མིག་གསར་བའི་སྙན་ངག་ཁག་བདུན།

རྩོམ་པ་པོ།:མིག་གསར་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-12-24 10:46:00 ཀློག་གྲངས།:

མིག་གསར་བའི་སྙན་ངག་ཁག་བདུན།
མིག་གསར་བ།

ངག

རླུང་བུ་ཞིག་དང་མཉམ་དུ་འགྲོགས་ཏེ། །
རྩྭ་སྐྱ་ཞིག་ལ་སྐོར་ར་བྱས་པས། །
སྐོར་ལམ་དེ་དང་ངག་གིས་ལབ་མོལ། །
འཇིག་རྟེན་མི་ལ་གད་མོ་ཤོར་བ། །
སྤྲིན་དཀར་ཞིག་དང་མཉམ་དུ་འཕྱོ་སྟེ། །
སེམས་པ་ཞིག་དང་མཉམ་དུ་འཁྱམས་པས། །
ངག་ལ་འབྱོར་བའི་སྡེབ་པས་དབྱངས་ཤིག །
མཐོ་རེངས་སྐར་ཆེན་དེ་ལ་སྐུལ་འབོད། །
གཟུགས་རུས་ཤིག་གི་ཤོག་གིས་སྟེང་དུ། །
ངག་གི་རི་མོར་འབྲི་བར་བྱས་པས། །
འགྲིན་པའི་རྟ་ཕོ་སྐྱ་རེངས་གཏད་དེ། །
ཨ་ཇོར་སེམས་ཀྱི་ངག་ཏེ་བཀུར་བ། །
དད་འདུན་ངག་གི་མིག་ཆུ་བཞུར་སོང་། །
ངག་དང་དར་ཆའི་བྱ་ཕོ་འཕུར་ཡོད། །

2015/11/26

སེར་ཤུལ་གྱི་མཚན་མོ་དེར།

སྤང་ཐང་ཡངས་བའི་སྟེང་སྤྲིན་དཀར་གྱིས་རྒྱན་ཏེ། །
བྱིའུ་དཀར་པོ་ཞིག་འཕུར་ཏེ་སྒྲོ་ཞིག་ལྷག་པ། །
སྒྲོ་སྤུ་འཇམ་པའི་གྲུབ་གཟུགས་ཡིད་ལ་རྔམ་སྟེ། །
རྒྱང་རིང་བྱིའུ་ལུས་དེ་ཇི་འདྲ་ཞིག་སྙམ་མོ། །
བྱིའུ་སྒྲོའི་དྲི་དང་འགྲོགས་ཏེ་བྱིའུ་ཞིག་བཙལ་པས། །
རླུང་གི་ཁམས་དང་འགྲོགས་ཏེ་མཁའ་ལམ་ཅེར་རོ། །
བྱང་ཕྱོགས་རྒྱང་རིང་གི་དྲི་ཞིམ་དེ་འཚོལ་བས། །
ལས་དབང་སྐར་གྱི་གནམ་ངོ་འུར་གྱིས་བཟུང་བ། །
སྒྲོ་སྤུའི་དྲི་དང་འཇམ་གྱིས་གཉིད་ལོག་བྱས་སོ། །
བྱིའུ་སྤུ་ཞིག་རྨི་ལམ་རུམ་ལོག་ཏུ་འཚོལ་ལོ། །

2015/11/30

རྨི་ལམ་གྱི་ངོགས།

དབྱར་གྱི་མེ་ཏོག་བཀྲ་བས་མཛེས། །
ཡིད་དུ་ལྷུང་བ་མངོན་པར་བཞད། །
ཆར་ཆུ་ངོགས་ཀྱི་བུ་མོ་ཞིག །
རྨི་ལམ་ངོགས་སུ་མཛེས་པར་འཁྲུངས། །
སྔོ་བསངས་ནམ་མཁའ་ཡངས་ཤིང་ཆེ། །
རྨི་ལམ་ངོགས་ཀྱི་བུ་མོ་ཁྱོད། །
སྤྱན་ཡངས་ཡིན་གྱི་བྱ་བ་དེ། །
ལང་ཚོའི་ངོགས་ལ་རྒྱན་འདོགས་འདྲ། །
གཏམ་སྙན་མོལ་བ་ལང་ཚོའི་གླུ། །
ཕན་ཚུན་མཐུན་པ་བྱིའུ་ཆ་གཅིག །
ཇི་སྙེད་ཚོགས་བཀྲའི་འཇིག་རྟེན་དུ། །
རྨི་ལམ་ངོགས་ཀྱི་ལྷ་མོར་བསྔགས། །

སྤྲིན་གྱི་མེ་ཏོག་གི་གསེབ་ན་སྙན་ངག་ཡོད།

སྤྲིན་གྱི་བར་གསེབ་གི་འོད་ལམ་དེ་ན། །
སྙན་ངག་བྲིན་ཟིན་གྱིས་ལོ་ཟླ་འཕྲོས་འདུག །
མེ་ཏོག་དཀར་དམར་གྱི་སྤྲིན་གསེབ་དེ་ན། །
ཆར་ཆུ་ན་ཟུག་གི་ངོགས་སུ་འདྲེས་ཡོད། །
སྤྲིན་པ་ལྷད་མེད་ཀྱི་གོང་རིམ་བརྩེགས་དུས། །
ལོ་ཟླ་རིང་མོ་ཡི་གཏམ་རྒྱུད་གྱེར་ཡོད། །
མེ་ཏོག་དཀར་དམར་ཞིག་གནམ་ནས་ལྷུང་དུས། །
སྙན་ངག་བྲིས་ཟིན་གྱི་གླེགས་བམ་འཐོར་འདྲ། །
སྤྲིན་གྱི་མེ་ཏོག་གི་འཛུམ་འཛུམ་འཕྲོས་དུས། །
ལུས་ཀྱི་ཤ་ལེབ་ཀྱིས་གཤོག་པ་བརྐྱངས་འདྲ། །
སྙན་ངག་དུང་ཞེན་གྱི་ལོ་ཟླ་རེ་རེར། །
སྤྲིན་གྱི་ཚོར་རླབས་ལ་སྙན་ངག་བྲིས་ཡོད། །
སྤྲིན་གྱི་བར་གསེབ་དུ་མེ་ཏོག་བཞད་པས། །
སྙན་ངག་སྡེབ་སྦྱོར་གྱི་གཞི་རྐང་བཙུག་ཡོད། །
སྤྲིན་གྱི་འཕྱོ་ལྡིང་གི་ཡར་མར་ཞིག་སྟེ། །
སྙན་ངག་ཚོར་བྲིས་ཀྱིས་ཟིན་ཐོ་བཀོད་ཡོད། །
དྲན་གདུང་སེམས་འཚོལ་གྱི་མེ་ཏོག་བཞད་ཡོད། །
སྙན་ངག་རྐང་གཅིག་དེ་སྤྲིན་གསེབ་ཡོད་དོ། །
ཐོ་ཡོར་གཟུགས་བཅོས་ཀྱིས་ཉི་འོད་འཚེར་ཏེ། །
སྤྲིན་གྱི་མེ་ཏོག་དེས་མེ་ཆར་བབས་ཡོད། །

དྲན་པའི་གདུང་དབྱངས།

སྐྱབས་མེད་སློབ་བུ་འགའ་ཞིག་མཉམ་དུ་ལས། །
ངག་ནས་བྱུང་བའི་སྨྲེང་གླུ་མཉམ་དུ་སྒྲོགས། །
དྲན་པའི་གདུང་འབོད་ཁྲོད་དུ་དབྱངས་ཤིག་དཀྲོལ། །
བླ་རྣམ་ཁོང་དུ་ཆུད་པར་འགུར་བར་བྱེད། །
གླིང་གིའི་མཛེས་སྡུག་གསོན་པོ་མི་ཡུལ་གྲགས། །
མུན་པའི་སེམས་པ་གཉོམ་པོ་མཐའ་ན་ལྷག །
སྐར་ཚོགས་ལུག་ཁྱུར་འདྲ་སྟེ་ཇི་འདྲའི་མཛེས། །
ཟླ་བ་ཁེར་བུར་རྒྱུ་བས་མཚན་མོ་སྐྱོ། །
ཉི་འོད་འཚེར་བ་མེད་པའི་ཀྱེ་མ་མུན། །
སླར་ཡང་འོད་སྟོང་འཕྲོས་པར་རེ་སྒུག་ཆེ། །
ཡིག་འབྲུ་ཀ་ཁའི་དབྱངས་རྟ་དཀྲོལ་ཐེངས་རེར། །
ཚིག་འབྲུ་བླ་མའི་ཞལ་ཆེམ་བློ་རུ་སྦྲུམ། །
མུན་པའི་ཁྲོད་དུ་གསལ་བའི་འོད་ཟེར་རེར། །
ཉིན་མཚན་མགོ་མཇུག་ལོག་པར་སྒུག་རྩིས་ཡོད། །
གདམས་ངག་ཡིད་དུ་འཛིན་པར་ཕྱིར་འབྱོན་བྱས། །
འཇིག་རྟེན་མུན་ནག་ཁྲོད་དུ་འོད་འབྲུ་རྙེད། །
གསལ་ཚེས་མཁའ་རུ་བྱོན་པར་སློབ་མས་བསྒུག།།

2015/11/18

འབྲོང་གཡག་གི་ངུར་སྒྲ།

གངས་ཅན་པའི་འབྲོང་གཡག་རྒོད་པོ་དེ། །
ངུར་སྒྲ་ཡི་གདུང་འབོད་ཁྲོད་དུ་ལས། །
རི་སྒང་གི་འབྲོང་གཡག་བརྗིད་པོར་བཞུགས། །
ས་མཐའ་ཡི་ཨ་ཇོར་མཧལ་བར་བསྒུག །
སྨྲེང་སེམས་ཀྱི་ན་བུན་སྙན་ངག་བསྒྱུར། །
དད་འདུན་གྱི་མཆོད་སྤྲིན་ཁྱེད་ལ་ཚེས། །
རེ་སྒུག་གི་རྩྭ་སྐྱའི་ཁ་དོག་འགྱུར། །
དབུ་ནག་གི་སྐྲ་སྣེ་དཀར་པོར་ལོག །
འབྲོང་གཡག་གི་ངུར་སྒྲ་རྫ་ཆུར་འགྲོགས། །
ཨ་ཇོ་ཡི་ལས་དབང་གོས་དཀར་གཏད། །
འབྲོོང་གཡག་གི་ངུར་སྒྲ་རྫ་མགོར་སྒྲོགས། །
ཕྱིར་ཚེས་ཀྱི་རྟ་བདུན་དབང་པོ་གང་། །
ངུར་སྒྲ་དང་གདུང་འབོད་ནང་ནས་འཆར། །

2015/11/13

ཁ་བ་འབབ་ཐེངས་རེར།

ཁ་བ་མཐོ་སར་འབབ་པའི་དུས་སུ། །
ལོ་ངོ་གཉིས་ཀྱི་མི་ཞིག་ཕྱིར་སློང་། །
ཁ་བའི་འདབ་མ་ལུས་སྟེང་ཆགས་ཏེ། །
ཡིད་ཀྱི་ཀློང་ན་འབབ་ཐེངས་རེ་རེར། །
རྣམ་ཤེས་རྐང་ངོར་མ་ཆགས་བུད་དེ། །
དྲན་ཤེས་ཁྱེད་ཀྱི་སླད་དུ་སྨྱོས་པས། །
སྙན་ངག་ཁ་བའི་ཐང་དུ་བྲིས་ཏེ། །
ཁ་བ་རེ་རེར་ཕྱི་དྲན་ཆ་གཅིག །
དགུན་གྱི་དུས་ཚིགས་ཁ་བ་བབས་ཏེ། །
ཁ་བའི་མི་དང་ངེད་གཉིས་འགྲོགས་པས། །
བྱ་ཁྱུད་དེ་དང་གླུ་ཞིག་མགུར་ཡོད། །
དྲན་ཐེངས་དེ་དང་སྙན་ངག་གྱེར་བཞག །
ཆགས་ཟིན་བརྩེ་བ་དྲན་ཐེངས་རེ་རེར། །
ཁ་བའི་གཤོག་པ་དེ་དང་བསྐྱོད་དོ། །

2015/12/19


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།