང་སློབ་གྲྭའི་ནང་དུ་སོང་།།
དགེ་རྒན་དམ་པ་ཁྱེད་ཀྱིས་ང་ལ་མི་གཅར་རོགས།།
ནུ་ཞོ་ཁམ་གང་འཐུང་རྗེས་ལམ་སེང་ཕྱིར་ལོག་ཡོང་།།
ངས་བག་མ་པུའུ་ཚུའེ་ལེན་ལ་ལྐོག་ལྟ་ཞིག་བྱས་པ་ན། ཁོ་མོ་ཡག་རྒྱུ་མེད་ལ་བཙོག་རྒྱུ་མེད། བྱད་གཟུགས་གང་གི་ཆ་ནས་བལྟས་ཀྱང་མི་ཆོག་རྒྱུ་མེད་པས་མག་པ་ནི་གཞུངདྲང་ཅན་དང་གཡོ་སྒྱུ་ཅན་གཉིས་ཀ་འཁྲབ་མཁན་གྱི་མི་ཞིག་ཡིན་པ་ཤེས་ཐུབ། ཁང་བའི་ནང་དུ་ཡོད་པའི་མི་ཚང་མས་བག་མར་བལྟས་འདུག བག་མར་འཚེར་སྣང་སྤུ་ཙ་ཡང་མེད་དེ། གདོང་ལ་སྐྱེངས་བའི་ཉམས་ཅུང་ཟད་ཀྱང་མི་མངོན། མོས་རང་གི་སྲུ་མོའི་རུམ་ནས་ཚ་བོ་ཚུར་བླངས་ཏེ་པང་རྗེས་ཚ་བོའི་མཆན་འོག་བྲེད་ནས་དགོད་ཁ་སློང་བ་དང་། དེ་འཕྲལ་ཁང་བའི་ཕྱི་རོལ་ཏུ་སོང་ནས་གཅིན་སྒུག་རྗེས་པང་ཏེ་ཕྱིར་ལོག ཁོ་མོ་ངའི་འགྲམ་ནས་འགྲོ་དུས་སྣ་ལམ་དུ་དྲི་མ་ཞིམ་པོ་ཞིག་འཐུལ་འོངས།
མི་རྣམས་ཀྱིས་ཤེལ་ཁེབས་ཡོད་པའི་སྣུམ་སྒྲོན་ཞིག་སྦར་བ་ན། རབ་རིབ་ཀྱི་སྒྲོན་འོད་དེས་ཁང་བའི་ནང་གི་ཅ་ལག་ཐམས་ཅད་གསལ་བར་བྱས། ཉལ་ཁྲི་རྙིང་བ་ཡིན་པ་མ་ཟད་ཉལ་གུར་ཡང་གསར་བ་མིན། གོས་དམར་པོ་ཞིག་གི་སྟེང་དུ་མེ་ཏོག་གཙག་ཡོད་པའི་ཉལ་གུར་གྱི་འདབ་མ་དེའང་གསར་མིན་རྙིང་མིན་ཞིག་ཡིན། ཉལ་ཆས་ཐམས་ཅད་ལས་སྔས་འབོལ་ཆ་གཅིག་པོ་ཁོ་ན་གསར་པ་གསར་རྐྱང་ཡིན།
སྒེའུ་འགྲམ་དུ་ཅོག་ཙེ་དམར་པོ་རྙིང་པ་ཞིག་གི་སྟེང་ལཱ་སྒྲོན་ཆ་གཅིག་འཛུགས་སའི་སྒྲོན་སྟེགས་ཤིག་དང་གྲུ་བཞི་ནར་མོའི་དབྱིབས་ཀྱི་མེ་ལོང་གཉིས། གཞན་ད་དུང་ཤོག་དམར་ལས་དྲས་པའི་བཀྲ་ཤིས་བརྩེགས་ཡིག་སྦྱར་བའི་དཀར་རྫ་དང་དཀར་ཡོལ་བཅས་ལས་ཅི་ཡང་མེད། ཁང་བའི་ནང་གི་སྒྲིག་ཆས་ཡོད་ཚད་ལས་ཆེས་ཕུལ་དུ་བྱུང་བ་ནི་རྒྱུ་ཆ་དཀར་ཆས་ལས་བཟོས་པའི་ལུས་ཕྱེད་གཅེར་བུར་ཕུད་པའི་དགྲ་བཅོམ་པའི་སྐུ་དེ་གཉིས་ཡིན། དེ་གཉིས་ཀྱིས་ཆེ་ཞིང་རྒྱགས་པའི་ལྟོ་ལྡིར་བཞིན་ལྷུག་ལྷུག་ཏུ་དགོད། ཁོ་ཚོ་ཅིའི་ཕྱིར་དགོད་པ་ཡིན་ནམ། གྲྭ་བས་སྔ་མོ་ནས་འཁོར་བའི་མཐིལ་རྟོགས་པ་དང་གཟུགས་ནི་སྟོང་བའི་ཆོས་ཉིད་ལ་ཡིད་ཆེས་བརྟན་པོ་ཡོད་པ་མིན་ནམ། འོན་ཀྱང་ཅིའི་ཕྱིར་མི་གཞན་གྱི་གཉེན་སྟོན་ལ་ཕེབས་ཏེ་འདི་ལྟར་འཛུམ་ལྷུག་ལྷུག་གིས་དགོད་པ་ཡིན་ནམ།
བག་ཁང་དུ་རྐུབ་བཀྱག་ཐོག་བསྡད་དེ་གླེང་མོལ་བྱེད་མཁན་ཚོའི་ཁྲོད་ཤང་ཀང་དང་ཧྲེ་ཀྲང་། ད་དུང་ཕྱུགས་ནད་སྨན་པ་དང་ཁོའི་ཆུང་མ་བཅས་ཡོད། ཤང་ཀྲང་ནི་མི་འཚུལ་འཆོས་ཤིག་ཡིན་ཏེ། མི་གཞན་གྱིས་དགོད་གཏམ་བཤད་པ་ཐོས་ཀྱང་ཁོ་མི་དགོད་ལ་རང་ཉིད་ཀྱི་སྐད་ཆས་མི་གཞན་ཐམས་ཅད་གད་མོ་བསླངས་ཡང་ཁོ་མི་དགོད། ཁོ་བྲེལ་བ་ཧ་ཅང་ཆེ་བས་སྤྱིར་གཉེན་སྟོན་འདིར་ཡོང་འདོད་མེད་མོད། ཙོན་མའེ་ཆིའུ་གཅིག་ནས་ཀུང་ཧྲེའི་ལས་བྱེད་པ་ཡིན་པ་དང་གཉིས་ནས་ཁོའི་ཁྱིམ་མཚེས་ཡིན་པས་མ་ཡོང་ན་འོས་མེད་རེད་བསམ་སྟེ་ཡོང་བ་རེད། ཁོ་ནང་དུ་འཛུལ་མ་ཐག་ཙོན་ཚང་གི་ཨ་མ་ཝུང་གིས་མདུན་བསུས་ཏེ་བཤད་རྒྱུར།"ཤང་ཀྲང་ཕེབས་པ་ལེགས་བྱུང་། ང་ཚོར་མདོ་འཛིན་བྱེད་མཁན་ཞིག་མཁོ་བའི་སྒང་ཡིན"ཟེར། མོས་འདི་ལྟར་བཤད་དོན་ནི་ཤང་ཀྲང་གིས་གཉེན་སྟོན་མདོ་འཛིན་བྱས་ཟེར་བ་ཡིན།
ཁོ་གཉེན་སྟོན་མདོ་འཛིན་པར་གྱུར་བས་མི་འདུག་ཀ་མེད་བྱུང་སྟེ་བག་ཁང་ནང་བསྡད་ནས་དུ་བ་འཐེན་ཞོར་དང་ཁ་བརྡ་བྱེད་འཛད་སྒོ་འགོ་རྩོམ་པར་སྒུག
ཧྲེ་ཀྲང་ཡང་མི་ཁོམ་མེད་ཅིག་ཡིན། ཉིན་རེར་ཆེས་མ་མཐའ་ཡང་ཚོགས་འདུ་གཉིས་རེ་འཚོགས་དགོས་པ་དང་གླེང་མོལ་ཐེངས་གསུམ་བྱས་རྗེས་ངལ་རྩོལ་བྱེད་དགོས། མཚན་མོ་ཁྱིམ་དུ་ལོག་པ་འཕྱི་དྲགས་ཚེ་ཆུང་མས་ཁོར་ཁ་འཛིང་བྱེད། ཉིན་ལྟར་ངལ་དུབ་དང་འཁང་ར་གཉིས་གཟོད་བྱེད་དགོས་པས་ཁོས་ངོ་མ་དཀའ་ལས་ཆེན་པོ་མྱང་གིན་འདུག འོན་ཀྱང་མི་འདི་གཉིས་བཟའ་ཚང་སྒྲིག་པ་ལ་ཁོ་མི་ཡོང་ཀ་མེད་རེད། ཙོན་མའེ་ཆིའུ་ནི་ཁོའི་ལས་རོགས་འཇོན་པོ་ཡིན་པས་ཁོ་གཅིག་ནས་རྟེན་འབྲེལ་ཞུ་རུ་འོངས་བ་དང་གཉིས་ནས་རོགས་རམ་བྱེད་པར་འོངས་པ་ལས་གཞན་ད་དུང་ལྐོག་གྱུར་གྱི་དམིགས་ཡུལ་ཅིག་ཡོད་པ་ནི་ཁོ་ཚོའི་འགྲོ་གྲོན་ལ་ལྟ་རྟོགས་བྱེད་དུ་འོངས་པ་ཡིན། ཁོས་ཙོན་ཚང་ལ་སྒོར་ལྔ་སྤྲད་པ་དེས་ཟ་མ་དང་ཤོག་དམར། ལཱ་སྒྲོན་དམར་པོ་བཅས་ཀྱི་འགྲོ་གྲོན་ཐམས་ཅད་འདང་དགོས་པ་ལས་འགྲོ་གྲོན་ཚད་བརྒལ་ཁྱིམ་ཚང་དུ་འགྱུར་མི་རུང་བར་བསྐུལ་ཡོད།
གཉེན་སྟོན་ལ་ཕེབས་མཁན་ཚོའི་ཁྲོད་སྐད་ཆ་ཆེས་མང་ཤོས་ནི་ཕྱུགས་ནད་སྨན་པ་ཡིན། ཁོས་ལ་བཤད་ལུང་བཤད་མང་པོ་བྱས་རྗེས་གླེང་གཞི་གཉེན་སྒྲིག་ལམ་ལུགས་ཀྱི་ཐོག་བབས་བྱུང་།
"བཙན་ཤེད་གཉེན་སྒྲིག་ཀྱང་མི་བཟང་རྒྱུ་མེད། རང་ཉིད་ཀྱིས་སེམས་ཁུར་བྱེད་མི་དགོས།"ཕྱུགས་ནད་སྨན་པས་ཆུང་མ་མཛེས་མ་དེ་ནི་བཙན་ཤེད་གཉེན་སྒྲིག་བརྒྱུད་ནས་བླངས་བ་ཡིན་པས་ཁོ་དེར་ཡིད་ཧ་ཅང་ཚིམ་ཡོད། ཁོའི་གདོང་ནི་ཆང་གི་སྦང་མ་ལྟར་དམར་ཤར་ཤར་ཡིན་པ་མ་ཟད། རྨ་ཤུལ་ཞིག་ཀྱང་ཡོད་པས་གལ་ཏེ་བཙན་ཤེད་གཉེན་སྒྲིག་མ་བརྒྱུད་ན་ཁོས་ཆུང་མ་འདི་ལྟ་བུ་ཞིག་ལེན་དཀའ།
"རང་དབང་བཟང་བ་ནི་སྨོས་མ་དགོས་བ་ཞིག་རེད།"ཧྲེ་ཀྲང་གི་ཆུང་མ་ནི་བཙན་ཤེད་གཉེན་སྒྲིག་བྱས་ཏེ་བླངས་བ་ཡིན་ལ་རྒྱུན་པར་ཁོ་ལ་གཤེ་གཤེ་གཏོང་བས་ཁོ་བཙན་ཤེད་གཉེན་སྒྲིག་ལ་ཡི་མ་རངས་བར་དེ་ལྟར་བཤད།
"ཧྲེ་ཀྲང་གིས་བཤད་པ་བདེན་པ་ཡིན་ཏེ། བཙན་ཤེད་ལས་རང་དབང་བཟང་།"ཤང་ཀྲང་གིས་ཧྲེ་ཀྲང་གི་ལྟ་བར་རྒྱབ་སྐྱོར་བྱས། "གཉེན་སྒྲིག་ལུགས་སྲོལ་རྙིང་པའི་སྡུག་བསྔལ་རྐྱང་རྐྱང་བརྗོད་པའི་དམངས་གླུ་ཞིག་ཀྱང་ཡོད།"
ཧྲེ་ཀྲང་གིས"ཁྱོད་ཀྱིས་དེ་ཐེངས་གཅིག་ཀློགས་དང་"ཞེས་ཟེར།
གཉེན་སྒྲིག་ལམ་ལུགས་རྙིང་བར་རང་དབང་མེད།།
མོ་ནི་ངུ་ཞིང་ཕོ་ཡིས་སེམས་ཁུར་བྱེད།།
ངུས་ཏེ་འབྲི་ཆུ་སྔོན་མོ་སྔར་ལས་རྒྱས།།
སྡུག་སྟེ་རི་སྔོན་ཐམས་ཅད་དཀར་པོར་བསྒྱུར།།
"དེ་འདྲའི་ཚབས་ཆེན་ཞིག་ཀྱང་ག་ལ་ཡིན།"ཧྲེ་ཀྲང་ཅིག་བགད་དེ་བཤད།
"ང་ཚོ་ངུ་གི་མེད་ལ་སྡུག་གི་ཡང་མེད།"ཕྱུགས་ནད་སྨན་པས་ཡིད་ཚིམ་པའི་ཉམས་ཀྱིས་རང་གི་ཆུང་མར་བལྟས།
ཤང་ཀྲང་གིས"ཁྱོད་ནི་མོ་སྟོན་ཕག་མགོའི་སྟབས་འགྲིག་པ་རེད།""ངུ་རྒྱུ་གླེང་ན་ངའི་ཡིད་ལ་ཅིན་ཧྲི་གྲོང་ཁྱེར་གྱི་གོམས་སྲོལ་ཅིག་དྲན་བྱུང་།"ཞེས་བཤད་རྗེས་མགོ་སྒུར་ཏེ་དུ་བ་འཐེན་པ་ལས་སྐད་ཆའི་མཇུག་ལམ་སེང་མ་བཤད།
"གོམས་སྲོལ་ཅི་ཞིག་རེད།"ཧྲེ་ཀྲང་གིས་ནན་འདྲི་བྱས།
"ས་ཁུལ་དེར་བག་མ་ངུ་བསྐྱལ་བྱེད་པ་དར་བས་ཁྱིམ་ཚང་གི་བུ་མོ་གནས་ལ་བསྐྱལ་དུས་མི་མང་པོ་ངུ་བར་གདན་འདྲེན་ཞུ་དགོས། རྒྱས་ཤོམ་བྱེད་པ་ལ་མི་བཅུ་ཕྲག་འགའ་གདན་འདྲེན་དགོས། "
"གལ་ཏེ་གདན་དྲངས་བའི་མི་རྣམས་ངུ་མ་ཐུབ་ན་ཇི་ལྟར་བྱ།"ཕྱུགས་ནད་སྨན་པས་དྲིས།
"ངུ་ཐུབ་མཁན་ཚོ་གདན་འདྲེན་དགོས། ཅིན་ཧྲི་གྲོང་ཁྱེར་དུ་ཆེད་མངགས་བག་མ་ངུ་བསྐྱལ་བྱེད་མཁན་ཡོད། ཁོ་ཚོ་ནི་འདིའི་ཕྱོགས་ཀྱི་ཆེ་ལས་པ་ཡིན། ཁོ་ཚོའི་ངུ་སྐད་སྐབས་རེར་མཐོ་ཞིང་སྐབས་རེར་དམའ་ལ་འགྱུར་ཁུགས་དང་ལྡན་པས་གླུ་དབྱངས་དང་འདྲ་སྟེ་ཧ་ཅང་སྙན་མོ་ཡིན། "
སྒེའུ་ཁུང་གི་ཕྱི་རོལ་ལས་བུ་མོ་ཚོའི་དགའ་ལྷང་ལྷང་གི་དགོད་སྒྲ་གྲགས་འོངས། ཡུན་རིང་མཐོང་རྒྱུ་མེད་པའི་ཁོ་མོ་ཚོས་མ་གཞིར་གྱང་རྩར་ལྐོག་ཉན་བྱེད་པར་སྦྱོང་བརྡར་བྱེད་ཀྱིན་འདུག བག་མ་འདུས་པའི་བག་ཁང་ནང་གི་མི་ཚང་མ་བགད་ཀྱང་ཤང་ཀྲང་སྔར་ལྟར་མ་བགད། ད་དུང་ཕྱུགས་ནད་སྨན་པའི་ཆུང་མ་ཡང་མ་བགད་ལ་མོས་སྨིན་མ་བསྡུས་བྱུང་།
"ཁྱོད་ག་རེ་བྱས་སོང་ངམ།"ཕྱུགས་ནད་སྨན་པས་དེ་འཕྲལ་མགོ་སྒུར་ཏེ་སྐད་དམའ་མོས་དྲིས།
"མགོ་ཡུ་འཁོར་བ་དང་སྐྱུག་མེར་ལངས་ཀི" ཆུང་མ་མཛེས་མས་ལན་བཏབ།
ཤང་ཀྲང་གིས"མངལ་ཆགས་པ་ཨེ་རེད"ཞེས་དྲིས།
"སྨན་པ་མ་བསྟེན་ནམ།"བག་རོགས་ཀྱིས་དྲིས།
ཧྲེ་ཀྲང་དགོད་ཞོར་དུ"མོས་སྟོན་དགོས་སམ། མཚན་མོ་རེ་རེ་སྨན་པ་དང་མཉམ་དུ་ཉལ་བ་མིན་ནམ"ཞེས་བཤད།
ཕྱུགས་ནད་སྨན་པའི་ཆུང་མ་ན་རེ།"ཁ་བཙོག་པ་འདི་འདྲས་ད་དུང་ཤང་ཀྲང་གི་གོ་གནས་ཁུར་གྱིན་འདུག"ཟེར།
ཕྱི་རོལ་ནས་མི་ཞིག་གིས"ཚང་མ་བཀོད་སྒྲིག་བྱས་ཚར། ཁང་བ་དཀྱིལ་མར་ཕེབས་རོགས"ཟེར། མི་རྣམས་འཚང་ཁ་ཤིག་ཤིག་གིས་ཁང་བ་དཀྱིལ་མར་སོང་། བག་རོགས་ཀྱིས་བྱིས་པ་པང་སྟེ་བག་མའི་རྗེས་སུ་འབྲངས་ཀྱིན་འདུག བུ་མོ་ཚོ་ཡང་ནང་དུ་ཐོན། ཁོ་མོ་ཚོ་པང་ལེབ་བར་གྱང་ལ་བསྙེས་ཏེ་དཔུང་བ་མཉམ་དུ་གཤིབ་པ་དང་ལག་གདང་སྦྲེལ་ནས་མིག་གིས་བག་མར་བལྟས་འདུག་པ་དང་། ཕན་ཚུན་ལ་རྣ་བ་སྦྱར་ནས་སྐད་ཆ་ཤབ་ཤུབ་རེ་བཤད་རྗེས་སྐད་དམའ་མོས་དགོད་ཙམ་བྱེད།
ཁང་བ་དཀྱིལ་མའི་གྲལ་མགོར་བཞག་པའི་ཟས་སྣོད་དང་སླེ་བོ། ཕྱ་ར་བཅས་པའི་ཅ་ལག་ཐམས་ཅད་ནི་ཞིང་ལས་ཁང་གི་ཡིན། དཀྱུས་སུ་བཞག་པའི་ཅོག་ཙེ་རིང་བོ་དེའི་སྟེང་དུ་ལཱ་སྒྲོན་དམར་བོ་གཉིས་བཀར་ཡོད་ལ། དེའི་འོད་ལས་ཇ་ལོ་མེ་ཏོག་བཙུགས་པའི་དཀར་བུམ་གཉིས་གསལ་བོར་མཐོང་ཐུབ། ནང་ཕྱོགས་ཀྱི་གྱང་ངོས་སུ་སྐར་ལྔའི་དར་དམར་ཞིག་བཀལ་འདུག་པ་མ་ཟད། མའོ་ཀྲུའུ་ཞིའི་འདྲ་པར་ཞིག་ཀྱང་སྦྱར་ཡོད།
མཛད་སྒོ་འགོ་བརྩམས་མ་ཐག མདོ་འཛིན་པས་ཚང་མའི་འགོ་ཁྲིད་དེ་རྒྱལ་དར་དང་མའོ་ཀྲུའུ་ཞིའི་འདྲ་པར་གྱི་ཕྱོགས་སུ་གུས་འདུད་ཞུས་རྗེས་རྫོང་དཔོན་གྱི་དཔང་ཡིག་བཀླགས་པ་དང་མདོར་བསྡུས་ཀྱི་སྐད་ཆ་འགའ་བཤད་རྗེས། གོམ་འགའ་ཕྱིར་ནུར་ཏེ་ཧྲེ་ཀྲང་དང་མཉམ་དུ་རྐུབ་སྟེགས་མཐོན་པོ་ཞིག་གི་སྟེང་བསྡད། མཛད་སྒོ་སྟོན་པ་མོས"གཤམ་དུ་འགྲུལ་བས་གཏམ་བཤད་གནང་རྒྱུ་རེེད"ཅེས་ཁྱབ་བསྒྲགས་བྱས། མཛད་སྒོའི་བྱ་རིམ་འདི་སུས་བཀོད་སྒྲིག་བྱས་པ་མི་ཤེས་མོད། ཚང་མས་ཉན་ན་འདོད་པའི་གཏམ་བཤད་དེ།---བག་མའི་གཏམ་བཤད་དེ་མཛད་སྒོའི་མཇུག་ཏུ་བཞག་ཡོད་པས་སེམས་འཚབ་བཞིན་འགྲུལ་བ་གཞན་པའི་གཏམ་བཤད་ལ་མི་ཉན་ཀ་མེད་བྱུང་།
མ་གཞིར་གདན་འདྲེན་བྱས་པའི་གཏམ་བཤད་མཁན་ཧྲེ་ཀྲང་རེད། འོན་ཀྱང་ཁོས་བཤད་རྒྱུར་"ངས་བལྟས་ན་བག་མར་བཤད་དུ་བཅུག་ན་བཟང་སྙམ། ང་ཚོ་གཉེན་སྒྲིག་བྱས་ཏེ་ཕལ་ཆེར་ལོ་ཉི་ཤུ་ལྷག་འགོར་ཡོད་པས་གཉེནསྒྲིག་བྱས་མ་ཐག་པའི་ཚོར་བ་དེའང་བརྗེད་འདུག འདིའི་སྐོར་ཅི་ཡང་བཤད་རྒྱུ་མེད"ཟེར།
ཐོག་མར་ཚང་མ་ཧབ་ཆ་བརྒྱབ་བྱུང་ལ་དེར་མཐུད་ནས་ཚང་མས་ཐལ་མོ་བརྡབ་བྱུང་། ཐལ་མོ་རྡེབ་སྒྲའི་ཁྲོད་མི་རྣམས་ཀྱིསཅོག་ཙེའི་འགྲམ་དུ་སོང་སྟེ་གཏམ་བཤད་གནང་གྲབས་བྱེད་མཁན་ནི་བག་མ་མིན་པར་ཆང་གི་སྦང་མ་ལྟ་བུའི་གདོང་ལ་རྨ་ཤུལ་ཡོད་པའི་ཕྱུགས་ནད་སྨན་པ་ཡིན་པ་མཐོང་བྱུང་། ཁོས་ཡིག་སྐད་རྐྱང་རྐྱང་གི་ལམ་ནས་བཅིངས་འགྲོལ་བྱས་རྗེས་དང་མ་བྱས་ཡར་སྔོན་གྱི་རྒྱལ་ནང་གི་གནས་བབས་ནས་བཤད་འགོ་ཚུགས་ཏེ། མིང་བརྡ་མི་ཉུང་བ་ཞིག་བཀོལ་བཞིན་དལ་དལ་ལྷོད་ལྷོད་ངང་ཚིག་སྣེ་རྒྱལ་སྤྱིའི་གནས་བབས་སུ་བསྒྱུར། བཤད་མཚམས་འདིར་བསླེབས་རྗེས་ཤང་ཀྲང་གིས་སྐད་དམའ་མོས་ཧྲེ་ཀྲང་ལ"ངས་མི་ཞིག་དང་གླེང་མོལ་བྱ་རྒྱུ་དུས་ཆད་བྱས་ཡོད་པས་སྔོན་ལ་འགྲོ་དགོས་བྱུང་། ཁྱོད་ཀྱིས་མདོ་འཛིན་བྱེད་རོགས"ཞེས་བཤད།
"ང་ལ་ཡང་དོན་དག་ཡོད་པས་འགྲོ་དགོས།"
"ཁྱོད་འགྲོ་མི་རུང་མ། ཚང་མ་བུད་སོང་ན་མི་འོས"ཤང་ཀྲང་གིས་དེ་ལྟར་བཤད་རྗེས་ཙོན་ཚང་གི་ཨ་མ་ཝུང་གི་ཕྱོགས་སུ་དགོངས་དག་གི་ཚུལ་དུ་མགོ་བོ་ལྡེམ་ལྡེམ་བྱས་རྗེས་བུད་སོང་། ཧྲེ་ཀྲང་ཤུལ་དུ་མི་འདུག་ཀ་མེད་གྱུར། ཅུང་ཙམ་ཉན་རྗེས་སེམས་ནས་མ་གཟོད་པར་འགྲམ་གྱི་ཞིང་ལས་ཁང་གི་ལས་བྱེད་དེར་བཤད་རྒྱུར།"མི་གཞན་གཉེན་སྒྲིག་བྱེད་པ་དེ་རྒྱལ་སྤྱི་རྒྱལ་ནང་གི་གནས་བབས་དང་འབྲེལ་བ་ཅི་ཡོད་དམ"ཟེེར།
"ཁྱོས་ཧ་གོ་ནི་མ་རེད། ཁོར་ལེའུ་བརྒྱད་བཤད་རྒྱུ་ཡོད་ཟེར་སྐད། ལེའུ་གཉིས་ལས་བཤད་ཚར་མ་སོང་། ད་དུང་མཇུག་ན་མང་པོ་ཞིག་བཤད་རྒྱུ་ཡོད"ཞིང་ལས་ཁང་གི་ལས་བྱེད་པས་དེ་ལྟར་ཟེར།
ཆུ་ཚོད་ཕྱེད་ཀ་ཙམ་འགོར་རྗེས་སླར་ཡང་ཐལ་མོ་བརྡབ་བྱུང་། བག་མ་གཏམ་བཤད་སར་ཐོན་འདུག་ལ་ཕྱུགས་ནད་སྨན་པ་མཐོང་རྒྱུ་མི་འདུག སྐྲ་སླས་མའི་སྣེ་མོར་སྐུད་པ་དམར་པོ་མདུད་པའི་བག་མ་བལྟས་ཚོད་དུ་འཚེར་སྣང་མེད་པ་འདྲ་མོད། ཡིན་ནའང་གདོང་ཧྲིལ་བོ་དམར་པོར་གྱུར་འདུག མོས་བཤད་རྒྱུར།"བློ་མཐུན་རྣམ་པ། ཡུལ་མི་རྣམ་པ། དོ་དགོང་ངའི་སེམས་པ་དགའ་སྤྲོའི་ཁེངས། " བུ་མོ་ཚོ་དགོད་ཀྱིན་འདུག ཁ་ནས་"ངའི་སེམས་པ་དགའ་སྤྲོའི་ཁེངས"ཟེར་མཁན་གྱི་བག་མའི་གདོང་ལ་འཛུམ་མདངས་མེད་དེ། བློ་འཚབ་ཀྱིན་འདུག མོས་མུ་མཐུད་དུ་བཤད་རྒྱུར། "ངེད་གཉིས་ལོ་གཅིག་གི་སྔོན་ལ་གཉེན་སྒྲིག་བྱས་པ་ཡིན "ཟེར།
ཐོག་མར་མི་ཚང་མ་ཧད་འདུག དེར་མཐུད་ནས་ཚང་མ་བགད་བྱུང་། ཅུང་ཙམ་འགོར་ཇེས་སེམས་ལྷོད་ལ་བབས་ནས་འདང་ཞིག་བརྒྱབ་པ་ན་ད་གཟོད་མོ་དགའ་དྲགས་ཏེ་གཉེན་རྟགས་བརྒྱབ་པ་དེ་གཉེན་སྒྲིག་བྱས་པར་གོ་ནོར་ཐེབས་པ་ཤེས་བྱུང་། ཡང་བག་མས་བཤད་རྒྱུར།"དེ་རིང་ངེད་གཉིས་གཉེན་སྒྲིག་པ་རེད། ངའི་སེམས་དགའ་སྤྲོའི་ཁེངས"ཞེས་ཟེར། མོས་སྔོ་མདོག་གི་ལས་གོས་གསར་བའི་ཁུག་མ་ལས་རྒྱབ་ཤོག་དམར་པོ་ཡིན་པའི་དེབ་ཆུང་ཅིག་བླངས་ཏེ་ཁ་བཀྲམ་རྗེས་ཚང་མར་བསྟན་ནས་"ངས་ངལ་རྩོལ་ལག་དེབ་ཁྱེར་ཡོང་ཡོད། ད་ལོར་ང་ལ་ལས་སྐར་སྟོང་གཉིས་ཡོད"ཞེས་བཤད།
"ངོ་མ་ལས་སླ་མོ་མ་རེད།"ན་གཞོན་ཞིག་གིས་རང་དབང་མེད་པར་ཁ་ནས་གཟེངས་བསྟོད་ཤོར།
"ངོ་མ་བྱིས་པ་ཡ་རབས་ཤིག་རེད"ལོ་བཅུ་གྲངས་ལ་སོན་པའི་བྱིས་པ་ཞིག་གིས་འདི་ལྟར་བཤད། ཁོས་རང་ཉིད་ཀྱང་བྱིིས་པ་ཞིག་ཡིན་པ་བརྗེད་འདུག
"རྫོང་སྐལ་ངོ་མ་ད་འདི་རེད།"ཧྲེ་ཀྲང་རྒན་པ་ཡང་དབང་མེད་དུ་ཡིད་སྨོན་སྐྱེས།
"ང་ཚུར་ངལ་རྩོལ་བྱེད་དུ་འོངས་བ་ལས་གཞན་ལ་རྒྱབ་རྟེན་བཅོལ་དུ་འོངས་བ་མིན། ངས་ཞིང་ལས་ཁང་དུ་ཐོན་སྐྱེད་ལེགས་པོ་བྱས་ཏེ་ཁོ་དང་འགྲན་བསྡུར་བྱེད་ངེས་ཡིན།"
"ངོ་མ་བཟང་གི ཙོན་ཚང་དང་འགྲན་བསྡུར་བྱས་ཏེ་སོང་།"ན་གཞོན་ཞིག་དགོད་ཞོར་དུ་ཐལ་མོ་རྡེབ་ཀྱིན་འདུག
"ངས་བཤད་ཚར་སོང་།"བག་མའི་གདོང་ཡོངས་དམར་པོར་གྱུར་ཏེ་མགྱོགས་པོ་མར་ཡོང་།
"ཚར་སོང་ངམ།"མི་འགའ་རེས་ད་དུང་ཉན་འདོད།
"བཤད་པ་ཉུང་དྲགས་སོང་།"མི་འགའ་རེ་ད་དུང་ཡིད་ཚིམ་མེད།
"ད་དུང་བག་རོགས་ཀྱིས་བཤད་རོགས།"མཛད་སྒོ་སྟོན་པ་མོས་སྐད་བརྒྱབ།
བག་རོགས་ཀྱིས་བྱིས་པ་ལོ་གསུམ་ཅན་དེ་པང་ནས་ཡར་ལངས་ཏེ"ངས་སློབ་སྦྱོང་བྱས་མྱོང་མེད་པས་གཏམ་བཤད་མི་ཤེས"ཞེས་བཤད་མ་ཐག་མྱུར་དུ་མར་བསྡད་པ་དང་གདོང་ཡོངས་དམར་པོར་གྱུར།
"མག་པར་བཤད་དུ་ཆུགས འགྲན་ནུས་སམ།"མི་ཞིག་གིས་གྲོས་གཞི་བཏོན།
"མག་པ་གང་དུ་ཡོད།"
"གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག"མི་ཞིག་གིས་མེད་པ་ཚོར་བྱུང་།
"བྲོས་སོང་བ་རེད།"མི་ཞིག་གིས་ཁ་ཚོན་བཅད།
"ས་ཆ་གང་དུ་བྲོས་སོང་བ་རེད།"
"སྡུག་ཅག་ཞེ་དྲག་རེད། འདི་འདྲའི་མག་པ་ཞིག་ཡོད་དམ།"
"ཁོ་འགྲན་བསྡུར་བྱེད་པར་སྐྲག་པ་ཁོ་ཐག་རེད།"
ཧྲེ་ཀྲང་གིས"མགྱོགས་པོ་འཚོལ་དུ་རྒྱུགས་ཤིག ངོ་མ་སྡུག་ཅག་རེད། བག་མ་ཚང་གི་བག་རོགས་ད་དུང་འདིར་ཡོད"ཞེས་བཤད།
མི་བཅུ་ཕྲག་ཁ་ཤས་ཀྱིས་ལག་སྒྲོན་བཀར་བ་དང་དཔལ་འབར་སྦར་ཏེ་སྐོར་ཁག་འགའ་རུ་བགོས་ནས་རི་གསེང་དང་། བདེ་ཐང་། ཆུ་འགྲམ་དང་རྫིང་འགྲམ་སོགས་ག་ས་གང་དུ་བཙལ། ཧྲེ་ཀྲང་གིས་འགོ་ཁྲིད་དེ་བཙལ་ནས་རི་གསེང་གི་ལམ་ཕྲན་དེར་སླེབས་པ་ན་ཞོག་མངར་ཉར་སའི་ས་དོང་ལས་སྒྲོན་འོད་འཕྲོས་བ་མཐོང་བྱུང་།
"ཁྱོད་འདིར་ཡོད་དམ། ཁྱོད་འདི་ངོ་མ~~~~"ན་གཞོན་ཞིག་གིས་ཁོར་གཤེ་གཤེ་གཏོང་གྲབས་བྱས།
"ཁྱོད་ཅིའི་ཕྱིར་བྲོས་པ་ཡིན། འགྲན་བསྡུར་བྱེད་པར་སྐྲག་པ་ཨེ་ཡིན།"ཧྲེ་ཀྲང་རྒན་པས་ཁོར་དྲིས།
ཙོན་མའེ་ཆིའུ་ཡིས་གློག་སྒྲོན་གྲུ་བཞི་ཆུང་ཆུང་ཞིག་བཟུང་སྟེ་ས་དོང་ལས་བུད་པ་དང་ལུས་སྟེང་གི་ས་རྡུལ་སྤྲུགས་སྤྲུགས་ཤིག་བྱས་རྗེས་སྨིན་མ་ཡར་ཅིག་བཀྱགས་པ་དང་དལ་དལ་ལྷོད་ལྷོད་ངང་སྐད་དམའ་མོས་བཤད་རྒྱུར། "ངས་སྟོང་གཏམ་ཉན་ཏེ་ལན་མེད་སྒུག་སྡོད་བྱེད་པ་ལས་བར་གསེང་དེའི་དུས་ཚོད་བེད་སྤྱད་ནས་ང་ཚོའི་ཞིང་ལས་ཁང་གི་ཞོག་མངར་ས་བོན་རུལ་ཡོད་མེད་བལྟ་རུ་འོངས་བ་ཡིན"ཟེར།
"ཁྱོད་དོ་དམ་པ་བཟང་པོ་ཞིག་ཡིན་ཡང་མག་པ་བཟང་བོ་ཞིག་མ་རེད། ཁྱོད་རང་ཆུང་མ་དོགས་པ་སྐྱེ་བར་མི་སྐྲག་གམ།"ཧྲེ་ཀྲང་གི་སྐད་ཆའི་ཕྱེད་ཀ་ནི་བསྟོད་པ་ཡིན་ལ་ཕྱེད་ཀ་ནི་བཀའ་བཀྱོན་ཡིན།
མག་པ་ཕྱིར་ཡོང་རྗེས་ང་ཚོ་སྔ་གཞུག་ཏུ་རང་རང་སར་གྲོལ། ང་ཚོ་ཡང་ནུབ་ཁའི་ཟླ་ངོགས་ལས་འཕྲོས་བའི་རི་འདབས་ཀྱི་ལྗོན་ཤིང་གི་གྲིབ་མའི་ཁྲོད་གོམ་པ་རང་ཁྱིམ་དུ་བསྒྱུར། ང་ཚོ་དང་ལམ་གཅིག་པའི་བུ་མོ་ཚོ་ད་དུང་ལམ་ལ་ཆས་མེད།
ཇ་ལོ་མེ་ཏོག་གི་དྲི་ཞིམ་གྱིས་ཁྱབ་པའི་དགུན་འགོའི་མཚན་མོའི་བསིལ་རླུང་གིས་བུ་མོ་ཚོའི་སྤྲོ་སྣང་གིས་ཁེངས་ཤིང་བག་མེད་སྒྲིག་འཆལ་གྱི་དགོད་སྒྲ་བསྐྱལ་འོངས། ཁོ་མོ་ཚོས་གྱང་རྩར་ཉན་པར་འགོ་བརྩམས་ཡོད་པ་ཐག་ཆོད་ཡིན་ལ། ཅི་ཞིག་གོ་ཡོད་ཀྱང་སྲིད་དོ།།
2011ལོའི《གངས་ལྗོངས་རིག་གནས》དེབ་བཞི་བའི་སྟེང་བཀོད་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།