ངོས་དང་པོ > རྩོམ་རིག > དེང་རབས་བརྩམས་ཆོས། > སྙིང་མོ་སྐྱིད་ཀྱི་ལྷུག་རྩོམ་གཉིས《ཨ་ཕ་དང་ཁོའི་ལག་སྐྱོར་འདྲུད་འཁོར》དང《ཆར་རྗེས་ཀྱི་མཛེས་ལྗོངས》།
སྙིང་མོ་སྐྱིད་ཀྱི་ལྷུག་རྩོམ་གཉིས《ཨ་ཕ་དང་ཁོའི་ལག་སྐྱོར་འདྲུད་འཁོར》དང《ཆར་རྗེས་ཀྱི་མཛེས་ལྗོངས》།
རྩོམ་པ་པོ།:སྙིང་མོ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-12-28 09:12:00
ཀློག་གྲངས།:
ཨ་ཕ་དང་ཁོའི་ལག་སྐྱོར་འདྲུད་འཁོར།
སྙིང་མོ་སྐྱིད།(ལྷ་ས།)
༡
ཉི་འོད་ཀྱི་ཟེགས་མ་ཐོགས་ནས་ངའི་འཇིག་རྟེན་ལ་ནམ་ཡང་བདེ་སྐྱིད་ཀྱི་དྲོད་ཁོལ་དང་སྙིང་སྟོབས་འཛད་མེད་སྦྱིན་པའི་བདག་གི་ཕ་ལོ་ནི་ཞིང་བ་དཀྱུས་མ་ཞིག་སྟེ། མི་ཚེ་ཕྱེད་ཀ་ལག་སྐྱོར་འདྲུད་འཁོར་དང་འགྲོགས་ནས་བསྐྱལ། ཨ་ཕས་བཤད་ན་ལོ་བཅོ་ལྔར་ལོན་དུས་ནས་ཐོན་སྐྱེད་རུ་ཁག་གི་ལག་སྐྱོར་འདྲུད་འཁོར་གྱི་ཁ་ལོ་བ་བྱས་ཟེར། སྐད་ཆ་དེ་ཐོས་རྗེས་ངའི་མིག་མདུན་ལ་བྱམས་ལྡན་ཕ་ལོས་ལུས་སུ་ལྭ་བ་བབ་ཆགས་ཤིག་གྱོན་ཏེ་ཙག་དང་བསེར་བུ་གདོང་གིས་བསུ་བཞིན་ལག་སྐྱོར་འདྲུད་འཁོར་བསྐོར་བའི་སྣང་བརྙན་དེ་ཡང་ཡང་ཤར་འོང་། ཨ་ཕས་དེ་ལྟར་རང་གི་རྔུལ་ཁྲག་ལ་བརྟེན་ནས་བྱིས་པ་རྣམས་ཁྱོར་བ་གང་ཙམ་ནས་གཞུ་འདོམ་གང་གི་ཚད་དུ་སྐྱེད་བསྲིང་བྱས་པའི་མྱོང་བརྒྱུད་ནི། འཚོ་བའི་འགན་འཁྲི་ལྕི་མོ་དང་ངལ་ཚེགས་གྲངས་མེད་ཀྱི་ལས་སྣེ་ལ་འཇུས་ཤིང་སྟོབས་ཤུགས་ཟད་དུ་མེད་པའི་ཕྱག་ཟུང་གིས་ལག་སྐྱོར་འདྲུད་འཁོར་བསྐོར་ཏེ་དཀའ་བ་འབུམ་ཕྲག་སྤྱད་པའི་གཟི་བརྗིད་ཀྱི་བརྒྱུད་རིམ་ཁྱད་པར་བ་ཞིག་ཡིན།ངའི་དྲན་པའི་མེ་ལོང་ངོས་སུ་ནམ་ཡང་བརྗེད་ཐབས་མེད་པ་ནི་ཨ་ཕས་ལག་སྐྱོར་འདྲུད་འཁོར་བསྐོར་ནས་གྲམ་པའི་ནང་གི་བྱེ་རྡོ་དྲུད་དེ་སྲ་ཞིང་བརྟན་པའི་རྡོ་རྩིག་གྲངས་མེད་བརྒྱབ་པ་དང་། གད་ཁ་ནས་ས་སྐྱེལ་ཏེ་དུས་ད་ལྟའང་འགྱིང་ངེར་མཐོང་ཐུབ་པའི་མཁར་གྱང་གང་མང་བརྡུང་བའི་སྣང་བརྙན་རེ་རེ། གཞན་ད་དུང་ཨ་ཕས་རྔུལ་ཁྲག་གིས་བཞེངས་བའི་ངེད་མིང་སྲིང་ཚོའི་ངུ་ངག་དང་དགོད་སྒྲས་གཏམས་པའི་འཚོ་བའི་རྟོགས་བརྗོད་རིང་མོ་དེ་ཡིན།
༢
དཔྱིད་གསུམ་གྱི་ཟླ་མགོ་ཤར་ཞིང་། ཞི་འཇམ་རླུང་བུ་དལ་གྱིས་ལྡང་དུས་བྱམས་ལྡན་ཕ་ལོས་ལག་སྐྱོར་འདྲུད་འཁོར་བསྐོར་ནས་ཞིང་ལ་ལུད་སྐྱེལ་པ་སོགས་རྨོ་འདེབས་ཀྱི་ལས་ལ་གཞོལ་བཞིན་ས་འཛིན་དགའ་མ་རྔུལ་ནག་གིས་བརླན་ལ།དབྱར་གསུམ་སྐྱེ་འགྲོ་ཀུན་ཚ་གདུང་གིས་གཟིར་དུས་བདག་གི་ཕ་ལོས་ངེད་ཁྱིམ་ཚང་གང་བོའི་འཚོ་ཚིས་ཀྱི་ཆེད་དུ་ལག་སྐྱོར་འདྲུད་འཁོར་བསྐོར་ནས་ས་སྐྱེལ་རྡོ་སློག་གི་ཞོར་ལས་བྱས་ཏེ་གདོང་པགས་ཐེངས་མང་བརྗེ་མྱོང་། སྟོན་གསུམ་འབྲས་བུ་སྨིན་དུས་ཡབ་ཆེན་གྱིས་ལག་སྐྱོར་འདྲུད་འཁོར་རུ་ལོ་ཡག་སྙེ་མའི་ཤོག་གི་རི་རབ་བརྩིགས་ནས་ཁ་ལོ་བསྒྱུར་ཏེ་ངོས་མི་སྙོམས་པའི་གྱ་གྱུའི་ཞིང་ལམ་གང་མང་བརྒྱུད་ནས་རང་སྲོག་འབེན་ལ་འཛུགས་ཤིང་། དགུན་གསུམ་གྲང་ངར་དང་བུ་ཡུག་འཐབ་དུས་བྱམས་ལྡན་ཕ་ལོས་ཁ་བའི་ཀློང་དང་འཁྱག་རོམ་གྱི་སྟེང་དུ་ལག་སྐྱོར་འདྲུད་འཁོར་བསྐོར་ནས་བུད་ཤིང་བཏུས་ཏེ་དགུན་ཟླ་རིང་མོར་དྲོད་ཁོལ་སྦྱིན། དེ་བས་དབྱར་གྱི་ཆར་དང་ཤྭ་འོད། དགུན་གྱི་ཙག་དང་བསེར་བུ། སྟོན་གྱི་སད་དང་བ་མོ། དཔྱིད་ཀྱི་སྐྱ་ཆད་སྔོ་སྡུག་གི་དཀར་ནག་མཐའ་དག་ལ། ཡབ་ཆེན་ལགས་ཀྱིས་ལག་སྐྱོར་འདྲུད་འཐེན་འཁོར་ལོ་བསྐོར་ནས་ཤི་གསོན་འཐབ་རེས་ཀྱིས་ཧུར་ཐག་བྱས་པས། ལུང་ཆེན་གྱི་མདོ་དང་ཐང་ཆེན་གྱི་དཀྱིལ། གཙང་བོའི་རྒྱུད། མེ་ཏོག་གི་ཚལ། འཁྱག་རོམ་སྟེང་། རི་ཆེན་གྱི་སྒང་། གཞུང་ལམ་གྱི་ངོས་བཅས་ལ་ཨ་ཕའི་རྔུལ་ཆུའི་ཐིགས་པ་མ་ཟགས་ས་མེད་ལ། ལག་སྐྱོར་འདྲུད་འཁོར་གྱི་འཁོར་རྗེས་མ་ཕབ་ས་ཞིག་ཀྱང་མེད།༣
མི་ཚོགས་ཀྱི་འཚང་ཁ་རྒོད་ལ། ཡོད་ཚད་འགྲན་རྩོད་ཁྲོད་རྒྱུ་ནོར་དང་ཧམ་སེམས་ཀྱི་ཆེད་དུ་འདུར་རྒྱུག་བྱེད་བཞིན་པའི་གྲོང་ཁྱེར་འདིར། ངས་ལྷད་མེད་ཀྱི་འཛུམ་མདངས་དང་དགོད་སྒྲའི་ཀློང་ན་དལ་གྱིས་རྒྱུ་བའི་ཕ་ཡུལ་གྱི་རི་ཆུ་ལུང་གསུམ་དང་ཡུལ་མི་གཉེན་ཉེ་ཚོ་དྲན་འོང་ལ། ངེད་ཕུ་ནུ་མིང་སྲིང་ཚོའི་མདུན་བསྐྱོད་ཀྱི་ལམ་བུར་མར་མེ་འདེགས་མཁན་དང་། ངའི་འཚོ་བའི་དཀྱོགས་མཚམས་དང་ལམ་གྱི་གཟར་ས་རུ་ནམ་ཡང་སྐྱེལ་བསུ་གནང་བའི་ཡབ་ཆེན་ལགས་ཀྱི་བརྩེ་འཛུམ་གྱིས་ཕྱུག་པའི་ཞལ་རིས་དང་སེར་ཁས་ཁེངས་པའི་ཕྱག་ཟུང་། འཁྱ་མ་འཁྱོར་གྱི་སྐུ་གཟུགས་སོགས་རེ་རེ་ནས་དྲན་ལ། ཐ་ན་ཁོའི་ལག་སྐྱོར་འདྲུད་འཁོར་ཡང་དྲན་འོང་། མི་མངོན་པའི་གནས་སུ་གྲགས་མེད་ཀྱིས་ཐུགས་ཁུར་གནང་བཞིན་པའི་ཨ་ཕ་དང་ཁོའི་ལག་སྐྱོར་འདྲུད་འཁོར་ནི་ངེད་མིང་སྲིང་ཚོའི་འཚོ་བའི་རྒྱབ་རྟེན་འཁྲུལ་མེད་ཡིན། བདག་གིས་ཡབ་ཆེན་དང་ཁོའི་ལག་སྐྱོར་འདྲུད་འཁོར་ལ་བཅངས་བའི་བརྩེ་བ་དེ་ནི་ཡི་གེར་བཀོད་ནས་འབྲི་ཐུབ་པ་ཞིག་གམ་སྐད་ཆའི་ལམ་ནས་བརྗོད་ཐུབ་པ་ཞིག་མ་ཡིན་ཏེ། དེ་ནི་དཔྱིད་ཀྱི་བསིལ་རླུང་དང་སྦྲང་ཆར་ལྟ་བུ་ཡིན་པས། ངའི་རེ་བའི་ཟེའུ་འབྲུར་འབུས་པའི་མེ་ཏོག་གི་གང་བུ་དགྲོལ་ནུས་ལ། དེ་ནི་དབྱར་ཁའི་འབྲུག་སྒྲ་ལྟ་བུ་ཡིན་པས། ངའི་ཡིད་ཀྱི་མདོངས་མཐའ་ཅན་ལ་བདེ་བའི་མངལ་སྦྲུམ་ཐུབ། དེ་ནི་སྟོན་ཁའི་འབྲས་བུ་ལྟ་བུ་ཡིན་པས། བདག་གི་ཤེས་བྱའི་ལོ་ལེགས་ཀྱི་འཛུམ་རིས་ལྷང་ངེར་ངོམ་སྲིད། དེ་ནི་དགུན་ཁའི་ཉི་མ་ལྟ་བུ་ཡིན་པས། ངའི་མི་ཚེའི་འཁྱག་རེངས་དྲོད་ཀྱིས་གཞོམ་ནུས། དེ་ནི་དུས་གསུམ་གང་ལའང་ངའི་དྲན་འཛིན་གྱི་ཡོལ་བའི་ངོས་སུ་གསལ་ལྷང་ལྷང་ངང་འཆར་བའི་རྟགས་བརྟན་གྱི་རྡོ་རིང་ཞིག་གོ ། ཨ་ཕའི་བསྐོར་བའི་ལག་སྐྱོར་འདྲུད་འཁོར་གྱི་སྒྲ་དེ་ནི་རྣ་བར་སྙན་ཞིང་འཇེབས་པའི་གླུ་ཞིག་དང་མཚུངས་པར། ངའི་སེམས་པའི་གཏིང་རུམ་དུ་ཉར་བའི་སྨོན་ལམ་བཟང་བོ་དང་ཡར་སྐུལ་ནན་མོ་གླུ་རུ་བཀྱགས་ནས་དགུན་གྱི་གྲང་ངར་དང་དབྱར་གྱི་ཚ་བ་བསྐུམས་པར་བྱེད་ཅིང་། དཔྱིད་ཀྱི་རྒྱལ་མོའི་དྲོ་སྐྱིད་དང་གསེར་ལྡན་དུས་ཀྱི་འབྲས་བུ་དྲངས་ནས་བསླེབས་ངེས་པ་ཡིན་ནོ།།༤
ཨ་ཕས་མངར་ལ་སྐྱུར་བའི་འཚོ་བ་དང་རིང་ལ་ཐུང་བའི་མི་ཚེའི་བགྲོད་ལམ་དུ་ལག་སྐྱོར་འདྲུད་འཁོར་བསྐོར་ཏེ་ས་མཐོའི་ནམ་ཟླ་ལས་དྲོ་འཁྱག་གི་མནར་གཅོད་ཇི་འདྲ་མྱོང་ཡོད། དྭངས་བསིལ་ཆུ་ཕྲན་ལྷུང་ལྷུང་དུ་འབབ་པའི་གྲམ་པ་ལས་བྱེ་མ་ལྕགས་ཁེམ་ག་ཚོད་བཅུས་ཡོད། དགུ་ཆུ་སྔོན་མོའི་འགྲམ་ངོགས་ནས་རྡོ་ཆེ་མ་ཆུང་གསུམ་བཏུས་པའི་གྲངས་འབོར་སུ་ཡིས་ཤེས། ད་དུང་མེ་ལྕེ་འབར་བའི་ཀློང་བཞིན་དབལ་ཤིན་ཏུ་ཚ་བའི་གྱོ་ཁུང་ལས་སོ་ཕག་གྲངས་མེད་ལག་སྐྱོར་འདྲུད་འཐེན་འཁོར་ལོར་བརྩིགས་པའི་རྩིས་གཞི་ཇིི་ལྟར་གཞལ། དབྱར་དུས་སུ་ཨ་ཕའི་ངོ་གདོང་ཉི་འོད་ཀྱིས་ཚིག་ནས་ཤ་སྐྱི་དམར་ཅིང་ནག་ལ་སྐྱི་ལྤགས་སྲབ་མོ་ལེབ་མོ་དང་ལེབ་མོ་བྱས་ནས་གདོང་པགས་ཅི་ཙམ་བརྗེ་མ་མྱོང་ངམ། དགུན་དུས་སུ་མཛུབ་མོའི་སེན་ཤ་ཐེད་ཅིང་སེན་མོ་དོང་དུ་བབས་ནས། གས་ཁ་རབ་དང་རིམ་པ་ལས་རྣག་ཁྲག་གི་གཤེར་ཁུ་ཅི་ཙམ་འཛག་མ་མྱོང་ངམ། ཡིན་ཡང་ཨ་ཕས་དེར་རྐྱེན་བྱས་ནས་ལག་སྐྱོར་འདྲུད་འཁོར་བསྐོར་མཚམས་བཞག་མ་མྱོང་ལ་འཇོག་ཀྱང་མི་ཆོག་པར་སྣང་། དེ་ལྟར་ཨ་ཕས་ཚེ་གང་བོར་ལུས་པོ་དལ་མེད་དུ་འགུལ་ནས་མི་ཚེའི་བཟོ་སྐྲུན་གྲངས་མེད་ཅིག་ཡོངས་འགྲུབ་བྱས་ཚར་ལ། ཨ་ཕ་དང་ཁོའི་ལག་སྐྱོར་འདྲུད་འཁོར་གྱིས་ངེད་མིང་སྲིང་བཞི་ལ་འཇིག་རྟེན་གྱི་སྙིང་བོ་མང་པོ་མང་པོ་ཞིག་ཀྱང་བུམ་པ་གང་བྱོའི་ཚུལ་གྱིས་བསླབས་ནས་ཚགས་སུ་ཆུད་པ་བྱས་ཡོད། དེ་བས་ངའི་སེམས་ལ། ཚེ་འདིར་ཨ་ཕའི་བུ་མོར་སྐྱེས་པ་ནི་ངའི་བསོད་ནམས་ཀྱི་མཆོག་དང་མི་གཞིའི་རྒྱན་ཆ་ཉག་ཅིག་ཡིན་ཨང་སྙམ་པའི་དད་གུས་ལྷད་མེད་ཅིག་རྒྱུད་ལ་རང་ཤུགས་ཀྱིས་སྐྱེས་ཡོང་།ཆར་རྗེས་ཀྱི་མཛེས་ལྗོངས།
དབྱར་ཟླ་འབྲིང་བར། ཁྲི་གདུགས་ཉི་མ་ནུབ་རིའི་ཕང་བར་སྔས་ཏེ་མནལ་དུ་གཟིམ་རྗེས། ས་སྲོད་ཀྱི་མུན་ནག་གི་རྔམ་ཁ་ཇེ་མཐུག་ནས་ཇེ་མཐུག་དུ་གྱུར་བ་དང་བསྟུན་ཏེ་ཨ་སྔོན་དབྱིངས་ནས་ཆར་བ་ཤག་ཤག་ཏུ་འབབ་པའི་ཚེ། བདག་གི་ཡིད་ལ་བག་ཕེབས་ཉམས་བདེའི་ཚོར་བ་ཞིག་སྐྱེས། ཁོར་ཡུག་འཛིན་མའི་ཁྱོན་ཡོངས་སུ་རྩི་ཤིང་ཀུན་ལ་སྦྲང་ཆར་བསིལ་མས་བརླན་པའི་དུས་སུ། ཆར་བའི་སྒྲ་ལ་ཉན་བཞིན་རྨི་ལམ་གྱི་ཞིང་ཁམས་ཉུལ་བ་ནི་ལུས་སེམས་གཉིས་ཀའི་ལོངས་སྤྱོད་སྐྱིད་པོ་ཞིག་རེད། ཆར་བ་བབས་རྗེས་ཀྱི་ཞོགས་པར། བསིལ་ཞིང་དྭངས་བའི་མཁའ་དབུགས་ཀྱིས་ལུས་སེམས་ཡོངས་ལ་བདེ་བའི་སྣང་བ་སྟེར་བའི་དུས་འདིར། རྒྱང་རིང་ན་ཚར་དུ་དངར་བའི་ལྷུན་སྡུག་རི་བོའི་ཚོགས་ཀྱི་རྩེ་མོར། རབ་དཀར་ཁ་བས་གཡོགས་ཅིང་། གྲོང་ཁྱེར་གྱི་ཕྱོགས་བཞིའི་རི་བོས་ན་བུན་གྱི་ལྭ་བ་མཐུག་པོར་གྱོན་ཞིང་། གཞུང་ལམ་ཀུན་ནི་རྡུལ་གྱི་གཡའ་ཙམ་མེད་པར་འོད་ཐིང་ཐིང་དུ་འདུག་ལ། ཞིང་ཐང་གི་ལོ་ཏོག་རྣམས་ནི་ཟིལ་པ་ཁྲུམ་ཁྲུམ་གིས་མགོ་བོ་དུལ་ཞིང་། རྡོ་གསེབ་དང་ས་གསེབ་ཁྲོད་གི་རྩ་ཕྲན་དག་གྲུང་རིལ་རིལ་གྱི་མགོ་བོ་འབུར་འབུར་དུ་ཐོན་ནས་སྔར་བས་ཀྱང་སྐྱེས་སྟོབས་ཀྱི་དཔལ་འབར་འདུག་པ་དང་། རི་ལུང་ཐང་གསུམ་ཐམས་ཅད་ཀྱིས་སྔོ་ལྗང་གི་གོས་བཀླུབས་ཅིང་ནེའུ་གསིང་དང་སྤངས་ལྗོངས་སྔོན་པོ་ལ་མེ་ཏོག་སྣ་མིན་གྱི་ཕྲ་ཚོམ་གི་རྒྱན་བཏབས་དུས་མིག་གི་རྒྱལ་མོར་བལྟས་མི་ཚར་བའི་མཛེས་པའི་ལོངས་སྤྱོད་ཞིག་ཤུགས་ཀྱི་སྦྱིན་འོང་།ཆར་བ་ནི་མི་རྣམས་ལ་དགའ་བའི་ཉམས་སྣང་སྐྱེད་པར་བྱེད་པ་ཞིག་སྟེ། གཙང་ཞིང་བསིལ་བའི་ཆར་ཐིགས་རེ་རེས་རྩི་ཤིང་ཀུན་གྱི་སྐོམ་པའི་གདུང་བ་སེལ་ཞིང་། ཀུན་རྟོག་ཡིད་ཀྱི་སྣང་ངོར་རང་ཉིད་ཆུ་ཤེལ་ནོར་བུའི་ཕོ་བྲང་དུ་གནས་པའི་སྣང་བ་ཞིག་འཆར་ཡོང་བ་མ་ཟད། མིའི་སེམས་ལ་རང་དབང་མེད་པར་སྐྱོ་ངལ་སྟེར་བའི་བྱེ་རླུང་འཚུབ་མའམ་སྙིགས་མའི་འཐོར་རླུང་ཀུན་རྡུལ་དུ་བརླགས་པས། རླངས་འཁོར་དང་མི་ཕྱུགས་ཀྱི་འགྲོ་ལམ་ཀུན་འོད་ཡུག་ཡུག་ཏུ་གཏོང་ཐུབ།ཞིང་ཁར་གདོང་གི་གཉེར་མར་ངུལ་ཆུའི་ཐིགས་ཕྲེང་འཛག་པའི་ཞིང་བ་དང་ངལ་དུབ་ཀྱི་ཁེངས་བའི་སྐྱེ་འགྲོ་སོ་སོར་ངལ་གསོ་ཐེངས་ཤིག་གི་ཁོམ་ལོངས་ཡང་སྦྱིན་ལ། ད་དུང་དཔལ་འབྱོར་གྱི་འཕེལ་ཁ་མགྱོགས་ཤིང་ཚན་རིག་གི་རྔམ་ཁ་ཆེ་སར་བཟོ་ལས་ཀྱི་དུད་རྡུལ་དང་གད་སྙིགས་གི་ཕང་ཕོང་ཇི་འདྲའི་མང་བོ་ཞིག་ཆར་བས་གཙང་བཟོ་བྱས་ཡོད་པས་ཆར་བའི་ཡོན་ཏན་ཐམས་ཅད་བདག་གིས་སེམས་ཞིབ་མོས་དྲན་ཅིང་དུངས་བཞིན་ཡོད་ལ་ཆར་བར་རེ་སྒུག་བྱས་པའི་གདུང་བའང་ཚོར་བཞིན་ཡོད།
དྭངས་གཙང་གི་མཛེས་བ་རུམ་པའི་བྱིས་དུས་སུ་ཆར་བ་འབབ་པར་རེ་ལྟོས་དང་སྨོན་སེམས་བཅིངས་ཤིང་། ཆར་བའི་དྭངས་གཙང་གི་ཐིགས་པ་རེ་རེ་ས་གཞིར་གཏོར་དུས་ནི་བྱིས་པའི་རྩེད་འཇོ་ཡི་གར་སྟེགས་ཆུང་ཆུང་ཞིག་ག་ལ་མིན་ཏེ། དབྱར་ཁར་ཆུ་ལ་མི་སྐྲག་ཅེས་གྲང་ངར་གྱི་འཇིགས་པ་རིང་དུ་དོར་ནས་ཆར་བའི་ཁྲོད་དུ་རྩེད་འཇོར་རོལ་ནས་རང་ཉིད་ཆར་བ་དང་སིམ་པར་བྱས་ཡོད། དེ་བས་ཆར་བས་བྱིས་དུས་ལ་བུ་རམ་ལྟ་བུའི་མངར་ཁ་དང་བརྗེད་དཀའ་བའི་སྤྲོ་སྣང་ཞིག་ངང་གིས་སྟེར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།