མདོ་སྨད་ལོ་རྒྱུས་སྤྱི་ཁོག་གི་གཞུང་ཐིག་ཉུང་ངུར་བསྡུས་པ་གནད་ཀྱི་མཛུབ་སྟོན་ཞེས་བྱ་བ།

རྩོམ་པ་པོ།:བན་ཤུལ་དཔལ་མཁར་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-19 09:35:00 ཀློག་གྲངས།:
རྒྱལ་ཀུན་འཕྲིན་ལས་ཆུ་ཤེལ་དཀར་པོ་ལས།།
ལེགས་འཁྲུངས་ལྷུན་གྲུབ་ག་བུར་བསིལ་བ་ཅན།།
སྐྱེ་དགུའི་བསོད་ནམས་ཞིང་ལ་གདུང་སེལ་དུ།།
ཤར་བའི་སྐལ་བ་འདི་ནི་བསྔགས་པའི་གནས།།
འདི་ན་སྤོ་མཐོ་གངས་ལ་གནས་འཆའ་བའི།།
མགོ་ནག་རྐང་བ་གཉིས་པའི་གཙུག་རྒྱན་དུ།།
རིན་ཆེན་ཞབས་རྡུལ་གཏོར་བའི་བདག་ཉིད་ཅན།།
ས་གསུམ་འགྲོ་བ་འདྲེན་ལ་མགོས་ཕྱག་འཚལ།།
མཐའ་དག་ཤེས་བྱའི་དེ་ཉིད་ཕྱག་མཐིལ་དུ།།
སྐྱུ་རུ་ར་བཞིན་ལེན་པའི་བློ་ཡི་མཁར།།
སྣ་ཚོགས་རིག་པའི་རྒྱུ་སྐར་འབུམ་བཀྲ་བ།།
འཇམ་དབྱངས་མི་ཡི་གཟུགས་ཅན་གུས་པའི་ཡུལ།།
བཅུ་ཕྲག་རིག་པའི་ཆུ་གཏེར་རླབས་ཕྲེང་ཅན།།
དུམ་བུར་གཅོད་པའི་བློ་སྤོབས་མེད་ན་ཡང་།།
བྱུང་རབས་ཆུ་ཕྲན་ལྷུང་ལྷུང་འབབ་པའི་ཁར།།
ཅུང་ཟད་བརྒལ་བའི་གཏམ་ཙམ་སྤེལ་ལ་སྤྲོ།།
སྒང་དྲུག་རི་བོས་མཚན་པའི་སྨད་ཀྱི་ཆ།།
ཨ་ཆེན་གངས་ནས་མདོ་ལ་རིང་མོའི་བར།།
ཨ་མདོར་གྲགས་པའི་བ་དན་དཀར་པོ་འདི།།
གཡོས་ནས་བགྲང་བྱ་མང་པོ་སོང་བར་སྣང་།།
དང་པོའི་ས་ཡི་ཐིག་ལེར་གཉུག་མའི་མི།།
རྒྱ་བོད་ཧོར་སོག་རིགས་ཅན་མང་མོད་ཀྱང་།།
མཐའ་སྲུང་སྲིན་པོའི་གཟུགས་ཅན་བོད་དམག་དཔུང་།། 
རྣམ་པར་སླེབས་ནས་ཀུན་ཀྱང་བཅོམ་པར་ཟད།།
དེ་རྣམས་མདོ་སྨད་ས་ཡི་དཀྱིལ་འཁོར་དུ།།
བོད་མི་བྱུང་སྔར་བཞག་ན་ཅུང་ཐལ་ཏེ།།
གཉུག་མའི་བོད་རྒན་སློག་པའི་ན་བཟའ་ཅན།།
བྱུང་ནས་ལོ་ངོ་སྟོང་ཕྲག་ཆས་པར་ངེས།།
བྲག་སྒོམ་དགེ་ཆོས་ཞབས་ཀྱིས་འདི་བཞེད་མོད།།
གནའ་དཔྱད་རིག་པའི་ལུགས་དང་ཅུང་ཟད་འགལ།།
གཉུག་མའི་བོད་མི་གཉུག་མའི་དུས་སྐབས་ནས།།
ཡོད་པར་བཞག་ན་ལུང་རིགས་གཉིས་ལ་གྲུབ།།
འོན་ཀྱང་བརྒྱ་ཕྲག་བདུན་པ་ཙམ་ཞིག་ནས།།
འཕགས་པའི་རྣམ་རོལ་བཙན་པོ་སྲོང་བཙན་གྱིས།།
མཐའ་བཞི་བསྐྱེད་པའི་བཀའ་དགོངས་སྒྲུབ་ཕྱིར་ཏུ།།
བོད་དམག་ཕོན་ཆེན་ཨ་མདོར་བཞག་པར་བཤད།།
འདི་ལ་བཤད་པ་ཙམ་ལས་ཞིབ་ཕྲའི་ཁུངས།།
རི་བོང་རྭ་ཡི་རྗེས་སུ་འགྲོ་ཞིང་རྒྱུགས།།
འོན་ཀྱང་མངའ་རིས་འབྲོང་པའི་དམག་ཡིག་གིས།།
རྒྱབ་དཔུང་ལུང་གི་བྲག་རི་བརྩིགས་ཀྱང་ཆོག།
སྲོང་བཙན་དུས་ནས་མཐའ་བཞིར་ཁྲོམ་ཆེན་བཏབ།།
བྱེ་བྲག་གཡར་མོ་ཐང་ལ་ཁྲོམ་ཆེན་བཙུགས།།
ཁྲོམ་ཞེས་བྱ་བ་དམག་སྒར་ཆེན་པོ་སྟེ།།
དེ་ཡི་སྒྲིག་གཞི་ཕལ་བའི་བློ་ལས་འགོངས།།
ཁྲོམ་ཆེན་གཅིག་ལ་ཁྲོམ་ཆུང་དུ་མ་འདུས།།
དེ་ཡི་འོག་ན་ནང་སོ་གྲངས་མེད་ཡོད།།
ཁྲོམ་ཆུང་གཅིག་ལ་བརྒྱ་དཔོན་སྟོང་དཔོན་འདུས།།
འཐབ་མོ་བཀྱེ་ཕྱིར་དམག་དཔུང་གོ་མཚོན་སྒྲིག།
དམག་གྲོན་གསབ་ཕྱིར་ནང་སོ་ལས་ལ་བསྐུལ།།
དམག་ལུགས་འདི་རྣམས་ཤེས་མཁན་ཧ་ཅང་དཀོན།།
ནང་སོ་གཅིག་ནི་འབྲོག་སྡེ་གཅིག་ཙམ་སྟེ།།
དམག་ཞབས་ཕྱིར་ལ་དབྱར་དགུན་ལྟར་དུ་སྤོར།།
དམག་གི་ནང་སོས་དམག་རྟ་དམག་ཕྱུགས་ཉར།།
ནམ་མཁོའི་དུས་ལ་མཁོ་ཚད་འདོན་པ་སྟེ།།
དེ་ཡི་ཁྲིམས་ནི་ཀུ་ཤའི་རྩེ་མོ་ལྟར།།
ཞིབ་པར་བཤད་ན་སྙིང་ལ་བྲེད་ཤ་ལངས།།
ཁྲོམ་གྱི་ནང་བློན་རུ་དཔོན་སྟོང་དཔོན་རྣམས།།
གཟིག་ཤུབ་སྟག་དོང་གསེར་དངུལ་གོ་ཐོབ་ཅན།།
འཁོར་གསུམ་སྐེད་ལ་བསྐོར་ནས་སོ་མྱུལ་གྱིས།།
དམག་དུང་ཀི་བསྭོས་སྙིང་ཁམས་འདར་བར་བྱེད།།
ཁྲོམ་ཆེན་ཞང་བློན་གྲོངས་ན་བང་སོ་ལ།།
མཚན་གྱི་ཡིག་འབྲུ་རྡོ་བརྐོས་གསེར་ཆུས་བྱུགས།།
རུ་དཔོན་སྟོང་དཔོན་གྲོངས་ན་རི་རྒྱལ་ལ།།
གཤིན་པོ་སྦས་ནས་གཞི་ཡི་བདག་པོར་གུས།།
སྔ་རྟགས་དམག་ལུགས་སྦྲ་ནག་ཆོན་ཁ་ཅན།
རྟ་རྒྱུགས་མདའ་འཕེན་ཀི་བསྭོས་ནམ་མཁའ་གཡོ།།
མདོ་སྨད་བོད་རིགས་སྤྱི་ཡི་ཁུངས་མོ་ཆེ།།
བྱུང་ཞིང་འཕེལ་ཚུལ་མདོར་ཙམ་འདི་ལྟ་སྟེ།།
བྱེ་བྲག་སིལ་བའི་དུས་ནས་དགའ་ལྡན་གྱི།།
ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་བར་རྣམས་ལ།།
ཞིབ་ཏུ་དཔྱད་དེ་ངག་རྒྱུན་ཁུངས་མ་བཅས།།
འགོད་པའི་སྐལ་ལྡན་མང་དུ་འབྱུང་བར་རེ།།
རིགས་འཆོལ་རིགས་འདྲེས་རྟ་མིན་བོང་མིན་ལྟར།།
སྤུ་རྒྱལ་རིགས་བཟང་རྫོགས་པའི་སྐལ་ངན་འདིར།།
མེས་བཟང་རིགས་རྒྱུད་བྱུང་ཚུལ་གནད་འཕྲེང་འདི།།
ཕྱི་རབས་རིགས་གཅིག་ཕྱིར་ཏུ་སྤེལ་བ་དགེ།།
     ཉེ་བའི་ལོ་ཁ་ཤས་ནང་བོད་ཕྱི་ནང་གི་རིགས་གཅིག་སྤུན་ཟླ་མཁྱེན་དཔྱོད་རྣམ་པར་ཡངས་པ་དུ་མས་མདོ་སྨད་ལོ་རྒྱུས་ཀྱི་སྤྱི་ཁོག་ཁུངས་དང་བཅས་པ་ཞིག་གི་མཛུབ་སྟོན་དགོས་ཞེས་ཡང་ཡང་བསྐུལ་བའི་ངོར་གུས་པས་གང་ཤེས་གང་བལྟས་ཀྱི་ལོ་རྒྱུས་དཔྱད་ཡིག་རྩ་ཆེན་དག་གི་སྤྱི་དོན་བློ་ངོར་ངེས་པར་བྱས་ཏེ་གནད་འགག་སྤུངས་བའི་གཞུང་རྟ་འདི་ཙམ་ཚིགས་བཅད་དུ་སྡེབ་པའི་ལས་བགྱིས་པ་འདིས་ཀྱང་བོད་ཀྱི་རིག་གཞུང་མི་ཉམས་གོང་སྤེལ་ལ་རྔོ་ཕྲན་ཙམ་ཐོགས་པའི་སྨོན་འདུན་དང་བཅས།
     བན་ཤུལ་དཔལ་མཁར་རྒྱལ་གྱིས2014ལོའི་ཟླ12པའི་ཚེས22ཉིན་མང་ཡུལ་གུང་ཐང་གི་བཙན་པོའི་མི་རྒྱུད་ཕྱི་མའི་བཞུགས་གནས་ཕོ་བྲང་བཀྲ་ཤིས་ཁྱུང་རྫོང་དཀར་པོའི་ཉེ་འདབས་སུ་ཤར་མར་བྲིས་སོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།