མཁར•ཤེས་སློང་བའི་སྙན་ངག་ཁག་བཞི་འོས་སྦྱོར།

རྩོམ་པ་པོ།:མཁར•ཤེས་སློང་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-12-23 10:32:00 ཀློག་གྲངས།:

མཁར•ཤེས་སློང་བའི་སྙན་ངག་བཞི

རླུང་བུ།

རླུང་བུ     གཡུག་གིན    གཡུག་གིན
བགྲེས་པོ་ཚོའི་སྨ་ར་ལ་འཐམས  
 ཚི་དྲེག་རྔམ་འཐུང་ལ་དགའ་བའི་རླུང་བུས
ཤི་གསོན་ལ་འདང་རྒྱག་མེད་ཟེར   འདས་དོན་ལ་ཁ་ཡ་མེད་སྐད

རྣག་ཁྲག་གིས་བསྡམས་པའི་ལུས་པོ
ལྷོ་ནས་བྱང བྱང་ནས་ནུབ
ཆུ་ནང་དང་རྡོ་ནང 
མཚམས་བརྒྱད་ནས་འཁོར་ལོ་ཅི་ལྟར་སྐོར་ཡང
ཤན་པའི་སྟ་རེ་ལ་སྙིང་རྗེ་མེད་ཟེར

ཤིག་རོ་འཐོར་བའི་རྐང་ལམ་དང་གཡུལ་ས་མཐོང་དུས
མིག་ནང་ནས་ཆུ་ལོག་རྒྱུག་ཅིང་ཁ་ནང་ནས་མེ་ལྕེ་འཕྱོ
རླུང་བུ དུད་ནག་མོག་མོག་ཞིག་དང་འདྲོགས་ནས་ལམ་ལ་ཆས་སོང

༢༠༡༥/༡༢/༡༨

ཁ་བས་ང་རང་དྲན་དུ་བཅུགས།

སྨུག་སྤྲིན་གྱིས་ཡོལ་འཐེན་ཞོར
ཙག་རླུང་སྐྱ་བོར་ཡང་ནམ་མཁའི་མཐོང་ཡངས་སུ་གདུས
ཁ་བའི་འདབ་མ་ས་ལ་འཐོར་ཐེངས་རེ་རེར
ངའི་དྲན་འཛིན་ན་ཉལ་བའི་ཡིག་ཚགས་དེ་དག་ཀྱང་བསློགས་དགོས་བྱུང

ཁ་བས
ང་རང་མང་པོ་ཞིག་དྲན་དུ་བཅུགས
གནའ་བོའི་བཙན་རྫོང་ན་འགྱངས་བའི་དཔའ་རྒོད་ཀྱི་སྙིང་སྟོབས་དང
རྔ་ཆེན་ལྡིར་སྒྲ་སྒྲོག་པའི་དཔའ་འཛེངས་ཀྱི་གཡུལ་ས་དེའང་དྲན་དུ་བཅུགས

ཁ་བས
དཀར་དམར་གྱིས་བྱུག་པའི་ཨ་ཅེ་འབྲུག་མོ་དང
སྟག་ཤར་ཚོས་ཁ་ཆུ་བཞུར་བའི་འདོད་ཧམ་གྱི་ངང་ཚུལ་དེའང་དྲན་དུ་བཅུགས
༢༠༡༥/༡༢/༢༠

མཚན་མོ་དཀར་པོ།

སྒོ་ཁྱིའི་ཟུག་སྐད་ཇེ་ཆེ་ནས་ཇེ་ཆེ 
འབྲོག་མོའི་དྲི་དང་ཇེ་ཉེ་ནས་ཇེ་ཉེ
ཟླ་བའི་ངོ་གདོང་ལ་ཟུར་མིག་འཕེན་ཞོར
གློག་སྒྲོན་རྙིང་བ་དེ་ལག་ཏུ་བཟུང་ནས
ང་གཅིག་པུ་ཁོ་མོའི་གུར་སྒོ་རུ་ཕྱོགས
གྲང་ངར་ཅུང་ཙམ་རྒོད་པའི་ཕྱུགས་མཐའ་དང
འགྲོ་ལམ་ནས་རྡོག་སྣ་ཐོགས་པའི་འཛེེར་སྒྲ་རྒུམ་དུས
ངས་ད་དུང་སྟོང་བསམ་གྱི་ཕོ་བྲང་ཞིག་བཞིངས
དེ་དུས   ངས་བསམ་ན་ང་ནི་དོ་དགོང་གི་འཇབ་རྒོལ་མཁན་ཏེ
སུས་ཀྱང་རྟོགས་དཀའ་བའི་སྒྱུ་རྩལ་བ་ཞིག

༢༠༡༥/༡༢/༡༩  

མཚམས་སྤྲིན་འོག་གི་ལང་ཚོ།

སྤྲིན་དཀར་ཁྱུ་གཅིག
བསིལ་འཇམ་རླུང་བུའི་ལག་མཐུལ་ནས་བྱོ་དུསའཇའ་ཚོན་དང་རི་མོའི་ཁ་དོག
འོད་ཟེར་གྱི་ཁྱིམ་གཞིས་ཤིག་ནས་མངལ་དུ་འཁྲུངས

མིག་ཟུང   མཆི་སྒྲོས    སྐྲ་ཤད    འོ་འཛིན
རེ་རེ་བཞིན་མིག་ལམ་དང་མི་ལམ་བརྒྱུད་ནས
འདོད་ཧམ་གྱི་ནད་དུག་ཏུ་གྱུར
ཁོ་མོའི་ལང་ཚོ   སྒྱུ་རྩལ་པས་བྲིས་པའི་ལྷ་མོ་ཞིག
ཁོ་མོའི་གསུངས་སྐད    ཚངས་སྲས་མའི་མགྲིན་ལས་འབྱིན་པའི་དབྱངས་རྟ་ཞིག
གདངས་འགྲོས་དེ་ཡིས་ས་སྟེང་གི་མི་ཚོགས་འགུགས་ཤིང་རྩི་ཤིང་རྒྱས
གདངས་འགྲོས་དེ་ཡིས་ནྭགས་ཚལ་གྱི་རི་དྭགས་འཁོར་ཅིང་བྱ་བྱིའུ་འདུས
མཚར་ཉམས་གྱིས་མནར་བའི་ཟླ་བ་ཁེར་འགྲོ
ངོ་གནོང་གིས་མགོ་བོ་སྒུར་ཞོར་ནུབ་རིར་ཡིབས

༢༠༡/༡༢/༢༢མཚན་མོར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།