གངས་སྙེག་གིས་སྦྱར་བའི་རང་མོས་སྙན་རྩོམ་ཁག་གསུམ།

རྩོམ་པ་པོ།:གངས་སྙེག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-23 10:17:00 ཀློག་གྲངས།:
                         མེ་ཏོག་ཅིག་ལ་སེམས་འཁྲེང་ཚུལ།
མཛེས་སྡུག་གེར་བཞད་ཅིང
དྲི་ངད་ཀྱིས་སྦགས་པའི
ལྷོད་ཆགས་པའི་རང་གཤིས་འཇམ་པོ་ཞིག
ངའི་སྙན་ངག་གི་གཤིན་སར་གད་ནས་ཡོད

མི་ལོ་དྲུག་གི་ཡར་སྔོན་དུ
ཟི་ལིང་གི་གྲོང་མཐའ་ན
གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ
ངས་ཁོ་མོ་མེ་ཏོག་ཅིག་ཏུ་ངོས་ཟིན

མེ་ཏོག་དེ    ངའི་འཇིག་རྟེན་དུ་མཛེས་སྡུག་གི་གད་མྱོང་ཞིང
ངའང་ཁོའི་བྲང་གཞུང་དུ་གཡུ་སྦྲང་བཞིན་མྱོས་སྐད
དེ་ནི    ཁྱོས་ང་ལ་སྤྱིན་པའི་བརྩེ་དུང་གི་མར་ལོ་ཡིན་ནམ
ངའི་བསམ་གཞིག་གི་སྙིང་ཁ་ན་ལྡིང་བའི་དྲན་ཤིང་ཡིན

སྤྲིན་པ་བྱང་བགྲོད་ཅིག་ལ་མིག་འཚོ་བྱས
ཆུ་མོ་ལྷོ་བཞུར་ཞིག་ལ་མིག་ཆུ་བྱོ
སྒྲོལ་མ    ངས་ཁྱོད་དྲན་གི
ཡིད་འོང་གི་བཞད་པའི་མེ་ཏོག

གཉིད་མི་ཁུག་པའི་མཚན་ཐུན་ཞིག་ལ
དྲན་གདུང་གི་བསེར་བུ་དེ
འཇམ་ནེམ་གྱིས     ལྷོད་ཤིགས་སེ 
ངའི་བསམ་གཞིགས་ཀྱི་སྒེའུ་ཁུང་གི་སྲུབས་ཀ
བརྟོལ་ནས་སླེབས་བྱུང

སླེབས་བྱུང    སླེབས་བྱུང་བས
ངས་བརྩེ་དུང་ཞེས་པའི་ཐ་སྙད་དེའི
ལྗིད་ཚད་རྟོགས་ཤིང     བོངས་ཚད་ཤེས
ཨ་ཁ་ཁ……

བརྩེ་དུང་ཟེར་བ་དེ་ནི་དྲན་གདུང་ཞིག
བརྩེ་དུང་ཟེར་བ་དེ་ནི་ཡལ་བ་མེད་པའི་ཁ་དོག་ཅིག
བརྩེ་དུང་ཟེར་བ་དེ་ནི་ངའི་སེམས་ནང་ན
སྨིན་ཐག་ཆོད་པའི་འཇའ་ཚོན་ཨང

ད་ནི་གཞི་ནས་མེ་ཏོག་དྲན་ཞིང་དྲན་ལ
དེ་རི་ཆུ་སྟོང་ཕྲག་གི་ཕ་རོལ་ན
མཚར་སྡུག་གིས་བཞད་ཡོད་པ་ཐོས་སྐད
སྒྲོལ་མ……
དེ་རིང   ངས་ཁྱོད་ཀྱི་ལྷིང་འཇགས་ཀྱི་བདེ་སྐྱིད་མི་དཀྲོག
ངས་ནི་སྙན་ངག་གི་སྨྱུག་ཁ་བསྒྱུར་ནས
ཁྱོད་ཀྱི་མཛེས་སྡུག་གི་བཞིན་དཔལ་ལ
རྒྱང་ལྟ་ཞིག་བྱས་འོང་བར་དགོངས་དག་ཞུ

2015-1-23

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།