ངོས་དང་པོ > རྩོམ་རིག > དེང་རབས་བརྩམས་ཆོས། > ཧྥེང་ཡུས་ཀྱིས་བརྩམས་ཤིང་སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི《གཏང་རག》(སྨད་ཆ)།
ཧྥེང་ཡུས་ཀྱིས་བརྩམས་ཤིང་སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི《གཏང་རག》(སྨད་ཆ)།
རྩོམ་པ་པོ།:སྙིང་མོ་སྐྱིད་ཀྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-12-23 16:04:00
ཀློག་གྲངས།:
བཏང་རག(སྨད་ཆ)
ཧྥེང་ཡུས་ཀྱིས་བརྩམས། སྙིང་མོ་སྐྱིད(ལྷ་ས)ཀྱིས་བསྒྱུར།
ལྔ།
བཏང་རག་འབུལ་བའི་ཉི་མ་ཟླ་དང་པོའི་ཚེས་ཉེར་བརྒྱད་ལ་གཏན་ཁེལ་བྱས། སྤྱིར་དོན་དག་མང་པོ་ཞིག་ཁ་པར་ཞིག་བརྒྱབ་པའམ་འཕྲིན་ཐུང་ཞིག་བསྐུར་ན་ཏེ་ལས་སླ་མོ་ངང་འགྲུབ་ཐུབ་མོད། ཚེས་ཉི་ཤུ་ཉིན་སྲིང་མོ་ཀིན་རང་ཉིད་འཕྲུལ་རྟར་ཞོན་ནས་ཡ་ཅི་ཚང་ལ་བསླེབས་པ་དང་། མོའི་ཨ་ཕས་ཤོག་དམར་སྟེང་བྲིས་པའི་བཀྲ་ཤིས་པའི་ཚེས་གྲངས་དེ་ཡ་ཅིའི་ལག་ཏུ་བཞག་པ་མ་ཟད། ད་དུང་འོ་མ་ཤོག་སྒམ་གང་ཉོས་ཡོང་ནས་ཁོའི་ཨ་ཕར་སྤྲད། ཡ་ཅིས་སྲིང་མོ་ཀིན་ལ་ཇ་བླུགས་རྗེས་དྲོས་ཇ་བསྐོལ་འགོ་བརྩམས། སྲིང་མོ་ཀིན་གྱིས་ཁོའི་ཨ་ཕ་བསྐྱོར་ནས་ཁང་བའི་ཕྱི་རོལ་དུ་འགུལ་བསྐྱོད་བྱས། དྲོས་ཇ་འཐུང་རྗེས་སྲིང་མོ་ཀིན་གྱིས་རང་གིས་ཁྱེར་འོངས་བའི་རྩ་སྨན་བསྐོལ་ནས་ཁོའི་ཨ་ཕའི་མགོ་དང་ཁོག་སྟོད། ཉྭ་རིས་དང་རྐང་བ་བཅས་བཀྲུས།སྲིང་མོ་ཀིན་གྱིས་ཚ་ཐག་ཆོད་དམ་ཟེར།
སྲིང་མོ་ཀིན་གྱིས་བདེ་པོ་འདུག་གམ་ཟེར།
འདི་ལྟ་བུའི་སྐད་ཆ་རེ་རེ་ནི་སྨན་ཁུས་ཡོངས་སུ་ཟིན་པའི་ལག་ཕྱིས་དེ་དང་འདྲ་བར་དྲོད་སོབ་སོབ་ཡིན་པས་ཨ་ཕར་སྐྱེས་ཕོ་རབས་རྒན་པ་ཞིག་གི་མིག་ཆུ་བཞུར་དུ་བཅུག་སོང་།
སྲིང་མོ་ཀིན་གྱིས་ཁྱེད་ལ་ཅི་བྱུང་སོང་ཟེར།
ཨ་ཕས་མགོ་བོ་གཡུག་ཙམ་བྱས་པ་དང་འབྲུ་མི་གོ་བའི་སྐད་ཆ་ད་མ་དིག་གིས་ཅི་ཡང་བྱུང་མ་སོང་ཟེར།
སྲིང་མོ་ཀིན་གྱིས་ཨ་ཕ་སྐྱོར་ནས་ཁང་བའི་ནང་ངལ་གསོ་རུ་བཅུག་རྗེས་ཚོམས་ཁང་དུ་ཡོང་ནས་ཡ་ཅའི་འགྲམ་གྱི་ཅོག་ཙེ་དེའི་ཁ་གཏད་དུ་བསྡད། ཡ་ཅིས་ཁོ་མོ་དང་རང་ཉིད་ལ་ཇ་ལོ་ཉུང་ཙམ་བཏབ་སྟེ་ཇ་ཕོར་བ་རེར་བླུགས། སྲིང་མོ་ཀིན་གྱིས་ཁྱོའི་ཨ་ཕ་ངུ་དོན་ཅི་རེད། ཁོར་ནད་ཕོག་རྗེས་ཁྱོས་བདག་སྐྱོང་ཡག་པོ་མ་བྱས་པ་ཡིན་ནམ་ཟེར། ཡ་ཅིས་གལ་ཏེ་ངས་བདག་སྐྱོང་ཡག་པོ་མ་བྱས་པ་ཡིན་ན། ཁོ་མགྱོགས་པོར་འདི་འདྲ་དྲག་བསྐྱེད་བྱུང་སྲིད་དམ་ཟེར། སྲིང་མོ་ཀིན་གྱིས་མགོ་བོ་ལྡེམ་ཙམ་བྱས་ཏེ། འོན་ཀྱང་ངས་བསམ་པར་ཁྱོད་སྐྱེས་པ་ཞིག་གིས་ཁོ་ནད་གཡོག་རྒྱུགས་ན་དེ་འདྲའི་ཞིབ་ཚགས་ཅིག་ཡོང་མི་ཐུབ་ཟེར། ཡ་ཅིས་དེ་འདྲ་ཡིན་ཡང་སྲིད། ང་གཅིག་པུ་ཁྱིམ་ཕྱི་ནང་གཉིས་ཀའི་ལས་ཀར་བྲེལ་དགོས་ཡོད་ཟེར། སྲིང་མོ་ཀིན་གྱིས་འོ་ན་ཁྱོས་བུད་མེད་ཅིག་བཙལ་འདོད་མེད་དམ་ཟེར། ཡ་ཅིས་སྔོན་ཆད་བཙལ་འདོད་ཡོད་མོད། ད་ལྟར་མེད་ཟེར། སྲིང་མོ་ཀིན་གྱིས་ཅིའི་ཕྱིར་ཟེར། ཡ་ཅིས་བཙལ་འདོད་ཀྱང་སྟོང་བསམ་རེད། སྡེ་བའི་ནང་དུ་ང་ལ་འཚམ་པའི་བུད་མེད་མི་འདུག ལོ་ཆུང་ཚང་མ་ཕྱི་རུ་བྲོས་སོང་། ཞོར་ལས་བྱེད་དུ་བུད་སོང་ཟེར་ཡང་ཁོ་ཚོས་ཅི་ཞིག་ལས་བཞིན་ཡོད་པ་སུས་ཤེས་སམ་ཟེར། སྲིང་མོ་ཀིན་གྱིས་ཀྱང་འོ་ལེ་ཟེར།
ཡ་ཅིས་ངས་གོ་ཐོས་ལྟར་ན་ཁེ་ཉིན་ཁྱོད་ཚོ་ལྷ་ཡུལ་གྱི་ཐེན་པོ་དང་ཧོ་མུའུ། ད་དུང་ང་ཚོ་པིན་ཁྲུང་གི་ཡ་ཧོ་ཁོ་ཚོ་འགའ་ཤས་སྤྱི་བདེ་དམག་གིས་འཛིན་བཟུང་བྱས་སོང་ཟེར། སྲིང་མོ་ཀིན་གྱིས་ཅིའི་ཕྱིར་ཟེར། ཡ་ཅིས་གོ་ཐོས་སུ་ཁོ་ཚོས་པུའུ་ཁྲིན་དང་ཧི་ཅེ་གྲོང་བརྡལ་ནས་འཕྲུལ་རྟ་དང་གློག་སྒུལ་ལྕགས་རྟ་བརྐུས་པ་རེད་ཟེར། སྲིང་མོ་ཀིན་གྱིས་ཁོ་ཚོ་ལོ་གསར་ལ་ལོག་དུས་ཞོར་ལས་བྱེད་དུ་འགྲོ་བ་ཡིན་ཟེར་བ་མིན་ནམ་ཟེར། ཡ་ཅིས་དངན་པ་ཞིག་འཐེན་པ་དང་། མི་ནི་འགྱུར་ངེས་ལ། ཕྱི་རོལ་དུ་བསླེབས་ཚེ་སྲིང་མོ་ལི་ནང་བཞིན་འགྱུར་བ་ཧ་ཅང་མགྱོགས་ཟེར། སྲིང་མོ་ཀིན་གྱིས་འོ་ལེ། དེ་འདྲ་ཡིན་ཡང་ཚང་མ་སྲིང་མོ་ལི་ནང་བཞིན་ཆགས་མི་སྲིད། ཁ་ཤས་བཟང་པོར་དང་ཁ་ཤས་ངན་པར་འགྱུར་འདུག་ཟེར།
སྲིང་མོ་ཀིན་གྱིས་ཁྱོད་ཕྱི་རོལ་དུ་ཞོར་ལས་སུ་སོང་མྱོང་ངམ་ཟེར། ཡ་ཅིས་ལོ་གཅིག་ལ་སོང་མྱོང་ཡོད། གྲོང་ཁྱེར་གྱི་མིར་ཁང་བརྩེགས་ལས་སུ་སོང་བ་ཡིན། དཀའ་ལས་བརྒྱབ་པ་ཚང་མ་སྡུག་གྱོང་རེད། སྦྱིན་བདག་གིས་ནམ་ཡང་འགོར་འགྱངས་བྱས་ནས་་ཟླ་ཕོགས་མི་སྤྲོད་པར། འཚོ་བ་རོལ་བྱེད་དངུལ་ཉུང་ཙམ་ལས་མི་སྟེར། ལོ་གསར་ལ་ཉེ་སྐབས་སྦྱིན་བདག་གར་སོང་མ་ཤེས། དེའི་རྗེས་ལ་སྲིང་མོ་ལིས་ང་ལ་ཁོ་མོ་ཕྱི་རོལ་དུ་ཞོར་ལས་སུ་འགྲོ། ངས་ཁྱིམ་ནས་བྱིས་པ་སྙོར་སྐྱོང་བྱས་ཟེར། ཁོ་མོ་ཕྱི་རོལ་དུ་ཐོན་རྗེས་དེ་འདྲ་ཞིག་ཏུ་འགྱུར་བ་སུས་ཡང་ཡིད་ལ་ཤར་མི་སྲིད། སྲིང་མོ་ཀིན་གྱིས་ཁོ་མོ་གཅིག་པུ་དེ་འདྲ་གྱུར་བ་མ་རེད། ཁྱོད་ཚོ་འདི་ནས་ཕྱི་རོལ་དུ་སོང་བ་མི་འགའ་ཡོད་པ་མ་ཟད། ང་ཚོ་དེ་ནས་སོང་བ་ཡང་མི་འགའ་ཡོད་ཟེར།
ཡ་ཅིས་ཁྱོད་ཞོར་ལས་སུ་མི་འགྲོ་དོན་ཅི་ཡིན་ཟེར། སྲིང་མོ་ཀིན་གྱིས་སྔོན་ཆད་སྐབས་ཤིག་ལ་ང་ཡང་འགྲོ་མྱོང་ཡོད། ཡིན་ནའང་ངས་དཔེ་ཆ་ལོ་གཉིས་དང་ཕྱེད་ཀར་མ་གཏོགས་བཏོན་མྱོང་མེད་པས། རིག་གནས་ཆུ་ཚད་ཞན་ཅིང་ཡག་མོ་སྒོ་ཡང་མེད་པས། ཞོར་ལས་བཙལ་རྒྱུ་ཁག་པོ་འདུག ལག་ཏུ་སོན་པ་ཡང་སྡུག་ཆེ་ཞིང་ཐང་ཆད་པའི་ལས་ཀ་ཏག་ཏག་ཡིན། ང་ནི་སྡུག་ལས་དང་བཙོག་ལས། ཐང་ཆད་རྒྱུ་བཅས་ལ་སྐྲག་མཁན་ཞིག་ག་ལ་ཡིན། འོན་ཀྱང་ངས་མི་གཞན་གྱིས་ང་ལ་ལྟ་བའི་མིག་མདངས་དེར་བཟོད་ཐབས་བྲལ། མི་ཚང་མས་གྲོང་ཁྱེར་དུ་བཟང་ཟེར། ཡིན་ནའང་ང་ལྟ་བུའི་ཞིང་གྲོང་གི་བུད་མེད་ཀྱི་བཟོ་ལྟ་མིག་ལ་མི་རན་པ་འདི་མི་གཞན་གྱི་མིག་ནང་དུ་མི་མིན་པ་འདྲ། ངའི་ཨ་མ་སྔ་མོ་ནས་ཚེ་ལས་འདས་སོང་། ངའི་ཨ་ཕ་ཡང་ཇེ་རྒས་ནས་ཇེ་རྒས་རེད། ལོ་དེར་ངའི་བྱིས་པ་ཡང་ཆུང་བས་ང་ཕ་ཡུལ་དུ་བྲོས་འོངས་པ་ཡིན། གང་ལྟར་ཕྱི་ནས་སྒོར་མོ་མང་པོ་ཞིག་བཙལ་མི་ཐུབ་ལ། སྲིང་མོ་ལི་ཁོ་ཚོ་ནང་བཞིན་ཡང་བྱེད་མི་འདོད། ངའི་ཨ་ཕ་སློབ་དཔོན་ཡིན་པ་ཁྱོས་ཀྱང་ཤེས་པ་དེ་རེད། ཁོས་རང་གི་མིང་གྲགས་ལ་མཐོང་ཆེན་བྱེད་པས། གལ་ཏེ་ངས་དེ་ལྟར་བྱས་ཚེ། ཁོས་གྲི་ཁྱེར་ནས་གྲོང་ཁྱེར་དུ་ཡོང་སྟེ་ང་གསོད་པ་ཐག་གིས་ཆོད་ཟེར།
ཡ་ཅིས་རང་གིས་ལུས་པོས་གྲང་འདར་ཞིག་བརྒྱབ་པ་ཚོར་བ་དང་དེ་འདྲ་ཞིག་ག་ལ་ཡིན་ཟེར།
སྲིང་མོ་ཀིན་གྱིས་ཅིའི་ཕྱིར་མིན་ནམ། ཁྱོའི་ཨ་ཅེའམ་ནུ་མོ་ཕྱི་རོལ་དུ་སོང་ནས་དེ་འདྲ་བྱས་ཚེ། ཁྱོའི་ཨ་ཕས་དེ་འདྲ་བྱེད་སྲིད་དམ་ཟེར།
ཡ་ཅིས་ལག་པའི་གྲུ་མོ་གཉིས་ཀ་ཅོག་ཙེའི་སྟེང་བཞག་པ་དང་འགྲམ་པ་སྐྱོར་ནས་ཨ་ཕས་དེ་ལྟར་བྱེད་མིན་ལ་འདང་བརྒྱབ། ཧ་ལམ་སྐར་མ་གཅིག་འགོར་རྗེས། ཁོས་ངའི་ཨ་ཕ་ཅིའི་ཕྱིར་འདི་འདྲར་གྱུར་བ་ཡིན་ནམ་ཟེར། ཁོ་ཞོག་ཁོག་མངར་མོ་ནང་བཞིན་སྙི་བའི་ཚུགས་ཀར་ལྟོས་དང་། ཁྱོད་བུད་མེད་ཅིག་གི་མདུན་ནས་ཀྱང་མིག་ཆུ་འཕུད། སྐྱེས་ཕོ་རབས་ཞིག་དང་ག་ལ་འདྲ་ཟེར། སྲིང་མོ་ཀིན་གྱིས་ཁོ་ལ་གཟའ་གྲིབ་ཀྱི་ནད་ཕོག་ཡོད་པས་རེད། མི་ཐམས་ཅད་ནད་ཕོག་དུས་ཧ་ཅང་ཉམ་ཆུང་ཡིན་ཟེར། ཡ་ཅིས་ཁོས་བུད་མེད་དྲན་པས་རེད་ཟེར། སྲིང་མོ་ཀིན་གྱིས་ཨ་ཞེས་སྐད་ཅིག་ཕྱུང་བ་དང་བུད་མེད་དྲན་གྱིན་ཡོད། བུད་མེད་སུ་རེད། ཁྱོའི་ཨ་མ་རེད་དམ་ཟེར། ཡ་ཅིས་ཁོས་ངའི་ཨ་མ་དྲན་གྱིན་ཡོད་པ་ཡིན་ན་སྐྱིད་སོང་། ངའི་ཨ་མ་ཚེ་ལས་འདས་ནས་ལོ་ཕྱེད་ཀྱང་མ་འགོར་བར་བུད་མེད་དེ་དང་འགྲོགས་པ་རེད་ཟེར།
སྲིང་མོ་ཀིན་གྱིས་ཡང་བསྐྱར་ཨ་ཞེས་སྐད་ཅིག་ཕྱུང་བ་དང་སུ་རེད་ཟེར། ཡ་ཅིས་ཧོང་ལེན་རེད་ཟེར།
སྒོའི་ཕྱི་རོལ་གྱི་ཉི་འོད་ཇེ་སེར་ནས་ཇེ་སེར་རེད། སྲིང་མོ་ཀིན་ཡར་ལངས་ནས་ང་འགྲོ་རན་སོང་ཟེར། ཡ་ཅིས་ཁོ་མོ་ཞག་སྡོད་བྱེད་དུ་འཇུག་འདོད་རུང་ཨུ་ཚུས་ཀྱིས་མི་འདུག་ཟེར་བས། ཁོ་མོ་སྒོ་ཁར་བསྐྱལ་བ་ལས་ཐབས་ཟད་ལ། འཕྲུལ་རྟ་ཞོན་ནས་སོང་བའི་ཁོ་མོའི་རྗེས་ལ་བལྟས་ནས་བསྡད།
ཡ་ཅིས་སྲིང་མོ་ཀིན་མཚན་མོ་ལམ་ནས་བདེ་འཇགས་ཡིན་རྒྱུ་མ་རེད་བསམ་སྟེ་སེམས་འཚབ་བཞིན་སྒོ་ཁ་ནས་སྐོར་བ་བཅུ་གྲངས་ཁ་ཤས་བརྒྱབ་པའི་སྒང་དེར་ཧོང་ལེན་ཡང་བསྐྱར་བསླེབས་བྱུང་། ཡ་ཅིས་ཁྱོར་དཀའ་ལས་རེད་ཀྱང་ངའི་ཨ་ཕར་བདག་སྐྱོང་ཅིག་བྱེད་རོགས། ང་རང་སྲིང་མོ་ཀིན་སྐྱེལ་མ་བྱེད་དུ་འགྲོ། དོ་དགོང་ཁྱིམ་ལ་ཕྱིར་མི་ཡོང་ཟེར།
དྲུག
ཕྱི་ཉིན། ཡ་ཅི་སྲིང་མོ་ཀིན་ཚང་ནས་ལོག་ཡོང་དུས་ཧོང་ལེན་ཁ་བྲལ་ཟིན་ཡང་། ཁྱིམ་དུ་སྔར་བཞིན་བུད་མེད་གཅིག་འདུག བུད་མེད་དེས་དངོས་པོ་མང་པོ་ཞིག་ཁྱེར་འདུག དེའི་ཁྲོད་ཨ་ཕའི་འཚོ་བཅུད་དངོས་པོ་ཡོད་པ་མ་ཟད། ཡ་ཧྲིན་ལ་ལྭ་བ་ཆ་ཚང་གཉིས་དང་། ཀ་ར། ཀུ་ཤུ། ཀ་ར་གོ་སྲབ། ད་དུང་བྱ་ཤ་བསྲེགས་མ་བཅས་ཡོད། ཡ་ཅི་ཚོམས་ཁང་དུ་བསླེབས་དུས། བུད་མེད་དེས་བྱིས་ལྭ་ཞིག་ཕྱི་ཐུམ་ལས་བཏོན་ནས་ཡ་ཧྲིན་ལ་ཚོད་ལྟ་བྱེད་དུ་འཇུག་རྩིས་ཡོད། ཁོ་མོས་ཕྱོགས་གཅིག་ནས་ཕྱི་ཐུམ་བཀྲོལ་བ་དང་ཕྱོགས་གཅིག་ནས་རེམ་པར་ཨ་མ་བོས་དང་ཟེར། ཡ་ཧྲིན་སྐྲག་ནས་སྒོའི་ཟུར་དུ་ལངས་ཏེ། ངོ་མི་ཤེས་པའི་བུད་མེད་དེ་ལྟ་བཞིན་མ་ཁར་སོ་བཏབ་ཡོད་ཀྱང་ཁ་ནས་འབོད་ཐུབ་གི་མེད། བུད་མེད་དེས་ཁྱོས་ཨ་མ་ངོ་མི་ཤེས་སམ་ཟེར། ཡ་ཧྲིན་གྱིས་མགོ་བོ་གཡུགཁོ་མོ་མཐོང་བ་དང་ཡ་ཅི་སྔོན་ལ་ཧོན་ཐོར་ནས་ཅུང་བསྡད་པ་དང་། དེ་ནས་ཁྱོད་ཡོང་ནས་ཅི་བྱེད་ཟེར། སྲིང་མོ་ལིས་ང་ལོག་ཡོང་བ་ཡིན། ང་ལོག་མི་རུང་ངམ་ཟེར། ཡ་ཅིས་ལོག་ཡོང་བ་ཡིན? འདི་ད་དུང་ཁྱོའི་ཁྱིམ་ཡིན་ནམ། ཁྱོར་སྔ་མོ་ནས་ཁྱིམ་མ་དགོས་པ་མིན་ནམ། ལོག་ཡོང་ནས་ཅི་བྱེད། ཁྱོད་ཁྱོའི་ཕ་མའི་སར་སོང་ན་རེད་ཟེར། སྲིང་མོ་ལིས་ཨ་ཕ་ན་བ་གོ་བས་ང་ཁོར་བལྟ་རུ་ཡོང་བ་ཡིན། ངས་ཡ་ཧྲིན་དྲན་ཀི་ཟེར། ཡ་ཅིས་ཁྱོས་ད་རུང་ཡ་ཧྲིན་དྲན་ཀི? ཁོའི་སེམས་དང་མིག་ནང་སྔ་མོ་ནས་ཁྱོད་ལྟ་བུའི་ཨ་མ་འདི་མེད་ཟེར།
སྲིང་མོ་ལིའི་མིག་མཐའ་མཆི་མས་བརླན་བྱུང་། གང་ལྟར་ང་ཡ་ཧྲིན་གྱི་ཨ་མ་ཡིན་ཟེར། ཁོ་མོ་སླར་ཡང་ཕར་འཁོར་ནས་ཡ་ཧྲིན་གྱི་མདུན་དུ་སོང་ཏེ་ལག་གཉིས་ཀྱིས་ཡ་ཧྲིན་པང་པར་བཏབ་པ་དང་། ཁོའི་ངོ་གདོང་ཆུང་ཆུང་དེ་རང་གི་བྲང་ཁར་གླན་ནས། ལག་གཅིག་གིས་ཁོའི་མགོ་བོར་བྱིལ་བྱིལ་བྱེད་བཞིན། ང་ནི་ཁྱོའི་ཨ་མ་ཡིན། རེམ་པར་ཨ་མ་བོས་དང་ཟེར། ཡིན་ནའང་ཡ་ཧྲིན་ཀྱིས་ཁ་མ་གྲགས་པར་མ་ཟད། ཤུགས་ཀྱིས་ཁོ་མོའི་པང་ནས་ཐར་ཐབས་བྱས་ཏེ་ཡ་ཅིའི་མདུན་དུ་བརྒྱུགས།
སྲིང་མོ་ལིས་ཕར་སོང་ནས་ལྭ་བ་ཡ་ཧྲིན་གྱི་པང་དུ་བརྫངས། ཡ་ཧྲིན་གྱིས་ལག་པ་གཉིས་ཀ་བཏང་བས་ལྭ་བ་ས་སྟེང་དུ་ཟགས། སྲིང་མོ་ལི་མར་སྒུར་ནས་ལྭ་བ་སྒྲུག་དུས། མཚམས་གཅོད་ཐབས་མེད་པའི་མཆི་མའི་ཐིགས་པ་རེ་རེ་ཐག་ཐག་ངང་ལྭ་བའི་སྟེང་ལྷུང་།
ཡ་ཅིས་བྱིས་པས་བསམ་ཤེས་འདུག ཁྱོས་མིང་རྫོབ་པོ་དེས་ཁོ་སློབ་གྲྭ་ནས་མགོ་འགྱོག་སྲོལ་མེད་པར་བཏང་ཡོད་ཟེར།
སྲིང་མོ་ལིའི་མིག་ཆུ་སྔར་ལས་ཇེ་མང་དུ་གྱུར། ཁོ་མོས་མིག་ཆུས་བརླན་པའི་ལྭ་བ་དེ་ཤིང་གི་འབོལ་ཁྲིའི་སྟེང་བཞག་པ་དང་། སྐད་ཆ་ཚིག་གཅིག་ཀྱང་འཁྱོངས་དཀའ་བའི་ངང་ངས་ཀྱང་ང་ཚོ་ཁྱིམ་ཚང་འདིའི་འཚོ་བ་ཇེ་ལེགས་སུ་གཏོང་འདོད་པ་མིན་ནམ་ཟེར།
ཡ་ཅིས་འདིའི་མིང་ལའང་འཚོ་བ་ལེགས་པོ་ཟེར་རམ། ཁྱོད་ཕྱི་ལ་སོང་ནས་ངོ་ཚ་མེད་པར་སྒོར་མོ་བཙལ་ཏེ། ཁྱིམ་མི་གང་པོའི་མིང་ཐམས་ཅད་ཁྱོས་བརྫད་སོང་། སྒོར་མོ་ནི་སྟོན་རྒྱུ་མི་འདུག སྒོར་མོ་མེད་ཀྱང་གཡུག་ཞོག དང་ཐོག་ངས་ཁྱོད་ལོག་ཤོག་ཟེར་དུས་ཁྱོད་ལམ་སེང་ལོག་ན་འགྲིག འོན་ཀྱང་ཁྱོས་ཡིན་གཅིག་མིན་གཅིག་འདི་ལྟར་འགྲོ་དགོས་ཟེར། ངས་བལྟས་ན་ཁྱོས་རང་ཉིད་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་ཆེད་ཁོ་ན་རེད། རེད་དེ། ཁྱོས་འཚོ་བ་ཇེ་ལེགས་སུ་བཏང་ན་དེ་ཁྱོའི་དབང་ཆ་རེད། ང་ལ་ངོ་རྒོལ་བྱེད་པའི་དབང་ཆ་མེད། ཡང་གཅིག་བཤད་ན་ངེད་གཉིས་བཟའ་འཐོར་བྱས་ནས་ལོ་འགའ་འགོར་སོང་། ཁྱོད་ད་དུང་ལོག་ཡོང་ནས་ཅི་བྱེད་དམ། ངས་ཁྱོད་མིག་གིས་མཐོང་མི་འདོད། ང་ཚོ་བཟའ་མི་ཚང་མས་ནམ་ཡང་ཁྱོད་མཐོང་མི་འདོད་ཟེར།
སྲིང་མོ་ལིས་ངས་བཙལ་བའི་སྒོར་མོ་ཚང་མ་གསོག་འཇོག་བྱས་ཡོད། གོ་ཐོས་ལྟར་ན་སྲིང་གཞུང་གིས་སྡེ་བའི་ནང་ཨར་འདམ་གྱི་གཞུང་ལམ་བཟོ་རྩིས་ཡོད་ཟེར། ང་ལོག་ཡོང་ནས་ཨར་འདམ་གྱི་ཐོག་ཁང་ཅིག་བཟོ་འདོད་པས། ཁྱོད་བཙལ་ནས་གྲོས་བསྡུར་བྱེད་བསམ་པ་ཡིན་ཟེར།
ཡ་ཅི་ཅུང་ཙམ་ལ་ཧད་དེ་བསྡད་པ་དང་། ད་བྱས་ན་ཁྱོས་ངོ་མ་སྒོར་མོ་བཙལ་ཐུབ་འདུག་ཟེར།
སྲིང་མོ་ལིས་སྒོར་མོ་ནི་བཙལ་ཡོད། མང་པོ་མེད། དེའི་སྟེང་ཁྱིམ་གྱི་ཐང་ཤིང་བཙོང་བའི་སྒོར་བསྣན་ན་རིམ་པ་གཉིས་ཅན་གྱི་ཨར་འདམ་ཐོག་ཁང་ཅིག་བཟོ་ཐུབ་ཟེར།
ཡ་ཅིས་ཡིན་ནའང་ང་ལ་ཁྱོའི་སྒོར་མོ་མི་དགོས། ཁྱོས་ང་བཙལ་ནས་གྲོས་བསྡུར་བྱེད་དགོས་དོན་མེད། ངས་ཡང་བསྐྱར་ཁྱོར་དྲན་བསྐུལ་ཅིག་བྱེད། ངེད་གཉིས་བཟའ་འཐོར་བྱས་ཟིན། ཁྱོའི་དོན་དག་ང་དང་འབྲེལ་བ་མེད། ཁྱོས་ཁང་བ་ལས་འདོད་ན་རང་གིས་ལས། ཁྱོད་ཁྱོའི་ཕ་མའི་སར་སོང་ནས་ལས་ཟེར།
སྲིང་མོ་ལིས་ཅིའི་ཕྱིར་ཁྱོད་དང་འབྲེལ་བ་མེད་པ་རེད། ཁང་བ་འདི་མ་འོངས་བ་ན་ང་ཚོའི་བུ་ཡ་ཧྲིན་གྱི་རེད་ཟེར།
ཡ་ཅིས་ཡ་ཧྲིན་ཁྱོས་ལས་པའི་ཁང་བའི་ནང་འདུག་མི་སྲིད་ཟེར།
སྲིང་མོ་ལིས་འོ་ན་ཁྱོར་ཁང་བ་ཞིག་ལས་ཐུབ་པའི་ནུས་པ་ཡོད་དམ། ད་ཆ་ཨར་འདམ་གཞུང་ལམ་ཡོད་པའི་སྡེ་བ་དེ་དག་ནང་ཨར་འདམ་ཐོག་ཁང་ལས་མེད་པའི་ཁྱིམ་ཚང་སུ་ཡོད་ཟེར།
ཡ་ཅིས་ངས་ཧུར་ཐག་བྱེད་ངེས་ཡིན་ཟེར།
སྲིང་མོ་ལིས་ཁྱོས་ཧུར་ཐག་བྱས་ཀྱང་ག་དུས་ལས་ཐུབ་ཀི་རེད། ཧ་ལམ་ཡ་ཧྲིན་ལག་ཆགས་ནས་མནའ་མ་ལེན་རན་ལ་བསླེབས་ཀྱང་ཁང་བ་ལས་ཐུབ་ཡོད་མི་སྲིད་ཟེར།
ཡ་ཅིས་ངས་ལས་ཐུབ་མིན་ཁྱོད་དང་འབྲེལ་བ་སྤུ་ཙམ་ཡང་མེད་ཟེར།
སྲིང་མོ་ལིས་ང་དང་འབྲེལ་བ་ལོས་ཡོད། རྒྱུ་མཚན་ནི་ཡ་ཧྲིན་ནི་ངའི་བུ་ཡིན། ནམ་ཡིན་ཡང་ཁོ་ངའི་བུ་ཡིན། དེའི་རྐྱེན་གྱིས་ངས་ཁང་བ་འདི་རུ་ལས་འདོད། ཁང་བ་འགྲུབ་རྗེས་ཡ་ཧྲིན་མྱུར་དུ་བསྡད་ཆོག་ལ། སྐབས་དེར་བསླེབས་དུས་ངའི་ཕ་མ་གཉིས་ཀ་ཡང་ཚུར་བསུས་ཏེ་མཉམ་དུ་བསྡད་ཆོག ངའི་རེ་བ་ཡིན་ན་ཁྱོད་ཀྱང་མཉམ་དུ་བསྡད་ན་བཟང་ཟེར།
ཡ་ཅིས་ཁྱོས་ངོ་མ་འདང་སྐྱིད་པོ་བརྒྱབ་འདུག ང་སྤྱོད་ཁང་དུ་འདུག་དགོས་རུང་ཁྱོས་ལས་པའི་ཁང་བའི་ནང་འདུག་མི་སྲིད་ལ། ཡ་ཧྲིན་ཡང་འདུག་ཏུ་འཇུག་མི་སྲིད་ཟེར།
སྲིང་མོ་ལིས་ཁྱོས་བསམ་བློ་རྒྱ་ཆེ་ཙམ་མི་གཏོང་བ་ཅི་ཡིན་ནམ། སྡེ་བའི་ནང་གི་བུད་མེད་ང་གཅིག་པུ་ཕྱི་ལ་སྒོར་མོ་བཙལ་དུ་སོང་བ་མ་རེད། ཁྱོས་ནམ་ཡང་མི་གཞན་གྱི་གཏམ་འཁྱར་ལ་ཡིད་ཆེས་བྱེད་པ་ཅི་ཡིན་ནམ། ངས་ཁྱོར་ཐེངས་ག་ཚོད་ལ་བཤད་མྱོང་། ཁོ་ཚོ་ནི་ང་ཚོས་སྒོར་མོ་ལོན་པར་མིག་སེར་ལངས་བས། ང་ཚོར་ངན་གཏམ་པ་རེད་ཟེར།
ཡ་ཅིས་དེ་ནི་གཏམ་འཁྱར་རེད་དམ། ཁྱོས་ཅི་ཞིག་བསྒྲུབ་པ་རང་གི་སེམས་ན་གསལ་བོ་ཡིན་ཟེར།
སྲིང་མོ་ལིས་དེ་ན་ཆོག་གི ང་ཚོས་ཁ་རྩོད་མི་རྒྱག་པར་བྱ། ད་ཐེངས་ང་ཡོང་དོན་ཁྱོད་དང་ཁ་རྩོད་རྒྱག་ཆེད་མིན། སྔོན་ཆད་ང་ཚོས་ཁ་རྩོད་བརྒྱབ་པ་ཉུང་ཉུང་མིན། ཁྱོས་ལྟོས་དང་ང་ཚོ་བཟའ་འཐོར་བྱས་ནས་ལོ་ལྔ་འགོར་རུང་ཁྱོས་ཆུང་མ་ཞིག་ལེན་ཐུབ་ཡོད་དམ། ངས་བལྟས་ན་ཁྱོས་ང་ལོག་ཡོང་བར་སྒུག་ན་བཟང་། ངས་ད་དུང་ལོ་བཅུ་ལ་སྒོར་མོ་བཙལ་རྗེས་ལོག་ཡོང་། སྐབས་དེར་ང་རྒས་ཟིན་ལ། ཡ་ཧྲིན་ཀྱང་ནར་སོན་ཡོད། གང་ལྟར་ཁོས་དཔེ་ཆ་ཡག་པོ་ཞིག་བཏོན་ཡོད་རུང་མེད་རུང་། ཁྱིམ་གྱི་འགན་འཁྲིའི་ཁུར་བོ་དེ་ཁོས་ཁུར་དགོས། འདི་ལྟར་བྱས་ན་ངེད་གཉིས་རྒས་དུས་ཀྱང་རོགས་པ་ཡོད། གནད་དོན་འདིར་ངས་ཡུན་རིང་ཞིག་ལ་འདང་བརྒྱབ་པ་ཡིན། ང་ཁྱོད་དང་ཁྱོ་ཤུག་གི་འབྲེལ་བ་སླར་གསོ་བྱས་ན་འདོད་ཟེར།
ཡ་ཅིས་ཁྱོས་བལྟས་ན་ད་དུང་སླར་གསོ་བྱེད་ཐུབ་བམ། ངས་ཀྱང་ལོ་མང་པོར་འདང་བརྒྱབ་ཏེ་འདང་ཕོག་སོང་། ང་ལ་དགོས་པ་ནི་ཁྱིམ་འདུག་བུད་མེད་ཅིག་ཡིན། ཉིན་མཚན་གཉིས་ཀ་མཉམ་དུ་འགྲོགས་ཐུབ་པའི་བུད་མེད་ཅིག དབུལ་བོ་ག་ཚོད་ཡིན་ཀྱང་འཚོ་བ་རོལ་ཐུབ་ངེས། ཁྱོའི་མིང་རྫོབ་པོ་དེས་ངེད་ཕ་བུ་གཉིས་ཀ་མགོ་འགྱོགས་སྲོལ་མེད་པར་བཏང་ཡོད། ད་སྐབས་ང་ཚོས་ག་ལེར་ཁྱོད་བརྗེད་པ་དང་། མགོ་བོ་ག་ལེར་ཡར་འགྱོགས་ཐུབ་དུས་ཁྱོད་ཅིའི་ཕྱིར་ལོག་ཡོང་བ་ཡིན་ནམ། ད་དུང་འདི་ནས་ཁང་བ་ལས་ཟེར། ང་ཚོ་ཇི་ལྟར་ཁྱོའི་ཁང་བའི་ནང་འདུག་དགོས། ཁྱོས་ངེད་ཚང་གི་ས་ཐོག་ནས་ཐོག་ཁང་ལས་པར་ང་གཏན་ནས་མི་འཐད། ཁྱོད་ལོག་རྒྱུགས་ཟེར།
སྲིང་མོ་ལིའི་མིག་ཆུ་ཡང་བསྐྱར་བཞུར་བྱུང་། ཁོ་མོ་ཡང་བསྐྱར་ཡ་ཧྲིན་པང་པར་བཏབ་དུ་སོང་བ་ན། ཡ་ཧྲིན་ཡང་བསྐྱར་གཡོལ་ནས་བུད་སོང་། ཡ་ཅིས་སྔོན་ནས་འདི་འདྲ་ཡིན་པ་ཤེས་ན། སྔོན་ཆད་དེ་ལྟར་བྱེད་དོན་ཅི་ཞེས་བཤད་འདོད་མོད། ཁ་ནས་ཅི་ཡང་མ་ལབ། རྒྱུ་མཚན་ནི་ཁོས་བུད་མེད་ཀྱི་མིག་ཆུ་མཐོང་བ་དང་སེམས་ཇེ་སྙི་རུ་འགྱུར་འགོ་ཚུགས་སྲིད། མིག་མདུན་གྱི་མི་འདི་སྟེ། ལོ་དེར་ཁོ་མོས་མིག་ཆུ་ཅུང་ཙམ་གཏོར་ཚེ། ཁོ་དྲོད་དང་འཕྲད་པའི་འཁྱག་པ་ཇི་བཞིན་ལམ་སེང་བཞུ་རུ་བཅུག་ནས་ཐམས་ཅད་ཁོ་མོའི་འདོད་ཐོག་ཏུ་འཇོག་སྲིད། ཁོ་མོ་ཕྱི་རོལ་དུ་ཞོར་ལས་སུ་འགྲོ་དུས། ཁོར་ཅི་བཤད་ཡང་གཏན་ནས་འཐད་པ་མ་བྱུང་། མཇུག་མཐར་ཁོ་མོས་མིག་ཆུ་བཏོན་པས་ཁོས་སེམས་ནས་རྦད་དེ་བཏང་མ་འདོད་ཀྱང་ཁ་ནས་ཁས་བླངས་བ་རེད། སྲིང་མོ་ལི་ཡ་ཅི་ལས་ལོ་གཉིས་ཀྱིས་ཆུང་། སྐབས་དེར་སྡེ་བའི་ནང་གི་མཛེས་མ་རྩེ་གྲ་དེ་ཡིན་པས། ཡ་ཅིས་ཀྱང་ཁོ་མོ་རང་གི་ཆུང་མར་བསུས་པ་ནི་མེ་ཏོག་ལྕི་བའི་སྟེང་གསེབ་པ་དང་མཚུངས་སྙམ། ད་སྐབས་ཀྱི་ཁོ་མོ་སྔར་བཞིན་མཛེས་ཀྱང་། ད་ལྟའི་མཛེས་པ་འདི་སྔོན་ཆད་ཀྱི་མཛེས་པ་དེ་མི་འདྲ། སྔོན་ཆད་ཀྱི་མཛེས་པ་དེས་ཁོའི་ཡིད་དབང་རབ་ཏུ་བཀུག་པས། ཁོ་མོ་ཐོབ་པ་ན་ཁོས་ཁོ་མོའི་ཆེད་དུ་ཅི་ཡང་བསྒྲུབ་འདོད། འོན་ཀྱང་ད་ལྟའི་མཛེས་པ་འདི་ནི་ཆ་མེད་ཅིག་རེད་ལ། ཁོའི་བློར་འབབ་ཐུབ་བྲལ། ཁོ་མོའི་གདོང་དེ་སྔར་ལས་ཀྱང་ཇེ་དཀར་དུ་སོང་ཡོད་པས་དཀར་པོ་དཀར་རྐྱང་ཡིན་ཏེ་དམར་མདངས་ཏོག་ཙམ་ཡང་མེད། སྐད་ཆ་བཤད་པའི་བར་གླགས་ནས་ཡ་ཅིས་ཐེངས་ཁ་ཤས་ལ་ཁོ་མོའི་མིག་ཟུར་དུ་མངོན་པའི་ཉའི་མཇུག་དབྱིབས་ལྟ་བུའི་གཉེར་མ་དེ་མཐོང་བྱུང་། ལོ་དེར་ཁོ་མོ་མནའ་མ་བསུས་རྗེས་ཁོ་གཉིས་ལུས་དང་གྲིབ་མ་བཞིན་འགྲོགས་ཏེ། ཉིན་དཀར་མཉམ་དུ་རི་འགོ་དང་ཞིང་ཁར་སོང་ནས་སིལ་ཏོག་བཏུས་བ་དང་ཕག་རྩྭ་བཀོག སྐབས་འགར་ཁོ་མདུན་ནས་འགྲོ་དུས། རི་རླུང་གིས་ཁོ་མོའི་ལུས་དྲི་དང་མཁའ་དབུགས་ཞིམ་པོ་དེ་ཁོའི་སྣ་ལམ་དུ་སྐྱེལ་འོངས་བས། ཁོས་ལམ་སེང་ཁོ་མོ་འཐོབ་ན་འདོད་དེ། ཁ་ཕྱིར་འཁོར་ནས་ལམ་འགོག་པའི་རྒྱ་སྟག་ཞིག་དང་འདྲ་བར་ཁོ་མོ་པང་ནས་ལག་གཉིས་གློད་མི་འདོད། སྐབས་འགར་ཁོ་མོ་མདུན་ནས་འགྲོ་དུས་ཁོ་མོའི་རྐུབ་ཆེན་པོ་དེར་ལྟ་བཞིན་ཁོའི་དབུགས་ཀྱི་རྒྱུ་བ་ཇེ་མགྱོགས་ནས་ཇེ་མགྱོགས་སུ་ཕྱིན་ཏེ་གོམ་པ་ཡང་སྤོ་མི་ཐུབ་པས། ལག་གི་ཆ་མ་གཅོད་བྱེད་གྲི་དང་ཟོར་བ། ཕག་རྩྭ་སོགས་གཡུགས་ནས་ལམ་སེང་ཁོ་མོའི་སྐེད་པ་ཕྲ་མོ་དེར་འཐམས་པ་ན་ཁོ་མོ་ཟ་འཕྲུག་ལངས་ནས་སྐག་སྐག་ངང་བགད་པའི་ཚེ། རྩ་ལངས་བའི་བྱ་མོ་ཆུང་ཆུང་ཞིག་དང་འདྲ་བས། ཁོ་བོའི་འདོད་ཆགས་ཇེ་ཆེར་བཏང་། ཁོ་མོ་ཁ་ཕྱིར་འཁོར་བ་ན་སྣ་ནང་དང་ཁ་ནང་ནས་འཕྱུར་བའི་དྲི་མ་དེ་ཞིམ་ཐག་ཆོད་ལ། ཁ་ཤ་ནི་འཇིབ་སྡེར་གློ་ཁ་ཞིག་དང་འདྲ་བས་ཁོའི་ངོ་གདོང་ཧྲིལ་བོ་ཕར་འཇིབ་སོང་།
ཡིན་ནའང་ད་ལྟ། ཡག་མོ་སྒོ་སྔར་བཞིན་ཡོད་པའི་སྲིང་མོ་ལི་མཐོང་དུས། ཡ་ཅིས་ཁོ་མོ་ཐུག་ཙམ་ཡང་བྱེད་མི་འདོད།
ཁོ་མོ་ཕྱི་རོལ་དུ་ཐོན་པ་ནི་དངོས་ནས་ཞོར་ལས་བྱེད་པ་མིན་པ་ཤེས་ནས་བཟུང་། ཁོའི་སེམས་སུ་ག་ལེར་བཀག་རྒྱ་ཞིག་གྲུབ། སྤྱིར་ཁོ་མོ་ལོ་གཅིག་གམ་ལོ་ཕྱེད་ལ་ཐེངས་གཅིག་ལོག་པ་ཡིན་པས། ཁོས་ཁོ་མོ་འཐོབ་འདོད་ཤིན་ཏུ་ཆེ་སྟེ། ཐ་ན་སྐབས་འགར་རི་འགོར་སོང་ནས་སྡོང་དོང་མཐོང་མ་ཐག་དེ་ཁོ་མོར་རྩིས་ནས་འཐམ་པ་དང་། ཆུ་འགྲམ་གྱི་རྡོ་ལེབ་ཁོ་མོའི་རྐུབ་དང་འདྲ་བ་དེ་མཐོང་མ་ཐག་ཁོས་ཀྱང་འཐམ་འདོད། དེ་བས་ཁོ་མོ་ཁྱིམ་དུ་ལོག་མ་ཐག་ཁོས་ས་རུབ་པར་སྒུག་རྐྱང་བྱེད་པ་དང་། ས་མ་རུབ་གོང་ནས་ནུབ་འཚལ་སྐོལ་ཏེ་བཏུང་ལ། དེ་རྗེས་ཕ་མ་གཉིས་ཀ་སྔ་ཙམ་ནས་ཉལ་བར་རེ་སྒུག་བྱས། ཕ་མ་གཉིས་ཀས་ཁོའི་བསམ་དོན་རྟོགས་པས་ས་རུབ་མ་ཐག་ཉལ་བར་སོང་། ཁོས་ཡང་ཡ་ཧྲིན་ལམ་སེང་གཉིད་ཁུག་པར་རེ་སྒུག་བྱས་ཀྱང་ཡ་ཧྲིན་གཉིད་ཁུག་མདོག་སྤུ་ཙམ་ཡང་མེད། ནམ་རྒྱུན་གཉིད་ཁུག་པའི་དུས་ཚོད་ལ་བསླེབས་ཀྱང་ཁོ་རྣམ་རིག་ཧ་ཅང་གསལ། ཆགས་སྲེད་ཀྱི་མེ་ཕུང་གིས་ཁོ་བོ་སྦར་ཏེ་འབར་ཚར་ལ་ཉེ་དུས། ཨ་མ་ཆུ་འཐུང་དུ་ཡོང་ཁུལ་བྱས་ནས་ཡ་ཧྲིན་མོའི་ཉལ་སར་ཁྲིད་འགྲོ།
ལོ་ཕྱེད་ལ་ཕྱི་རུ་བསྡད་ནས་ལོག་པའི་སྲིང་མོ་ལིས་ཁོ་དང་བསྟུན་ཅི་ཐུབ་བྱེད་ལ། སྔར་ལས་ཀྱང་རང་འགུལ་ཆེ་ཞིང་སྤྲོ་སྣང་ཆེ། དེ་ལས་ཁོ་ཧང་སངས་སུ་བཅུག་པ་ནི་ཕྱི་རུ་ཐོན་རྗེས་ཐེངས་དང་པོ་ལོག་ཡོང་བ་ནས་བཟུང་སྲིང་མོ་ལིས་ལས་སྟངས་འདྲ་མིན་སྣ་ཚོགས་ཤེས་ལ། ལས་སྟངས་འདི་དག་ཁོ་གཉིས་ཀྱིས་སྔོན་ཆད་བཀོལ་མ་མྱོང་། ད་ལྟ་འདི་འདྲར་གྱུར་བ་ཅི་ཡིན་ནམ། ཁོས་ངོ་མ་འདང་མ་ཕོག ཁོས་རྣ་བར་གཏམ་འཁྱར་ཇེ་མང་ནས་ཇེ་མང་ཐོས་དུས་ཁོའི་ཀླད་པའི་ནང་དུ་སྐྱེས་པ་ཆ་མེད་ཅིག་ཤར་བྱུང་། སྐྱེས་པ་ཆ་མེད་དེ་མགྱོགས་པོར་ཁྱུ་གཅིག་ཏུ་གྱུར་བ་དང་དཔུང་སྡེ་ཇེ་ཆེ་ནས་ཇེ་ཆེར་གྱུར། ཁོས་དཔུང་སྡེའི་ནང་གི་སྐྱེས་པ་རེ་རེ་ནི་ཁོ་མོའི་དགེ་རྒན་ཡིན་པ་དང་། ཁོ་ཚོས་སྐུ་དངོས་སུ་ཁོ་མོར་ལས་སྟངས་འདྲ་མིན་བསླབས། དེ་ནས་ཁོ་བོའི་འདོད་ཆགས་ཆེན་པོ་དེ་སྐད་ཅིག་ཉིད་དུ་སྤྲོ་བ་ཅི་ཡང་མེད་པར་གྱུར།
ཐེངས་ཤིག་ཁོ་མོས་ལྕེ་དེ་ཁོའི་ཁ་ནང་དུ་བཞག་མ་ཐག ཁོས་ཉ་ཤ་བསྙལ་མ་ལྟ་བུའི་དྲི་ངན་ཞིག་ཚོར་བྱུང་། འདི་ནི་ཁོས་ཐེངས་དང་པོ་ཁོ་མོའི་ཁ་ནང་གི་དྲི་མ་ཁྱད་མཚར་དེའི་བྲོ་བ་མྱངས་བྱུང་། ཞོར་ལས་བྱེད་དུ་མ་སོང་སྔོན་ལ་ཁོ་མོའི་ཁ་ཆུ་ནི་ཧ་ཅང་ཞིམ། ཉ་ཤ་བསྙལ་མ་ལྟ་བུའི་དྲི་ངན་དེས་ཁོ་ཨེན་ཙམ་མིན་ན་སྐྱུག་དུ་བཅུག་པས། སྐད་ཅིག་ཉིད་དུ་ཁོ་རང་སྤྲོ་བ་མེད་པར་གྱུར།
ཁོ་ཚོའི་མཇུག་མཐའི་ཐེངས་དེ་ནི། ཁོ་མོ་ཕྱི་ལ་ཐོན་པའི་ལོ་བཞི་བའི་ལུགས་རྙིང་གི་ཟླ་བདུན་པའི་ཚེས་བཞི་ཉིན་ཁྱིམ་དུ་ལོག་འོངས་བ་དང་། དུས་ཆེན་དེའི་དགོང་མོ་དེ་ཡིན། ཁོས་ལོ་ཕྱེད་ལྷག་ལ་མནན་པའི་འདོད་ཆགས་དེ་ཁོ་མོས་ཁྱེར་འོངས་བའི་བདུད་རྩི་དམ་བུ་གང་གིས་ལྷབ་ལྷབ་དུ་སྦར་བྱུང་། ཉལ་ཚར་དུས་ཁོ་མོས་ལུས་ཕུང་བདེ་པོ་མི་འདུག་ཞེས་ལབ་ཀྱང་ཁོས་རང་ཉིད་ཚོད་འཛིན་བྱེད་མ་ཐུབ་པར་ཐོག་དང་པོར་དྲག་ཤུགས་ལ་བརྟེན་ནས་ཁོ་མོའི་འགོག་རྒོལ་བཏུལ་ཏེ་ཁོ་མོའི་ལུས་པོར་འཛུལ། ཡིན་ནའང་ལམ་སེང་ས་འབུ་ནག་རིང་རུལ་བ་ལྟ་བུའི་དྲི་ངན་ཞིག་ཁོའི་སྣ་ལམ་དུ་འཐུལ་བྱུང་། དྲི་ངན་དེས་ཁོའི་ཕོ་བ་སྐྱུར་ལངས་སུ་བཅུག་ནས་ཁ་མལ་དེར་སྐྱུག་ལ་ཁད་བྱས་པ་དང་། ལུས་ཧྲིལ་བོ་སད་ཀྱིས་བཅོམ་པའི་མེ་ཏོག་བཞིན་རྙིལ་སོང་། ཁོས་ནམ་ཡང་དེ་འདྲའི་ཁྲོ་ཚུབ་ཚུབ་ངང་ཁོ་མོ་ཡང་སྙིང་ག་འདྲ་བྱས་པ་རེད་ཅེས་དྲིས་མྱོང་མེད། ཁོ་མོ་ངུས་བྱུང་། ཁོ་མོས་བཤད་ན་ཕྱི་ལོག་ནས་ཉལ་ཁྲི་མི་གཙང་བའི་སྟེང་ཉལ་བའམ་མི་གཞན་གྱི་ཁྲུས་གཞོང་མི་གཙང་བ་བཀོལ་བ། ཡང་ན་ཆུ་མི་གཙང་བས་ཁྲུས་བྱས་པས་ནད་ཕོག་པ་རེད་ཟེར།
ཡ་ཅི་ལམ་སེང་ཉལ་ཁྲི་ལས་བབས་ཏེ་ཁྲུས་ཁང་དུ་སོང་ནས་ལུས་པོ་བཀྲུས་ལ། འདག་རྫས་ཀྱིས་ཐེངས་གསུམ་ལ་བཀྲུས་པས་ད་གཟོད་དྲི་ངན་དེ་གཙང་མར་བཀྲུ་ཐུབ་སོང་། འོན་ཀྱང་ཉིན་འགའི་རྗེས་སུ་ཁོའི་ཁོག་སྨད་ལ་གནད་དོན་བྱུང་སོང་།
ཡ་ཅི་འཚིག་པ་ཟ་བ་མ་ཟད་ངོ་ཡང་ཚ་བྱུང་། ཁོས་རང་ཉིད་ལ་བཅོས་ཐབས་མེད་པའི་ནད་ཅིག་ཕོག་ཨེ་ཡོད་བསམ་སྟེ། ཁྱི་སྨྱོན་ནང་བཞིན་བྲེལ་བྲེལ་འཚུབ་འཚུབ་ངང་གྲོང་བརྡལ་དུ་སོང་ནས་སྨན་པ་ལི་བཙལ། སྨན་པ་ལི་ནམ་རྒྱུན་པིན་ཁྲུང་ས་ཆར་ཡོང་བ་དང་མི་མང་པོ་བསྐྱབ་མྱོང་བས་སྡེ་མི་ཚང་མས་ཁོར་ཡིད་ཆེས་བྱེད། སྨན་པ་ལིས་བལྟས་རྗེས་ཁོར་ཁྱོད་བདེ་སྐྱིད་ཐོག་ཁང་དུ་སོང་ངམ་ཞེས་དྲིས། ཁོས་བདེ་སྐྱིད་ཐོག་ཁང་ནི་ཅི་ཞིག་རེད་ཟེར། སྨན་པ་ལིས་དེ་ནི་ང་ཚོ་གྲོང་བརྡལ་གྱི་མིང་དུ་གྲགས་པའི་མགྲོན་ཁང་རེད་ཟེར། ཁོས་ང་རང་གྲོང་བརྡལ་དུ་ཡོང་ཐེངས་རེར་ཉིན་དེར་ཕྱིར་ལོག་པ་ཡིན་པས་ཅིའི་ཕྱིར་མགྲོན་ཁང་དུ་འདུག་དགོས་ཟེར། སྨན་པ་ལིས་ངས་ཁྱོར་དེ་འདྲི་བ་མིན། དེ་ན་ངས་ཁྱོར་ཡང་བསྐྱར་ཅིག་འདྲི། སྐྲ་བཞར་སར་བུ་མོ་བཙལ་ལམ་ཟེར། ཁོས་ང་འགྲོ་མྱོང་མེད་ཟེར། སྨན་པ་ལིས་དེ་ན་ཁྱོད་བུད་མེད་གཞན་དང་ཉལ་མྱོང་ངམ་ཟེར། ཁོས་ང་རང་གི་ཆུང་མ་མ་གཏོགས་ཉལ་མ་མྱོང་ཟེར། སྨན་པ་ལིས་སྙིང་རྗེ་བའི་མིག་མདངས་ཅིག་གིས་ཁོར་བལྟས་ཏེ་ངས་ཤེས་སོང་ཟེར། སྨན་པ་ལིས་རྨ་ཆེན་པོ་མི་འདུག གལ་ཏེ་ཆེན་པོ་ཞིག་ཡིན་ཚེ་ཚར་སོང་ཟེར། ཡ་ཅི་ནུས་མེད་ཀྱི་བྱིས་པ་ཞིག་དང་འདྲ་བར་སྨན་པ་ལིས་ཁ་ལ་ཉན་ཏེ། ཁ་པར་བརྒྱབ་ནས་ཨ་ཕར་ཆུ་བསྐོལ་ཏེ་ཁྱིམ་གྱི་གཟུགས་འཁྲུད་ལག་ཕྱིས་ཆུ་ནང་བཙོ་དགོས་བ་དང་། ཁྲུས་གཞོང་ཡང་ཆུ་ཁོལ་གྱིས་བཀྲུས་རྗེས་ཉི་མར་ལྡེ་བར་སྐུལ། ཁོ་རང་གྲོང་བརྡལ་གྱི་འཕྲོད་བསྟེན་ཁང་ནས་ཉིན་བཅུ་གཉིས་ལ་བསྡད་ནས་སྨན་བཅོས་བྱས་ལ། སྨན་རིན་སྒོར་སྟོང་གཉིས་ཙམ་སོང་བ་དང་། གཞི་ནས་ནད་དྲག་བསྐྱེད་བྱུང་།
སྨན་ཁང་ནས་འབུད་དུས་སྨན་པ་ལིས་ཁོར་དངོས་པོ་ཐུམ་བརྒྱབ་པ་གཅིག་བྱིན་ནས་རྗེས་མ་བུད་མེད་དང་ཉལ་དུས་འདི་གོན་དགོས་ལ། རང་གི་ཆུང་མ་དང་ཉལ་དུས་ཡང་གོན་དགོས་ཟེར།
ཡིན་ནའང་སྨན་པ་ལིས་སྤྲད་པའི་དངོས་པོ་དེ་ཁོས་མ་བཀོལ། རྒྱུ་མཚན་ནི་མཚན་མོ་དེའི་རྗེས་སུ། སྲིང་མོ་ལི་རིའི་ཕྱི་རོལ་དུ་སོང་བ་མ་ཟད་ཕྱིར་ཐེངས་གཅིག་ཀྱང་ལོག་མ་བྱུང་ལ། ཁོ་ཚོ་བཟའ་འཐོར་བྱེད་དུས་ཀྱང་མའེ་ཧྭ་གྲོང་བརྡལ་དུ་མ་གཏོགས་ལོག་མ་བྱུང་། སྨན་ཁང་ནས་ལོག་རྗེས་དུས་ཡུན་རིང་བོ་ཞིག་ལ་ཡ་ཅིས་བུད་མེད་མཛེས་མ་མཐོང་མ་ཐག ཁོག་སྨད་ལ་ན་ཟུག་བན་བུན་ཞིག་སྐྱེས་འོངས་བ་དང་དེ་ཚོར་སྤྲོ་བ་ཉག་ཙམ་ཡང་མེད་པར་འགྱུར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།