ཨ་མའི་བྲང་ཁར་འཁོལ་བའི་དྲོད་ཟེར་ལྷག་ཏུ་ཞིམ།

རྩོམ་པ་པོ།:དབྱངས་སྲས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-12 10:28:00 ཀློག་གྲངས།:

ཨ་མའི་བྲང་ཁར་འཁོལ་བའི་དྲོད་ཟེར་ལྷག་ཏུ་ཞིམ།
དབྱངས་སྲས་ཀྱིས།

འཁོར་ལོ་རྩིབ་བརྒྱད་ཀྱི་གནམ་སྔོན་ཡར་ལ་བཏེགས།
པདྨ་འདབ་བརྒྱད་ཀྱི་ས་གཞི་གདན་དུ་བཏིངས་པ་ནས།
གན་རྐྱལ་དུ་ཉལ་བའི་ཨ་མ་དྲིན་མོ་ཆེ་ཞིག
རྒྱ་མཚོའི་ཀློང་ནས་མཛེས་སྡུག་གིས་ཡར་ལ་ཐོན་པས།
ཉི་མའི་གཟི་ཟེར་ལ་ཁྱིམ་གཞི་ཡོད་པ་གྱུར།

ལོ་ངོ་དུང་ཕྱུར་དུ་མར་བཞུར་པའི་ཟུངས་བཅུད་དེ།
ཡར་ཀླུང་གཙང་པོ་དང་འབྲི་ཆུ།རྒྱ་མོ་རྔུལ་ཆུ་དང་རྨ་ཆུ།
དགའ་སྐྱོ་ཆགས་སྡང་མང་པོ་འཁྱིལ་བའི་མིག་ཆུ་སྟེ།
མ་ཕམ་གཡུ་མཚོ་དང་ཡར་འབྲོག་གཡུ་མཚོ། ཁྲི་ཤོར་རྒྱལ་མོ།

བགྲང་བྱ་ས་ཡ་ལོན་པའི་སྤུན་ཟླ་དྲུག་པོས།
སྟོད་སྨད་བར་གསུམ་གྲགས་པའི་སྙན་གླུ་ཁ་བ་ལྟར་ཕབ་ཅིང་།
ཆོལ་ཁ་གསུམ་གྱི་སྒྱུ་རྩལ་རྫ་རི་བཞིན་བསླངས་པས།
དྲིན་ཆེན་ཨ་མའི་འཛུམ་རླབས།
འཇིག་རྟེན་དུ་ཆེས་གཞོན་ཤིང་ཆེས་གཙང་བ་རེད།
ཨ་མའི་བྲང་ཁར་འཁོལ་བའི་དྲོད་ཟེར་ལྷག་ཏུ་ཞིམ་པས།
ང་ཚོའི་ནམ་མཁར་ཕོ་བྲང་བརྗིད།ང་ཚོའི་ས་གཞིར་ཞི་བདེ་རྔམ།
ང་ཚོའི་མ་འོངས་པར་འོད་ཟེར་འཚེར།

2004ལོའི་ཟླ2པའི་ཚེས22ཉིན་དབྱངས་སྲས་ཀྱིས་སྐྱེ་རྒུ་ནས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།