རྒྱང་རིང་གི་ཨ་མ།

རྩོམ་པ་པོ།:མདའ་ཆོ་ནཱི། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-23 09:37:00 ཀློག་གྲངས།:

རྒྱང་རིང་གི་ཨ་མ།
མདའ་ཆོ་ནཱི།

     གཡང་ལུག་གི་བལ་དཀར་ལྟ་བུའི་སྤྲིན་པ་འཇམ་པོ་དེས་དངུལ་མདོག་གི་ཟླ་བ་རུམ་དུ་བཅུག་ནས་བྲང་ཁར་སྦྱར་དུས།ས་མཐར་ལུས་པའི་ཁེར་རྐྱང་གི་ཡུལ་གྱར་བ་ངས་ཐ་སྙད་དང་ཚིག་གི་ལྷུ་ལག་བསྒྲིགས་ནས་རྒྱང་རིང་གི་ཨ་མར་དྲན་པ་དམར་རྗེན་ཞིག་བསྐུར་རྒྱུ་ནི་ཇི་འདྲའི་དཀའ་ཨང་།

     ཨ་མ་དྲན་ཚུལ་ནི་མཇལ་འཕྲད་དང་ལེགས་སྐྱེས་ཤིག་གིས་མཚོན་མི་ཐུབ་པའི་མེ་རིའི་དཀྱིལ་དབུས་ཀྱི་ཚ་བ་ཚད་མེད་དེ་རེད།ཨ་མ་དྲན་སྟངས་ནི་རྒྱུ་མཚན་དང་འགྲེལ་བཤད་ཅི་ཡང་མེད་པའི་བརྩེ་བ་དཀར་པོ་འབུམ་ཕྲག་གི་འགུལ་སྟངས་རང་རེད།ཨ་མ་དྲན་པ་ནི་འདོད་པ་དང་འཇིགས་སྐྲག་ཀུན་ལས་འགོངས་པའི་སེམས་སྐྱེས་ཀྱི་དད་པ་དེ་རེད།

     གུར་དཀར་པོ་ཞིག་ཅང་ཤེས་ཁྲི་ཡིས་བརྒྱན་ན་ངའི་ཨ་མས་ཤུག་དཀར་གྱི་བཞོ་ཟེའུ་བཟུང་ནས་དཀར་པོ་འོ་མའི་མཆོད་ཅིག་འཕེན།སྔོ་ལྗང་གི་འབྲོག་ཐང་ཡངས་པོ་ཞིག་ནོར་ནག་གི་ངུར་སྒྲས་བཀང་ན་ངའི་ཨ་མས་མར་ཆུར་གྱི་གཙང་བོ་འཆུ་བཞིན་མེ་ཏོག་དང་ལྷན་དུ་ལྷུག་ལྷུག་དགོད།ཡིད་འགུག་གི་མེས་པོའི་རྫི་གླུ་ཞིག་འཇོལ་མོའི་གྲེ་འགྱུར་དང་འདྲེས་ན་ངའི་ཨ་མས་ལག་པ་ཐོད་ལ་བཞག་ནས་ལ་ཁའི་བུ་ཆུང་ལ་རྒྱང་ལྟ་ཡང་ཡང་བྱེད།

     དྲན་པ་དང་ཕྱིར་འདང་གིས་ང་རང་དེ་རིང་གི་མཚན་མོ་འདིར་གཡུགས་བྱུང་།རླངས་འཁོར་ཨར་འདམ་ལ་འབྱར་ཞིང་ཨར་འདམ་མི་སེམས་ལ་ཆགས་དུས་ངས་བྱིས་དུས་སུ་ཨ་མ་དང་མཉམ་དུ་བེའུ་རྫི་བྱས་པའི་རྩེད་ར་དང་རྐང་རྗེས་དག་དྲན་བྱུང་།ཁང་རྩེག་སྡོང་སྐམ་ལྟར་གཟེངས་ཤིང་ནམ་མཁའ་འགྱིག་ཁུག་གིས་བསྒྲིབས་པའི་མཚན་མོ་འདིར་ངས་ཨ་མས་བཟོས་པའི་རས་གུར་ཆུང་ཆུང་དེའི་སྐར་ཁུང་དྲན་བྱུང་།རྒྱུ་ནོར་གྱི་ཆམ་ནད་དྲག་ཆར་ལྟར་བབས་ཤིང་མི་སེར་ཚོའི་སྙིང་ཁྲག་ཆུ་ཁོལ་ལྟར་གདུ་དུས་ངས་ཨ་མས་བཤད་མྱོང་བའི་གཏམ་རྒྱུད་ཀྱི་བར་སྟོང་རེ་རེེ་དྲན་བྱུང་།

     དྲན་པ་དང་དྲན་པ་མཐུད་ནས་མིག་ཆུ་རུ་བཏོན་ཡང་ངའི་མིག་མདུན་དུ་དྭངས་གསལ་གྱི་གཙང་བོ་ཞིག་བཞུར་བའི་སྐལ་བ་མ་བྱུང་།མགྲིན་པ་འདི་མགྲིན་པས་བཏེགས་ཏེ་མགོ་བོ་ཇི་ལྟར་དགྱེས་ཀྱང་ངས་རྒྱང་རིང་གི་ཨ་མ་དྲན་སྟངས་ཀྱི་ཚོར་བའི་སྤང་ཁུག་དེ་སྔར་བཞིན་མ་མཐོང་།ཕ་བོང་ལྟ་བུའི་གོམ་པ་འདི་དགུན་ཟླ་ལྟ་བུའི་སེམས་པས་མནན་ནས་མགོ་བོ་རུམ་དུ་བཅུག་ཀྱང་ཨ་མ་དང་གྱེས་པའི་བར་ཐག་དེས་ང་ལ་ཡང་ཡང་གཙེས་བྱུང་།

     ཨ་མ་ནི་བུ་ཆུང་གིས་གཏན་དུ་བོར་མ་མྱོང་བའི་སེམས་པའི་དྲོད་དེ་ཡིན་ན་གདོང་གི་རྒས་གཉེར་དང་ལག་པའི་སེར་ཁ་ལ་འཇིགས་དགོས་དོན་མེད་མོད།གལ་ཏེ་ཨ་མ་ནི་ཁ་ཧྥུ་ཁའི་སྒྲུང་གཏམ་རིགས་ཤིག་ཡིན་ན་ངས་རང་གི་ལག་གི་སྨྱུ་གུ་འདི་ལོ་ངོ་སྟོང་ལ་བཀྲུས་ཀྱང་མིག་ཆུ་ལས་ཅི་ཞིག་ལྷག་སྲིད།

2014ལོའི་ཟླ3པའི་ཚེས3ཉིན་ལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།