མཚན་ཐུན་ཞིག་ལ་གཉིད་མ་ཁུག
རྩོམ་པ་པོ།:གངས་སྙེག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-03-09 09:24:00
ཀློག་གྲངས།:
མཚན་ཐུན་ཞིག་ལ་གཉིད་མ་ཁུག
གངས་སྙེག
སྐར་མ་སྔས་སུ་བྱས་པའི་མཚན་ཐུན་ཞིག་ལ
ཟླ་བ་ཁོ་ནས་ཤུགས་གླུ་གྱེར
མཚན་མོ་དེར་གཉིད་མ་ཁུག
ཁང་མིག་འདི་མུན་པས་འཆོས་ཚར་བས
ང་ལ་ལྷག་པ་ནི་མུན་པ་ལས་མུན་པ
མུན་པ་འདིའི་ཟབ་ས་ནས
ངས་ཟླ་འོད་སྒོམ་གྱིན་སྐྱ་རེངས་དྲན
སྐྱ་རེངས་འདིའི་ཐུ་འོག་ན
དབྱངས་གསལ་གྱི་ང་རོ་སྒྲོག་པའི་མི་བུ་ཚོ་དྲན་འོང
བློ་མིག་གི་ངར་ཁ་ལ་ཤེས་རིག་གི་གསེར་ཚོན་བྱུགས་ནས
ཉི་མ་གླིང་གི་འཇིག་རྟེན་དུ་འགྲོ་བསམ་པ་ཨེ་ཡིན
༢
མུན་པ་ཧ་ཅང་སྟུག
ཟླ་བ་ཁེར་རྐྱང་ཡིན
ང་རང་གཉིད་མ་ཁུག
མཚན་ངོགས་འདིའི་མལ་དུ་འགྲེ་ལྡོག་རྒྱག་པ་ལས
སྒེའུ་ཁུང་གི་ཕྱི་རོལ་ན་ཟླ་འོད་འདུར་གྱིན་པ་བརྗེད་སོང
མཚན་ཚད་འདི་རིང་སོང་བས་མིན་ན
ངས་རང་ཉིད་ཀྱི་རྣམ་ཤེས་བོར་སོང་བས་ཡིན
ཁང་མིག་འདི་རུ ཁེར་རྐྱང་གིས
གཅེར་ཧྲེང་གི་ལུས་པོ་འདི་ལ
མུན་ནག་གི་རས་ཡོལ་ཞིག་སྒྲིབ་པ
འཚོ་བའི་བརྒྱུད་རིམ་ཞིག་ཏུ་གྱུར་ཚར་སོང
༣
མཚན་ངོགས་འདི་ལ
ཁང་མིག་མུན་པའི་ཟབ་སར་འཛུལ
ཟླ་བ་ཁེར་རྐྱང་གིས་འདུར
སྐར་མ་སྔས་སུ་བོར་བའི་མི་བུ་ཚོ
མུན་ནག་གི་སྔས་འབོལ་ལ་འགྲམ་པ་གླན་ཏེ་གཉིད་ཁ་ཤོར
ཁོ་ཚོའི་སྔུར་བས་མཚན་ལམ་འདིའི་ལྷིང་འཇགས་དཀྲོག་པས
འདོགས་ཁྱིའི་ཟུག་སྐད་ལྷག་ཏུ་རྒོད
ང་ལ་གཉིད་ཁུག་ཐབས་ཤིག་མི་འདུག
མཚན་མོ་འདི གཉིད་མི་ཁུག་པའི་མཚན་ཐུན་འདིར
ངས་མིག་གིས་ཅི་ཡང་མཐོང་མ་བྱུང
ངས་སེམས་ཀྱིས་ཅི་ཞིག་ཚོར་བྱུང
ང་མུན་ནག་ཁྲོད་ད་དུང་གཉིད་མ་ཁུག་པར་བསྡད་ཡོད
2015ལོའི་ཟླ2པའི་ཚེས10ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།