འབྲུག་ལྷའི་སྟོང་བསམ་དང་ཨ་ཕའི་གསང་བ།

རྩོམ་པ་པོ།:འབྲོག་བུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-24 09:32:00 ཀློག་གྲངས།:

འབྲུག་ལྷའི་སྟོང་བསམ་དང་ཨ་ཕའི་གསང་བ།
    འབྲོག་བུ།  གཞིས་ཀ་རྩེ

     འབྲུག་ལྷ།  ཁྱོད་སློབ་སྦྱོང་མི་བྱེད་པར་འདི་ལྟར་དུ་འདུག་ན་མི་ཚེ་གང་བོར་འཚོ་བ་ཇི་ལྟར་སྐྱེལ་རྩིས་ཡོད་དམ།  སློབ་ཚན་སྐབས་རྩེད་མོར་གཡེང་ནས་ཡོད་པའི་འབྲུག་ལྷར་རྒན་ཕུར་བུས་དེ་ལྟར་དྲིས།
     འཚོ་བ།  ངའི་ཨ་ཕས་ང་རང་ཕྱུག་བདག་སྦྱིན་པའི་བུ་མོ་ལྷ་མོ་མཚོའི་ཁྱོ་བོར་སྤྲོད་ཟེར།  ཁོ་ཚང་གི་རྒྱུ་ནོར་ལ་ལྷ་རྒོད་འབྲོག་ཐང་དུ་ཁྱིམ་ཚང་སུས་ཀྱང་འགྲན་ཟླ་མེད་པས་ཁོ་ཚང་དུ་ངས་ཚོང་ཞིག་བརྒྱབ་ནས་སྐྱིད་པོར་འདུག་ན་འགྲིག་སྐད།  འབྲུག་ལྷས་ལན་དེ་ལྟར་བཏབ།
     འབྲུག་ལྷ་ཁྱོད་ལ་དེ་འདྲ་སུས་ཟེར། སླར་ཡང་རྒན་ཕུར་བུས་ཡ་མཚན་དང་བཅས་འབྲུག་ལྷར་དེ་ལྟར་དྲིས།
     ཨ་ཕས་དེ་ལྟར་ཟེར།  ཨ་ཕ་ལྷ་རྒོད་འབྲོག་ཐང་གི་གྲོང་དཔོན་ཡིན་པས་དོན་འདི་དག་བསྒྲུབ་པ་ལས་སླ་སྐད།  ཟླ་དགྲ་ཚང་གི་བུ་མོ་འཛོམས་པ་ལྷ་ཤར་ཤང་དུ་སློབ་གྲྭར་འགྲོ་དོན་ཡང་ངའི་ཨ་ཕར་ཟླ་དགྲས་ན་ནིང་གི་ལོ་དེར་སྐྱོབ་གསོ་ཁོ་ཚང་ལ་ཐོབ་ན་ངེད་ཚང་ལ་ལུག་གཉིས་སྤྲོད་རྒྱུ་བྱས་ཟེར།  ཁོ་ཚང་ལ་སྐྱོབ་གསོ་བྱུང་རྗེས་སུ་ཁོ་ཚང་གིས་ངེད་ཚང་ལ་ལུག་གཉིས་སྤྲད་མེད་སྟབས་ཁོ་མོ་ཤང་སློབ་གྲྭར་གཏོང་དོན་ཡང་ཨ་ཕས་ཁོ་ཚང་ལ་སྤྲད་པའི་རྒོལ་ལན་ཡིན་ཟེར།
     རྒན་ཕུར་བུ་ཡུད་ཙམ་ཞིག་མགོ་བོ་རྨོངས་པར་གྱུར་ཏེ་འབྲུག་ལྷར།
 ཁྱོད་སྐྱག་རྫུན་མ་ཤོད།  ཁྱོད་ཀྱི་ཨ་ཕས་དེ་འདྲ་ཅི་ནས་བྱེད་སྲིད། ཁྱོད་ཀྱི་ཨ་ཕ་ལྷ་རྒོད་འབྲོག་ཐང་ནང་ཀུན་གྱིས་བརྩི་བཀུར་བྱེད་སའི་སྔོན་ཐོན་མི་སྣ་ཞིག་མ་ཡིན་ནམ། སླར་ཡང་རྒན་ཕུར་བུས་དེ་ལྟར་དྲིས།
     རེད།  རེད།  ངའི་ཨ་ཕ་དང་ཉི་མ་རྫོང་གི་རྫོང་དཔོན་བཀྲ་ལྷ་སྤུན་ཆེད་ཡིན་པས་རེད།  ད་དུང་ངའི་ཨ་ཕས་ལོ་ལྟར་བཤས་དུས་ཡུན་རིང་བཞིན་ནོར་རེ་རེ་བཤའ་སྟེ་ཁོ་ཚང་ལ་སྤྲོད་ཀྱི་ཡོད་ཟེར།  ལོ་བཅུ་ལ་མ་སོན་པའི་འབྲུག་ལྷས་རྒན་ཕུར་བུ་ལ་འདི་ལྟར་བཤད།
     སྐད་ཆ་དེ་དག་རྒན་ཕུར་བུས་ཐོས་མ་ཐག་སེམས་ནང་དུ་ངོ་མ་གནས་ཚུལ་འདི་འདྲ་ཨེ་ཡིན་སྙམ་པའི་སྐབས་སློབ་ཕྲུག་བསོད་ཕུན་གྱིས་རྒན་ལགས། འབྲུག་ལྷས་བཤད་པ་ངོ་མ་བདེན་པ་རེད།  ཟླ་དགྲ་ཚང་གི་བུ་མོ་འཛོམས་པ་ལྷ་ཤར་ཤང་དུ་སློབ་གྲྭར་བཏང་བའི་ཉིན་ནས་བཟུང་ཟླ་དགྲ་ཚང་དང་ཁོ་ཚང་ལ་སྔོན་མེད་ཀྱི་འགལ་ཟླ་ཞིག་བྱུང་།  ན་ནིང་བརྒྱད་གཅིག་དུས་ཆེན་ལ་ཁོ་གཉིས་ཁ་རྩོད་ཡང་ཤུགས་ཆེན་ཤོར་བ་རེད་ཅེས་རྒན་ལགས་ལ་བཤད།
     སྐབས་དེར་རྒན་ཕུར་བུས་ན་ནིང་བརྒྱད་གཅིག་དུས་ཆེན་སྐབས་གྲོང་དཔོན་དང་ཟླ་དགྲ་གཉིས་ཕན་ཚུན་ཁ་རྩོད་ཤོར་བ་ལྷང་ངེར་དྲན།  རྒན་ཕུར་བུས་ང་རང་ལོ་གསུམ་ལྷག་ཙམ་འབྲོག་ཐང་འདིར་དགེ་རྒན་བྱས་ནས་བསྡད་ནའང་དོན་དེ་རིགས་ཅི་ཡང་མི་ཤེས་པ་གང་འདྲ་བྱས་པ་ཡིན་ནམ་སྙམ་པའི་སྐབས་དེར་གློ་བུར་དུ།
     འབྲུག་ལྷ་ཁྱོད་དེ་རིང་ལུག་འཚོ་བར་འགྲོ་དགོས་འདུག  རྒན་ཕུར་བུ།  ངེད་ཚང་གི་བུ་འདི་ལ་དེ་རིང་དགོངས་པ་ཞིག་སྤྲོད་རོགས་ཅེས་བརྗོད་ཞོར་འབྲུག་ལྷའི་ཨ་ཕས་འབྲུག་ལྷ་འཛིན་གྲྭ་དེ་ནས་འཁྲིད།  རྒན་ཕུར་བུས་ཁ་ནས་གནས་ལུགས་ཤིག་གླེང་དགོས་སྙམ་ཡང་དགོན་པའི་ཁྱི་ལ་བརྒྱབ་ན།  བླ་མའི་ཐུགས་ལ་ཕོག་ཅེས་པའི་དཔེ་ལྟར་གལ་ཏེ་ངས་ཁོ་ཚང་གི་བུ་ཆུང་འབྲུག་ལྷར་དགོངས་པ་མ་སྤྲད་ན་དུས་ནམ་ཞིག་ཁོ་ཚང་གིས་གཉེན་ཉེ་བརྒྱུད་དེ་ངའི་ལྟོ་ཕོར་ཡང་མེད་པར་བཟོ་ངེས་སྙམ་ཞིང་ཁུ་སིམ་མེར་ལུས།
     དེ་ལྟར་ལོ་གསུམ་རྗེས་ཀྱི་གྲོང་ཚོའི་གྲོང་དཔོན་འདེམས་སྒྲུག་བྱེད་སྐབས་འབྲུག་ལྷའི་ཨ་ཕ་གྲོང་དཔོན་ནས་བཞག་འདུག་ལ། ཉི་མ་རྫོང་གི་རྫོང་དཔོན་བཀྲ་ལྷ་ལས་གནས་ནས་ཕྱིར་འབུད་བྱས་པ་རེད་ཅེས་པའི་གཏམ་ཞིག་ཉི་མ་རྫོང་དུ་དབྱར་གྱི་འབྲུག་སྒྲ་ཇི་བཞིན་གང་སར་ཁྱབ་སོང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།