བོང་སྟག་རི་ལུའི་གསར་བྲིས་གཞས་ཚིག་ཁག་ཅིག

རྩོམ་པ་པོ།:བོང་སྟག་རི་ལུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-04 09:53:00 ཀློག་གྲངས།:

བོང་སྟག་རི་ལུ།    1979ཐེམ་ཆེན་དུ་སྐྱེས། ད་སྔ་གསར་འགོད་པ། རྩོམ་སྒྲིག་པའི་ལས་ཀ་གཉེར་གྱིན་ཡོད།


                         ང་ལ་རྒྱབ་རི་ང་ལ་དཔུང་གྲོགས་འདུག
ང་ལ་རྒྱབ་མེད་ང་ལ་དཔུང་མེད་སྙམ།།
ང་ལ་རྒྱབ་རི་ང་ལ་དཔུང་གྲོགས་འདུག །
དབྱངས་གསལ་སོ་བཞི་ང་ཡི་རྒྱབ་རི་རེད།།
མེས་པོའི་དབྱངས་རྟ་ང་ཡི་དཔུང་གྲོགས་རེད།།

ང་ལ་རྒྱབ་མེད་ང་ལ་དཔུང་མེད་སྙམ།།
ང་ལ་རྒྱབ་རི་ང་ལ་དཔུང་གྲོགས་འདུག །
མངའ་རིས་སྒྲ་སྙན་ང་ཡི་རྒྱབ་རི་ཡིན།།
གླུ་སྐད་དྭངས་མོ་ང་ཡི་དཔུང་གྲོགས་ཡིན།།

ང་ལ་རྒྱབ་མེད་ང་ལ་དཔུང་མེད་སྙམ།།
ང་ལ་རྒྱབ་རི་ང་ལ་དཔུང་གྲོགས་འདུག །
ཕུ་ནུའི་ལག་རྡང་ང་ཡི་རྒྱབ་རི་ཡིན།།
ཐལ་མོའི་རྡེབ་སྒྲ་ང་ཡི་དཔུང་གྲོགས་ཡིན།།

                         ཕོག་ཐུག
ཉིན་ཞིག་ཁྱེད་ལ་ཕོག་ཐུག་བཏང་བ་དེ་ནི།།
ཨ་རག་ཆང་གི་བཟི་ཁ་བཙན་པོས་ལོས་ཡིན།།
ཁྱེད་ཀྱི་སེམས་རྒྱ་ཆེ་རུ་ཆེ་རུ་བསྐྱེད་དང་།།
ང་ཚོའི་མཛའ་བརྩེ་རྟག་ཏུ་རྟག་ཏུ་བརྟན་ཡོང་།།

ཉིན་ཞིག་ཁྱེད་ལ་ཕོག་ཐུག་བཏང་བ་དེ་ནི།།
སེམས་ཁ་སྐྱོ་བའི་ཉིན་དང་ཁེལ་བས་ལོས་ཡིན།།
ཁྱེད་ཀྱི་སེམས་རྒྱ་ཆེ་རུ་ཆེ་རུ་བསྐྱེད་དང་།།
ང་ཚོའི་མཛའ་བརྩེ་རྟག་ཏུ་རྟག་ཏུ་བརྟན་ཡོང་།།

ཉིན་ཞིག་ཁྱེད་ལ་ཕོག་ཐུག་བཏང་བ་དེ་ནི།།
དབྱེན་དང་ཕྲ་མས་བར་ཆད་ཐེབས་པས་ལོས་ཡིན།།
ཁྱེད་ཀྱི་སེམས་རྒྱ་ཆེ་རུ་ཆེ་རུ་བསྐྱེད་དང་།།
ང་ཚོའི་མཛའ་བརྩེ་རྟག་ཏུ་རྟག་ཏུ་བརྟན་ཡོང་།།

                         ཕ་ཡུལ་ཁྲི་ཀ
དད་ལྡན་མཇལ་བ་ཤིག་ཤིག །
ཆོས་ཀྱི་སྒྲ་དབྱངས་ལྷང་ལྷང་།།
ཇོ་བོ་ཡིད་བཞིན་ནོར་བུ།།
ཁྲི་ཀའི་ཡུལ་ནས་བཞེངས་སོང་།།

ཆུ་བོའི་བཞུར་སྒྲ་ཤག་ཤག །
གཙང་བོའི་རླབས་ཕྲེང་ལྡེམ་ལྡེམ།།
རྨ་ཆུ་དལ་འབབ་རིང་མོ།།
ཁྲི་ཀའི་ཡུལ་ནས་དྭངས་སོང་།།

སེར་བོ་གསེར་ཏོག་ལམ་ལམ།།
མཇལ་བའི་མི་ཚོགས་ཤིག་ཤིག །
མ་ཎི་ཆོས་འཁོར་ཆེན་མོ།།
ཁྲི་ཀའི་ཡུལ་ནས་བཞེངས་སོང་།།

མཁས་དབང་ཉི་མ་ཤར་ཤར།།
མཛད་རྗེས་འོད་སྟོང་འབར་འབར།།
མི་ཉག་མཆོད་རྟེན་དཀར་པོ།།
ཁྲི་ཀའི་ཡུལ་ནས་མཐོང་སོང་།།

བསང་གི་དུ་བ་ལྷོག་ལྷོག །
མཐུ་ཡི་ནུས་རྩལ་མྱུར་མྱུར།།
མྱུར་མགྱོགས་ཨ་མྱེས་ཡུལ་ལྷ།།
ཁྲི་ཀའི་ཡུལ་ནས་བརྗིད་སོང་།།

ལྗོན་པའི་འདབ་ལོ་ལྡེམ་ལྡེམ།།
བསུང་གི་དྲི་ཞིམ་འཐུལ་འཐུལ།།
སིལ་གྱི་འབྲས་བཟང་མངར་མོ།།
ཁྲི་ཀའི་ཡུལ་ནས་སྨིན་སོང་།།

རི་རྩེར་སྤྲིན་པ་ལང་ལོང་།།
རི་འདབས་གཙང་བོ་ཤག་ཤག །
ཨ་མྱེས་སྲིན་པོ་རྫ་རྒན།།
ཁྲི་ཀའི་ཡུལ་ནས་མཛེས་སོང་།།

དཔལ་འབྱོར་ཆུ་བོ་རྒྱས་རྒྱས།།
རིག་གནས་མེ་ཏོག་བཞད་བཞད།།
ཆོས་ཀྱི་བསྟན་པ་དར་སའི།།
ཕ་ཡུལ་ཁྲི་ཀ་མཛེས་སོང་།།

                         བསམ་དོན་རང་འགྲུབ།
རྡོ་བའི་ལམ་ནས་རྡོ་དང་འཕྲད་ན་འགྲོ་ལམ་ཀྱ་ཀྱུ་རེད།།
སྤྲིན་པའི་ནང་ནས་སྤྲིན་དང་འཕྲད་ན་མཐོང་ལམ་རབ་རིབ་རེད།།
མི་ཚེའི་ལམ་བུ་རྡོ་ཡིས་གྲུབ་ཀྱང་སེམས་ཀྱི་འདུན་མ་རྡོ་བཞིན་བརྟན་དགོས།།
མི་ཚེའི་ལམ་བུ་སྤྲིན་པས་བཀག་ཀྱང་སེམས་པ་ལ་ནི་སྤྲིན་བཞིན་དཀར་དགོས།།

རྡོ་བ་ལྟ་བུའི་གཏན་ཚིགས་ཡོད་ན་གཡས་གཡོན་མེ་ཏོག་རེད།།
སྤྲིན་པ་ལྟ་བུའི་སེམས་པ་དཀར་ན་བསམ་དོན་རང་འགྲུབ་རེད།
མི་ཚེའི་ལམ་བུ་རྡོ་ཡིས་གྲུབ་ཀྱང་སེམས་ཀྱི་འདུན་མ་རྡོ་བཞིན་བརྟན་དགོས།།
མི་ཚེའི་ལམ་བུ་སྤྲིན་པས་བཀག་ཀྱང་སེམས་པ་ལ་ནི་སྤྲིན་བཞིན་དཀར་དགོས།།

                         བོང་སྟག་ཚོ་བ།
རྨ་ཕ་རིའི་ལྷོ་རྒྱུད་དེ་ན།
ངའི་མེས་པོ་དམ་པའི་གཞིས་ཆགས།
མཚོ་སྔོན་པོའི་གོང་རོལ་དེ་ན།
ངའི་ཕ་ཁྱིམ་དྲོན་མོའི་གཞིས་ཆགས།
གཞིས་ཚོ་བ་དེ་ཡི་མིང་ལ།
སྡེ་བོང་སྟག་ཚོ་བ་ཐོགས་ཡོད།

རྟ་ནོར་ལུག་སྤང་ལ་བཀྲམ་ནས།
སྤང་ཆེན་པོ་ཁ་དོག་བྲིས་བཞག
རི་མཐོན་པོས་བསྟར་ཕྲེང་སྒྲིག་ནས།
གཞིས་དྲོན་མོའི་ཕ་ཁྱིམ་སྲུང་བཞག
གཞིས་ཚོ་བ་དེ་ཡི་མིང་ལ།
སྡེ་བོང་སྟག་ཚོ་བ་ཐོགས་ཡོད།

ལོ་ཟླ་བའི་འཁོར་བསྐྱོད་ཁྲོད་ནས།
ལག་དཔུང་རྡང་མ་འཐོར་སྦྲེལ་བཞག །
སྡེ་ཚོ་བ་གཅིག་རེ་གཉིས་རེས།
ཚོ་ཆེན་པོ་བཅོ་བརྒྱད་གྲུབ་ཡོད།
གཞིས་ཚོ་བ་དེ་ཡི་མིང་ལ།
སྡེ་བོང་སྟག་ཚོ་བ་ཐོགས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།