འབུམ་ཕྲག་གི་སྒྲུང་ཐུང་ཁག་གསུམ།

རྩོམ་པ་པོ།:འབུམ་ཕྲག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-01-10 08:39:00 ཀློག་གྲངས།:

འབུམ་ཕྲག་གི་སྒྲུང་ཐུང་ཁག་གསུམ།

                                                            འབུམ་ཕྲག‹ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོ›

སེམས་གཅོང་།

1

      དགོང་མོ་དེར་དོན་དག་དེ་བྱུང་བ་ནས་མོ་མི་སུ་ལ་འཕྲད་ན་དོགས་མི་བདེ་བ་ཅན་ཞིག་ཏུ་གྱུར་སོང་། ཁོ་ཚོའི་མིག་མདངས་ཧ་ཅང་རྒྱུན་ལྡན་ཡིན་མོད། མོ་ལ་མཚོན་ན་དེ་ལས་ལྡོག་སྟེ་མིག་མདངས་དེ་ཚོའི་གསེབ་ཏུ་རང་གི་གསང་བ་དེ་གསལ་བོར་རྟོགས་ཡོད་པ་ལྟ་བུའི་ལྐོག་མདའ་ཞིག་བསྐུངས་འདུག དེ་བས་མོས་ཁོ་ཚོའི་གདོང་ལ་ཐད་ཀར་གཏན་ནས་ལྟ་མི་ཕོད་ལ་ཐ་ན་རང་དང་ལོ་བཞི་ཙམ་ལ་འགྲོགས་ནས་ཡོང་བའི་གྲོགས་མོའི་གདོང་ལའང་དགོང་མོ་དེའི་ཕྱི་ཉིན་ནས་ཡུད་ཙམ་ལས་མ་གཏོགས་ཅེར་མི་ཐུབ། ཡང་སྐད་ཆ་ཡང་སྔོན་ཆད་དང་བསྡུར་ན་མངོན་གསལ་གྱིས་ཇེ་ཉུང་དུ་ཕྱིན་སོང་བ་མ་ཟད། གང་ལ་སོང་ནའང་མགོ་བོ་ཐུར་དུ་སྒུར་ནས་འགྲོ་ཞིང་གང་ནས་བསྡད་ནའང་ལུས་པོ་འཁུམས་ཏེ་སྡོད་པར་བྱེད། ལམ་བར་ནས་ལུས་ལ་ཚི་ལེན་དང་རྐང་སྣམ་ཡོངས་རྫོགས་ནག་པོ་ནག་རྐྱང་གྱོན་ཡོད་མཁན་གྱི་ཆ་ཡོད་དང་ཆ་མེད་(ཕལ་ཆེ་བ་ཆ་མེད)ཀྱི་མི་གང་རུང་ཞིག་ལ་འཕྲད་མ་ཐག་མོ་རང་འཚུབ་ཆ་ཞིག་གིས་བྲང་ཁོག་ཡོད་ཚད་བསྡམས་ཡོང་ལ་ངོ་མདོག་ཀྱང་ག་བྱེད་འདི་བྱེད་མེད་པར་དམར་པོ་དམར་རྐྱང་དུ་ཆགས་ནས། འགྲམ་ནས་འགྲོ་བ་ནི་རྐང་རྗེན་ངང་མེ་མུར་གྱི་ཐོག་ནས་འགྲོ་བ་བཞིན་ཆེས་བཟོད་དུ་མེད་པའི་སྡུག་བསྔལ་ཞིག་སུ་ཞིག་གིས་བཙན་གྱིས་མྱོང་དུ་བཅུག་པ་བཞིན་འདྲ་བར་བྱེད་ལ། སྐབས་དེ་དག་ཏུ་སྐད་ཅིག་ཙམ་གྱི་ལམ་འཕྲད་དེ་ཡང་མོ་ལ་མཚོན་ན་ཤིན་ཏུ་རིང་བའི་མནར་གཅོད་ཀྱི་གོ་རིམ་ཞིག་ཡིན་པར་བྱེད། ལྷག་པར་མི་གང་དེ་འགྲམ་ནས་རྒྱུ་སྟེ་ཡུད་ཙམ་གྱི་རྗེས་ནས་ཕྱིར་མིག་གིས་རང་གི་རྒྱབ་ལ་ལྟ་བཞིན་པ་ཚོར་མ་ཐག་མོ་རང་ལྷག་ཏུ་ན་ཟུག་ཅིག་གིས་གཟིར་འགྲོ།
      མོ་ལ་ངོ་ཤེས་མང་པོ་ཡོད། ཡིན་ཡང་ད་ལྟ་མོས་སུ་ལའང་ཁ་པར་གཏོང་མི་འདོད་ལ་ཚུར་ཡོང་བའང་གཏན་ནས་ཉན་མི་འདོད། འཕྲིན་ཕྲན་དང་ཁྱེའུ་ཁྱེའུ་ནས་སྐད་འཕྲིན་དང་ཡིག་འཕྲིན་དང་གཞན་འཕྲིན་ཐུང་སོགས་ལའང་སྔོན་ཆད་བཞིན་གྱི་སྤྲོ་བ་དེ་ཡོངས་སུ་ཉམས་ནས་ཟས་ལ་ཡི་ག་ཆད་པ་བཞིན་གྱི་གནས་སུ་ལྷུང་སོང་། ཁ་པར་གཅིག་ཉིན་རེར་ཐེངས་མང་པོར་བཏང་ཡོང་སྟེ་མཚམས་རེར་དུས་གཅིག་ལ་བསྟུད་མར་ཐེངས་འགར་བཏང་ཡོང་། འོན་ཀྱང་མོས་གཏན་ནས་མ་ཉན། མཐའ་མར་དགོས་མཁོ་ཆེ་དུས་མ་གཏོགས་སྒོ་ཕྱེ་བ་ལས་དེ་མིན་སྒོ་མི་གཏན་ཀ་མེད་དུ་སོང་། འཕྲིན་ཐུང་ཡང་དེ་བཞིན་ཏུ་ཁ་པར་གྱི་སྒོ་ཕྱེ་མ་ཐག་རྫོགས་མེད་ཅིག་འཕྱུར་ཡོང་བ་སྟེ་དེའི་ནང་དུ་ཕྱེད་ཀ་ཅིག་ཅིག་གིས་ཉིག་ཉིག་ལ་ཁ་པར་བཏང་བྱུང་ཟེར་བ་སྣ་ཚོགས་རེད་ལ། ཕྱེད་ཀ་ཨེ་ཡོད་དང་ཁ་གྲག་རོགས། ཁ་པར་ལེན་རོགས། ག་རེ་བྱུང་སོང་། དགོང་མོར་བདེ་ལེགས་ཟེར་བ་སོགས་སྣ་ཚོགས་ཚོགས་ཤིག་རེད། གལ་ཏེ་དྲ་སྒོ་བརྒྱབ་ཡོད་པ་མིན་ན་འཕྲིན་ཕྲན་དང་ཁྱེའུ་ཁྱེའུ་ལས་དེ་ལས་མང་པའི་འཕྲིན་མང་པོ་ཞིག་སིལ་སྒྲ་དང་འགྲོགས་ནས་ཁ་པར་གྱི་གོང་ངོས་གང་ཡོང་བ་གདོན་མི་ཟ། འོན་ཏེ་མོས་དངོས་གནས་དེ་དག་ལ་ཡིད་འཇོག་གཏན་ནས་བྱས་མ་སོང་། ཞོགས་པར་མལ་ལས་ལངས་རྗེས་ཡང་སྔོན་ཆད་བཞིན་ཧ་ཅང་གཟབ་ནན་དང་ཞིབ་ཆ་སྒོས་ཁ་བཀྲུ་ངོ་བཀྲུ་ཡང་མི་བྱེད་ལ་གདོང་ལ་འདག་རྫས་ཉུང་ཙམ་བྱུགས་ཙམ་གྱིས་ཆུ་ཉུང་ངུ་ཙམ་གྱིས་བཀྲུས་རྗེས་ཁ་ནང་ཆུ་འཁྱག་གིས་སོ་སྨན་ཉུང་ཙམ་དང་བསྡེབས་ནས་བཤལ་ཙམ་གྱིས་ཆོག་པར་བྱེད་ལ། དེ་བཞིན་ངོ་སྣུམ་ཡང་གདོང་མེ་ལོང་དུའང་ཤར་དུ་མི་འཇུག་པར་ཕུར་ཙམ་བྱེད་པ་ལས་སྔོན་ཆད་བཞིན་གཞན་པ་དེ་ཚོ་གཅིག་ཀྱང་མི་བྱུགས། དེ་ནས་མ་གཉིད་གོང་ནས་སེམས་ནས་གྲ་སྒྲིག་བྱས་ཡོད་པ་ཐམས་ཅད་ཚགས་སུ་ཆུད་རྗེས་རྒྱབ་ཁུག་རྒྱབ་ལ་ཁུར་ནས་ཁ་རོག་གེར་གྲོགས་མོ་ལའང་བརྡ་མི་གཏོང་བར་བུད་འགྲོ། མཚན་མོར་ཚོགས་ཐུན་གྲོལ་མ་ཐག་སློབ་ཁང་ནས་གྲོགས་མོར་འགྲོགས་ཏེ་གང་ལའང་མི་འགྲོ་བར་ཉལ་ཁང་དུ་རྒྱུགས་ཡོང་ལ་སྔོན་ཆད་ཡིན་ན་མིན་ན་གྲོགས་མོ་ཁྲིད་ནས་འཚོང་ཁང་དུ་འགྲོ་དགོས་ལ་དེ་མིན་ན་དུས་ཆད་ལ་འགྲོ་དགོས་པ་དེ་རེད། གློག་མ་ཟད་གོང་ཉལ་གྲོགས་སུ་ལའང་ཁ་བརྡ་མང་པོ་མི་བྱེད་པར་དཔེ་ཆ་ལ་འཐམས་ནས་སྡོད། གློག་ཟད་མ་ཐག་རེ་ཞིག་གློག་སྒྲོན་བཀར་ནས་ལྟ་འཕྲོ་ཅུང་ཙམ་སྐྱོང་ལ་དེ་ནས་མཚམས་ཤིག་ལ་གློག་སྒྲོན་ཟད་ནས་གཉིད་དུ་ཡུར་མགོ་བརྩམས་འགྲོ། འདི་ནི་མོའི་ཉིན་འདི་དག་རིང་གི་འཚོ་བའི་ཆ­­­་ཤས་ཤིག་རེད།

2

      མོའི་གཤིས་ཀ་ལ་གློ་བུར་འགྱུར་ལྡོག་འདི་འདྲ་ཞིག་བྱུང་བར་སློབ་གྲོགས་ཡོངས་ཧ་ལས་ཤིང་རིམ་བཞིན་ཡིད་སྨོན་སྐྱེས་སོང་། ཡིན་ཡང་ཁོ་ཚོས་རྒྱུ་རྐྱེན་གསལ་བོ་ཞིག་གཏན་ནས་ཤེས་ཡོད་མི་སྲིད། གལ་ཏེ་ཤེས་ཟེར་ན་ཡང་དེ་ནི་བློ་བཟོ་ཁོ་ན་ལས་འདས་མི་གྱུར་སྙམ། འོན་ཏེ་མོས་ཚང་མས་ཤེས་ཡོད་པ་ལྟ་བུའི་བློ་ཁས་ཚང་མར་ཁ་གཏད་པས་རང་ཉིད་སྔར་ལས་དོགས་མི་བདེ་བར་བཏང་ཞིང་། སློབ་གྲོགས་ཚོ་ཡང་མོའི་གཤིས་ཀ་འགྱུར་ལྡོག་བྱུང་འདུག་པར་བསམ་ནས་མོ་དང་ཁ་བརྡ་ཉུང་བར་བཏང་བ་དང་འབྲེལ་འདྲིས་ཀྱང་ཇེ་ལྷོད་དུ་བཏང་བས་མོ་ལ་ཁེར་རྐྱང་གི་སྡུག་བསྔལ་ཞིག་གིས་རབ་ཏུ་གཙེས་ཏེ་ཡོད་ཚད་རྒྱུན་ལྡན་མིན་པའི་སྣང་བ་ཞིག་གིས་ཁྱབ་པར་བྱེད་ལ། དོགས་མི་བདེ་བའི་ཚོར་བ་ཇེ་ཐུ་ནས་ཇེ་ཐུར་སོང་།
      ནུབ་ཕྱོགས་ཀྱི་གནམ་མཐའི་མཚམས་སུ་སྤྲིན་དམར་ལ་ནག་ཤས་འདྲེས་པ་ཞིག་མཐུག་པོར་རྦ་རླབས་ཆེན་པོ་ཞིག་གིས་ཁ་གདངས་པ་བཞིན་བརྐྱངས་འདུག་ལ། སྤྱི་གཙུག་ཙམ་སྤྲིན་རིམ་ནས་འབུར་ཡོད་པའི་ཉི་མའི་འོད་ཟེར་ཀྱང་དེས་ཁྱུར་མིད་བཏང་བ་བཞིན་མག་མོག་ཏུ་སྣང་།
      མོ་རང་གཅིག་པུ་ངང་རི་མགོར་འཛེགས། གྲང་རླུང་ཡང་བག་ཙམ་ལྡང་བཞིན་འདུག་སྟེ་དེས་མོའི་ཐོད་ནས་མིག་མཐར་བབས་པའི་སྐྲ་ལོ་དག་གོ་རིམ་མེད་པར་འཁྲུག་པར་བྱེད། དེ་བཞིན་མོའི་བྲང་ཁོག་ནས་ཀྱང་དོན་དག་མང་པོ་ཞིག་གིས་འདུ་འཛི་ལ་རོལ་མགོ་བརྩམས་པས། མོའི་ཐག་ཉེ་དང་ཐག་རིང་གང་རུང་ན་ཕོ་མོ་ཟུང་དང་ཟུང་བྱེད་ནས་འགྲོ་མཁན་དག་ལ་མཉམ་འཇོག་གཏན་ནས་བྱ་ཁོམ་བྱུང་མ་སོང་། དེ་ནས་མོ་རི་མགོ་ཞིག་ལ་ཐོན། ཐག་རིང་ལ་བལྟས་ཀྱང་ཡོད་ཚད་རབ་རིབ་ཅིག་ལས་ཅི་ཡང་མ་མཐོང་། རི་ཚོགས་ཀྱི་མགོ་བོ་དང་སྒལ་རུས་སྣ་ཚོགས་ཀྱིས་རྒྱང་རིང་གི་ཡུལ་གྲུ་ཐམས་ཅད་སྒྲིག་ལམ་མེད་པར་དྲ་བ་བཞིན་སྦྲེལ་འདུག་སྟེ། དེ་ནི་མོས་ད་ལྟ་འདང་རྒྱག་བཞིན་པའི་བྱ་བ་སྣ་ཚོགས་གཅིག་ལ་གཅིག་ཏུ་འཐམས་ཤིང་འཛིང་ཡོད་པ་དེ་ས་ལ་ལྷུང་བ་བཞིན་དང་མཚུངས། འོན་ཀྱང་མི་འདྲ་ས་ནི་གཅིག་ལ་ཤ་ཁྲག་ལྡན་པ་དང་གཅིག་ལ་ཤ་ཁྲག་མེད་པ་དེའོ། ། ཐག་ཉེ་ལ་བལྟས་ཙ་ན། ཁང་བརྩེགས་སྣ་ཚོགས་ཀེང་རུས་ས་ལ་བཙུགས་པ་བཞིན་ལངས་འདུག དེ་ཚོའི་བར་གསེང་ནས་འཕྲུལ་འཁོར་སྣ་ཚོགས་གྲོག་མ་བཞིན་འདུར་བཞིན་ཕར་རྒྱུག་ཚུར་རྒྱུག་ལ་བྲེལ་ཞིང་། དེ་ནས་ཐག་ཉེ་ལ་བལྟས་ཙ་ན་ཕོ་མོ་ཟུང་གཉིས་སློབ་གྲྭའི་ལྟག་རྒྱབ་ཀྱི་སྡོང་ཕྲན་ཐོ་རེ་བ་ཡོད་པ་དེའི་གསེབ་ན་འོ་སྦྱོར་ལ་བརྩོན་གྱིན་འདུག དེ་ནས་ཐག་ཉེ་ལ་མིག་ཟུང་བཅར་ཙ་ན་རླུང་འཁྱིལ་ལྡོག་མ་ཞིག་ཤུར་སྒྲ་དང་བཅས་མགྱོགས་སྟབས་ཀྱིས་རྩྭ་རྡུལ་དང་ས་རྡུལ་གང་མང་ཞིག་དཀྲུགས་ནས་མོའི་ཕྱོགས་སུ་ཡོང་བཞིན་འདུག་སྟེ། ཡུད་ཙམ་གྱི་རྗེས་ནས་མོ་རང་གཡོལ་ཙམ་མ་གཡོལ་མཚམས་ནས་རླུང་འཁྱིལ་དེས་འགྲོས་མྱུར་སྒོས་མོའི་མགོ་ཡི་ཞྭ་མོ་ས་ལ་གཡུག་སོང་།
       མོ་ཞྭ་མོའི་རྗེས་སུ་རྒྱུགས། ཞྭ་མོ་རྩྭ་རྡུལ་དང་ས་རྡུལ་གྱིས་གཡོགས།
                                                                                      2014/12/4ཉིན་ནས་ཚེས་5བར།

ཨ་མེ་རི་ཁ།

1

      ཁོའི་སེམས་ན་ཨ་མེ་རི་ཁ་ལས་མེད་པ་འདྲ།
      ཨ་མེ་རི་ཁ་ནི་ཁོ་རང་ཆེས་དད་སའི་རྒྱལ་ཁབ་དེ་ཡིན། ཨ་མེ་རི་ཁས་འགད་རྫས་ག་ཚོད་མི་སེར་གྱི་དཀྱིལ་ལ་གཡུག་ཀྱང་ཁོས་དེ་ནི་ཉེས་མེད་དུ་འདོད། ལྐོག་ཉན་ཇི་ལྟར་བྱས་ཀྱང་དེ་ལུགས་མཐུན་དུ་འཛིན། མགོ་སྐོར་གང་མང་བཏང་ཡང་དེ་ཡང་བཏང་སྙོམས་སུ་འཇོག མདོར་ན་ཁོའི་བློ་ངོར་ཨ་མེ་རི་ཁས་ཅི་བྱས་ཐམས་ཅད་མཛེས་སྣང་ལྡན་པ་ཞིག་ཏུ་གྲུབ་ཡོད།
      ཡིན་ཡང་། ཁོ་རང་ཨ་མེ་རི་ཁར་སོང་མེད། ཁོས་ཤེས་པའི་ཨ་མེ་རི་ཁ་ནི་དཔེ་དེབ་དང་ཚགས་ཤོག བརྙན་འཕྲིན། གློག་བརྙན་དང་དྲ་རྒྱ། དེ་བཞིན་མི་གཞན་པའི་ངག་ནས་གོ་བའི་ཨ་མེ་རི་ཁ་དེ་ཡིན། ནམ་རྒྱུན་དཔེ་དེབ་ནས་ཨ་མེ་རི་ཁ་ཞེས་པའི་ཡིག་འབྲུ་དག་མཐོང་མ་ཐག་ཁོ་རང་གློ་བུར་རིག་པ་སྤྲིན་རིམ་ལས་བརྡོལ་བ་ཇི་བཞིན་ཡིག་རྡོག་གཅིག་ཀྱང་བློས་གཏོང་མི་ཕོད་པའི་ཀློག་སྤྲོ་མཁན་ཞིག་ཏུ་གྱུར་འགྲོ་ལ། དེ་བཞིན་ཚགས་ཤོག་ཅིག་མཐོང་སྐབས།དེའི་ནང་ནས་ཨ་མེ་རི་ཁ་དང་འབྲེལ་བའི་ནང་དོན་རེ་ཨེ་རྙེད་ལ་རྩོམ། བརྙན་འཕྲིན་མདུན་ནས་ཀྱང་དེ་བཞིན་དུ་ཨ་མེ་རི་ཁ་དང་འབྲེལ་བའི་དོན་རྐྱེན་རེ་ཨེ་མཐོང་བལྟ་ལ། གལ་ཏེ་དེ་དང་འབྲེལ་བ་ལྡན་པ་ཞིག་ཡོད་པ་མཐོང་ཚེ་མིག་ཟུང་ཆེར་གདངས་ཤིང་རྣ་བ་གཉིས་ཀྲོང་ངེར་ལངས་སྟེ་བློ་རིག་སྒྲིམ་ནས་ལྟ་བར་བྱེད། ལྷག་པར་གློག་བརྙན་གྱི་སྔུན་ནས་ཨ་མེ་རི་ཁའི་མིས་ཕམ་ཁ་ཁུར་བ་ཞིག་མཐོང་ཚེ་ཁོ་རང་ཡིད་མི་བདེ་ཞིང་ཞེ་སྡང་དྲག་པོ་ལངས་ཡོང་། དེ་བཞིན་མི་གཞན་གྱི་ཁ་ནས་ཨ་མེ་རི་ཁར་སྡིགས་དམོད་བྱེད་པའི་སྐད་ཆ་ཞིག་ཐོས་ཚེ། ཁོ་རང་དེའི་ཐོག་ལ་ཤོར་འགྲོ།
      ཉིན་ཞིག འཛམ་གླིང་རིམ་པའི་ལུས་རྩལ་འགྲན་བསྡུར་ཞིག་གི་སྟེང་ནས་ཀྲུང་གོ་ཕམ་ཞིང་ཨ་མེ་རི་ཁ་རྒྱལ་བས་ཨ་ཕ་ཁྲོས་ཏེ་ཨ་མེ་རི་ཁའི་རུ་ཚོགས་ལ་དགའ་རྟགས་སྟེར་བའི་མཛད་སྒོ་ཁོ་ལ་བལྟ་རུ་མ་བཅུག་པར་ལེ་ཚན་བརྗེ་པས། ཁོས་ཤིན་ཏུ་མ་དགའ་བའི་ཉམས་ཀྱིས་ལེ་ཚན་ཕྱིར་འཇོག་པར་བཤད་ཀྱང་བཞག་མ་བྱུང་། དེ་བས་མཐའ་མར་ཁོ་གཉིས་བར་རྩོད་པ་བྱུང་སོང་། ཡིན་ཡང་། མཇུག་མཐར་ཨ་ཕ་རྒྱལ་བྱུང་སྟེ། ཨ་ཕས་ཨ་མེ་རི་ཁ་ཇི་འདྲ་སྟོབས་ཀྱང་ཁྱོད་ལ་སྒོར་སྐར་གཅིག་ཀྱང་སྟེར་མི་སྲིད་ཟེར།

2

      མོའི་མིང་ལ་སྒྲོལ་མ་ཟེར། སྒྲོལ་མ་ནི་བློ་གྲོས་ཀྱི་སློབ་གྲོགས་ཡིན་ཏེ། དེ་ཡང་བློ་གྲོས་དང་མཉམ་དུ་ཨ་མེ་རི་ཁ་གླེང་བཞིན་འཆམ་འཆམ་དུ་འགྲོ་མཁན་གཅིག་པུ་ཡང་ཡིན། འོན་ཀྱང་སྒྲོལ་མ་ཨ་མེ་རི་ཁ་ལ་གཏན་ནས་སྤྲོ་བ་ཡོད་མ་མྱོང་། ཡང་དེར་འགྲོ་རྒྱུའི་ཕུགས་བསམ་ཡང་སྐྱེས་མ་མྱོང་། ཡིན་ཡང་། མོ་བློ་གྲོས་དང་མཉམ་དུ་ཨ་མེ་རི་ཁ་གླེང་བཞིན་ཉི་མ་གཏོང་བར་ཤིན་ཏུ་སྤྲོ། དེ་ནི་བློ་གྲོས་ལ་གསར་ཉམས་རྫིག་པོ་ཞིག་ཡོད་པས་མིན་ལ་ཡང་ངག་ལྕེ་བདེ་མོ་ཞིག་ཡོད་པས་ཀྱང་མིན་ཏེ། ནམ་ཞིག་བློ་གྲོས་ཀྱི་གླེང་གཞི་རིམ་བཞིན་ཨ་མེ་རི་ཁ་ནས་ཁོ་མོའི་སྟེང་ལ་བབས་སྲིད་པར་འདོད་པས་ཡིན། འོན་ཀྱང་། ལོ་ངོ་གསུམ་ལྷག་འདས་ཟིན་མོད། བློ་གྲོས་ཀྱི་གླེང་གཞི་སྔར་བཞིན་འགྱུར་བ་མ་བྱུང་ལ་ལྷག་ཏུ་གླེང་ཤུགས་ཇེ་ཆེ་རུ་བུད་སོང་། དེ་བས། མོ་ལ་སུན་སྣང་བྱུང་བ་དང་མཚམས་རེར་རྒོལ་གཏམ་ཀྱང་གཏོང་བར་བྱེད། མོའི་སེམས་པར་བློ་གྲོས་ལ་དངོས་གནས་ཨ་མེ་རི་ཁ་མ་གཏོགས་མེད་དམ་ཞེས་དོགས་པ་ཞིག་ཀྱང་བྱུང་སོང་། ཡིན་ཡང་། སྐད་ཆ་དེ་བློ་གྲོས་ཀྱིས་ཐོས་དུས་དེའི་ནང་དུ་ཤུགས་བསྟན་གྱི་དོན་གཞན་ཞིག་འདུས་པ་ཤེས་མ་སོང་བའི་ཐོག་ལ་ཁོ་བོར་ཨ་མེ་རི་ཁ་ལས་དགའ་ས་ཞིག་མེད་ཅེས་བཤད་པས། མཐའ་མར་སྒྲོལ་མ་བློ་གྲོས་དང་ཁ་བྲལ་སོང་།
      གདམ་ཀ་དེ་སྒྲོལ་མར་མཚོན་ན་འཚོ་བ་གསར་བ་ཞིག་གི་འགོ་བརྩམས་པའི་མཚོན་རྟགས་ཤིག་ལོས་མིན། དེ་བཞིན་བློ་གྲོས་ཡང་རེད། འོན་ཏེ་གདམ་ཀ་དེ་བསམ་གཞིགས་ཞིབ་མོ་ཞིག་བཏང་རྗེས་ཀྱི་གདམ་ཀ་ཞིག་ཡིན་མིན་སུས་ཀྱང་བཤད་ཐབས་བྲལ། གནས་ཚུལ་དེ་སློབ་གྲོགས་ཚང་མས་ཤེས་རྗེས་གྲག་འགུལ་མི་ཆུང་བ་ཞིག་བྱུང་ཞིང་སློབ་གྲོགས་ཕོ་རྣམས་ཀྱིས་བློ་གྲོས་ལ་ཁ་ཏའི་ཚུལ་གྱིས་སྒྲོལ་མར་རེ་ཞུ་རྒྱོབ་ཅེས་བསྐུལ། ཡིན་ཡང་བློ་གྲོས་ཀྱིས་གཏན་ནས་ཁས་མ་བླངས། མོས་ཨ་མེ་རི་ཁར་དམོད་མོ་བཏབ་པས་ངེད་གཉིས་གཏན་ནས་འགྲོགས་ཐབས་མེད་ཅེས་བཤད། ཡང་སློབ་གྲོགས་མོ་རྣམས་ཀྱིས་སྒྲོལ་མ་ལ་སེམས་ཁུར་གྱི་ཚུལ་གྱིས་ཁོ་ལ་གུ་ཡངས་གནང་ན་འགྲིག་སྟེ་ནམ་ཉི་མ་ཞིག་ལ་བློ་གྲོས་ཀྱི་སེམས་ཁྱོད་ལ་མི་འཁོར་ན་སུ་ཞིག་ལ་འཁོར་སྲིད། ཁོས་ཨ་མེ་རི་ཁ་ལ་གཉེན་བསྒྲིགས་བྱ་ཟེར་རྒྱུ་དཔེ་མེད་པ་ཞིག་རེད་ཅེས་བཤད་ཀྱང་སྒྲོལ་མས་གཏན་ནས་ཁ་ཡ་བྱས་མ་སོང་།

3

      ཁ་ངོ་ཡོངས་རྫོགས་རས་ཡུག་ནག་པོས་གཅུད་དེ་མིག་གཉིས་མ་གཏོགས་མི་མཐོང་བར་བྱེད་ཅིང་ལག་ཏུ་སྦག་སྦག་མེ་མདའ་བཟུང་བའི་མི་སྐོར་གཅིག་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་ལས་ཤག་ཏུ་འཛུལ་བྱུང་། སྐུ་སྲུང་བ་དག་དེ་མ་ཐག་ཝ་བཞིན་བྲོས། ཡིན་ཡང་ཨོ་བྷ་མ་གཅིག་པུ་མ་བྲོས་པར་བསྡད། ཁོས་ངང་ཚུལ་དེ་མཐོང་མ་ཐག་ཧ་ལས་ཤིང་རང་ཉིད་ཇི་ལྟར་འབྲོ་བསམ་ཀྱང་གོམ་གང་ཡང་མདུན་དུ་སྤོ་མི་ཐུབ་པར་གྱུར། ཅི་ཞིག་འཛིན་བསམ་ཀྱང་ཡང་ཅི་ཡང་འཛིན་མི་ཐུབ་པའི་གནས་ཤིག་ཏུ་ལྷུང་། དེ་ནས་མཚམས་ཤིག་ལ་ཨོ་བྷ་མ་ཨོང་བཀྱགས་སྟེང་དཀྱིགས་ཤིང་འཇིགས་སྐུལ་པ་དེ་ཚོའི་འགོ་བ་དེས་ཁོ་ལ་མེ་མདའ་ཆུང་ཆུང་ཞིག་གཏད་ནས་ཨོ་བྷ་མར་མཛུབ་གུས་བཙུགས་ཏེ་ཁོ་ལ་རྒྱོབ་ཅིག་ཅེས་བསྐུལ། ཁོས་མེ་མདའ་དེ་བཟུང་མ་ཐག་ཁོའི་ལུས་སྟེང་ནས་རྔུལ་ཆུ་ཆུ་མིག་བརྡོལ་བ་བཞིན་བབས་ལ་སྙིང་ནི་ཏིག་ཏིག་ལྡིང་བཞིན་མེ་མདའ་ནི་ཤིན་ཏུ་ལྕི་བའི་བྲག་རྡོ་ལྟ་བུ་ཞིག་ཏུ་གྱུར་སོང་། དེ་ནས་ཁོས་འབད་པ་ཆེན་པོས་མགོ་བོ་ཡར་དགྱེ་ནས་ཨོ་བྷ་མར་གདོང་གཏད། བསམ་ཡུལ་ལས་འདས་པ་ཞིག་ལ་ཨོ་བྷ་མ་འཛུམ་དམུལ་དམུལ་གྱིས་ལངས་འདུག་ལ། མཐའ་སྐོར་གྱི་མི་ཚང་མས་མགོ་རས་བཤིག་སྟེ་ཁོ་ལ་བལྟས་ནས་ཧབ་ཆ་རྒྱག་བཞིན་འདུག་པས། ཁོ་ལ་དེ་ལས་ལྷག་པའི་འཇིགས་དངས་ཤིག་བྱུང་སྟེ་ཤུགས་ཆེན་པོས་ངུ་སྐད་ཅིག་ཕྱུང་པ་ན། སྒེའུ་ཡོལ་མེད་པའི་དྲ་མ་དང་དཀར་རྩི་བྱུགས་པའི་གྱང་ངོས། ཉལ་ཁྲི་ཉིས་བརྩེགས་མ།དེའི་སྟེང་ན་སྔུར་བ་ལྡིར་ལྡིར་འདྲེན་པའི་ཉལ་གྲོགས་སོགས་རེ་རེ་མཐོང་བྱུང་། དེ་ནི་རྨི་ལམ་རེད། མ་གཞི་རྨི་ལམ་ཞིག་རེད། ཁོས་དེ་ལྟར་དབུགས་ཧལ་ཧལ་ངང་ཁེར་ལབ་ཅིག་བྱས་རྗེས། ཉལ་ཐུལ་གྱིས་ཐོད་པའི་རྔུལ་ཆུ་འབྱིད་ཙམ་བྱས་ཤིང་འགྲམ་གྱི་དཔེ་སྒྲོམ་སྟེང་ན་ཡོད་པའི་ལག་ཐོགས་ཁ་པར་བླངས་ཡོང་ནས་དུས་ཚོད་ལ་བལྟས། ཨོ། ད་རུང་སྔ་བོ་འདུག ཁོས་དེ་ལྟར་བསམས་རྗེས་ཁ་པར་ཕྱིར་བཞག་ཅིང་སེམས་པ་ད་སྔོན་གྱི་རྨི་ལམ་དེའི་ཕྱོགས་སུ་འཁོར་སོང་།
      ཁོས་ཇི་ལྟར་འདང་བརྒྱབ་ཀྱང་རྨི་ལམ་དེར་འོས་མཐུན་གྱི་འགྲེལ་བཤད་ཅིག་རྙེད་མ་སོང་། ཡང་རང་ཉིད་རྨི་ལམ་ནས་སྐྲག་ཤོར་སྡར་མ་ཞིག་ཏུ་གྱུར་བ་དེ་སེམས་བཞིན་རང་ལ་དགོད་ཁ་ཞིག་ཀྱང་རང་དབང་མེད་པར་ཤོར། དེར་མཐུད་ནས་ན་ཟུག་ཅིག་གིས་གཟིར། ཡིན་ཡང་། ཁོ་ཚོ་ཚང་མ་ང་ལ་བལྟས་ནས་དགོད་དོན་ཅི་ཨང་། ཁོས་དེ་ལྟར་འདང་རྒྱག་ཞོར་ཁ་པར་གྱི་སྒོ་ཕྱེ་ཞིང་ཞོགས་པའི་གསར་འགྱུར་ལ་ལྟ་འགོ་བརྩམས། འོན་ཀྱང་གསར་འགྱུར་ལས་ཨ་མེ་རི་ཁ་དང་འབྲེལ་བའི་དོན་དག་ཏིལ་འབྲུ་ཙམ་ཡང་མ་རྙེད་པས་ཁ་པར་མྱུར་བར་ཁ་བརྒྱབ་ཅིང་འགྲེ་ལྡོག་ཅིག་བྱས་ཏེ་མལ་ལས་ལངས་ཤིང་། ཚར་ལྭ་གཡང་ཤམ་དུ་བྱས་ནས་སྤྱོད་ཁང་དུ་རྒྱུགས། དེ་ནས་གཅིན་པ་ཤག་སེ་བཏང་ཞིང་སྣ་གླུ་ཞིག་ལེན་ཞོར་ཡང་སེམས་པ་རྨི་ལམ་དེའི་ཕྱོགས་སུ་འཁོར་སོང་།

4

      ཁོས་ཨ་ཕ་ལ་ཁ་པར་བརྒྱབ། རྒྱག་དོན་ནི་སྒོར་མོ་ཟད་ལ་ཉེ་བས་རེད། དེར་མཐུད་ནས་སྒྲོལ་མར་ཁ་པར་བཏང་། ཡིན་ཡང་ཡི་ཆད་ཅིག་ལས་བསྣན་མ་བྱུང་།ཨ་ཕས་བཤད་ན་སྒོར་མོ་ཉིན་འགའི་རྗེས་སུ་བསྐུར་ཡོང་ཟེར། སྒྲོལ་མས་བཤད་ན་ང་ལ་དགའ་རོགས་ཡོད་ཅེས་ཟེར། མཐའ་མར་ཁོ་གྱང་ངོས་སུ་སྦྱར་བའི་ཨ་རིའི་རྒྱལ་དར་ལ་བལྟས་ནས་མི་འདུག་ཐབས་མེད་བྱུང་། དོན་ངོ་མར་སུ་ཞིག་འཆུག་སོང་བ་རེད། ཁོས་དེ་ལྟར་ཡང་ཁེར་ལབ་ཅིག་བྱས་རྗེས་གན་རྐྱལ་དུ་ལོག་ཅིང་། ཀླད་པ་ཧྲིལ་བོ་སྒྲོལ་མ་དང་སྒོར་མོ། མདང་ནུབ་ཀྱི་རྨི་ལམ་གསུམ་གྱིས་ཁེངས་ལ། གྱང་ངོས་ཀྱི་རྒྱལ་དར་དེ་ལྗིད་ཏིག་ཏིག་གི་ཉལ་ཐུལ་ཞིག་ཏུ་གྱུར་སོང་བ་བཞིན་བློ་གྲོས་ཀྱི་ལུས་སེམས་གཉིས་ཡོངས་སུ་མནན་སོང་།
      ཕྱིར་སད་དུས། ཕྱི་དྲོའི་དུས་ཚོད་ལྔ་བ་ཙམ་ལ་ཐོན་འདུག ཕལ་ཆེར་ཉིན་གང་བོར་གཉིད་ཟིན་པ་འདྲ། ཁོས་དེ་ལྟར་རང་ལ་ལེ་བདའ་ཞིག་བྱས། དེ་ནས་ཉལ་ཁྲི་ལས་བབས་ཤིང་ལྷམ་གྱོན། ལག་པས་མགོའི་སྐྲ་གཟེངས་པ་རྣམས་མནན་ཙམ་བྱས་རྗེས་སྒོར་རྒྱུགས་སོང་།
      ལམ་བར་ནས་མི་མང་པོ་ཞིག་གིས་རང་ལ་ལྟ་བཞིན་པ་ཚོར། དེས་ཁོ་ལ་དོགས་མི་བདེ་བའི་ཚོར་བ་ཞིག་བྱིན་སོང་། ཁོ་ད་རུང་དམིགས་སའི་གནས་དེར་མ་སླེབས། དོན་དག་མང་པོ་ཞིག་ཁོའི་བྲང་ཁོག་ནས་འཚང་ག་བརྒྱབ་བྱུང་སྟེ། སྒྲོལ་མས་བཤད་པ་བདེན་ནམ། བདེན་ན་མོའི་མཛའ་གྲོགས་སུ་ཞིག་ཡིན་ཨང་། ཨ་ཕས་སང་ཉིན་སྒོར་མོ་བསྐུར་ཡོང་ན་ཅི་མ་རུང་། ཚེ་རིང་དང་བན་ཆེན་མཚོ་གཉིས་ད་རུང་འགྲིག་ཡོད་སྲིད་དམ། རྡོ་རྗེའི་དོམ་དེ་ཅི་བྱ་དགོས། དེ་སྔོན་ཉོས་པའི་རྒྱབ་མདུན་གཉིས་ཀར་ཨ་རིའི་རྒྱལ་དར་ཡོད་པའི་ཚི་ལེན་དེ་སུས་འཁྱེར་སོང་བ་ཡིན་ནམ། ཨ་ཨ། ཅི་བྱུང་སོང་།
                                                           2014/11/14ཉིན་ནས15ཉིན་བར།

ལམ་འཕྲད།

       དབྱར་ཟླ་ཚར་སློག་འདྲ་བ་དེ་མིག་རྡེབ་ཡུན་གྱི་ཙམ་ལ་ཅི་ཡིན་འདི་ཡིན་མེད་པར་རྫོགས་སོང་། ད་ནི་སྟོན་རླུང་བསིལ་བོ་ཞིག་གྲོང་ཁྱེར་གྱི་གྲུ་ཟུར་ག་སར་ཁྱབ་འདུག
       མཐོ་རྒྱུ་མེད་པའི་ཁང་བརྩེགས་དང་ཁང་ལེབ་སྣ་ཚོགས་ལམ་གྱི་གཡས་གཡོན་ནས་བསྟར་ཕྲེང་བསྒྲིགས་ཤིང་། མི་དག་སྤྲང་བོ་ཚོས་ཅི་ཞིག་འཐོབ་འདོད་ཀྱི་རེ་བ་ཕྲ་མོས་ཁ་མིག་ཆེར་གདངས་པ་དང་འདྲ་བའི་ཚོང་ཁང་གི་མདུན་དུ་ཁོམ་ལོང་མེད་པར་ཕར་འགྲོ་ཚུར་འགྲོ་བྱེད་བཞིན་འདུག་ལ་ནུབ་ཁའི་མཚམས་སྤྲིན་གྱི་གསེང་ནས་ཉི་མ་དམར་པོ་དེས་ཀྱང་མིག་ཟུང་རིག་རིག་གིས་ཁོ་ཚོའི་བྱ་བྱེད་ལ་གཟབ་ལྟ་བྱེད་ཞོར་རང་གི་མལ་དུ་ལོག་རྩིས་བྱེད་བཞིན་པ་འདྲ། དེ་དུས་ང་དང་ངའི་གྲོགས་པོ་གཉིས་ཀྱང་ཁོ་ཚོའི་གྲས་སུ་ཚུད་ཡོད་དེ་ངེད་གཉིས་ཀྱིས་ཀྱང་གཡས་ལྟ་གཡོན་ལྟ་བྱེད་ཞོར་གྲོང་ཁྱེར་གྱི་འདུ་འཛིའི་ཁྲོད་ན་ཉུལ་བཞིན་ཡོད།
       གློ་བུར་དུ་ཁོ་བོས་འཕྲུལ་འཁོར་གྱི་འུར་ཟིང་ཁྲོད་ནས་བུད་མེད་ཅིག་མཐོང་བྱུང་། མ་རེད། གཞོན་ནུ་མ་དེས་ང་རང་མཐོང་བྱུང་། དེ་ཡང་མ་རེད།ང་རང་མཛེས་མ་ཞིག་ལ་འཕྲད་བྱུང་།
       སྐད་ཅིག་མ་དེ་ལ་ངས་མོ་ལས་གཞན་སུ་ཡང་མཐོང་མ་སོང་། ཐ་ན་རང་གི་འགྲོ་རོགས་ཀྱང་བརྗེད་ཟིན། མོའི་མིག་ཀོང་ཆུང་ཆུང་དེ་རུ་ཤིན་ཏུ་ཟབ་པའི་བརྩེ་བ་ཞིག་འཁྱིལ་འདུག་སྙམ་པའི་ཡིད་ཆེས་ཤིག་སྟེར་ལ་མིག་མདངས་ཞིམ་པོ་དེ་ཡིས་མོ་ནི་རང་བཞིན་བཟང་ལ་གཤིས་རྒྱུད་འཇམ་པའི་གཞོན་ནུ་མ་ཡ་རབས་ཤིག་ཡིན་ཟེར་བའི་བརྡ་སྤྲད་པ་འདྲ། དྭངས་གསལ་གྱི་ཆུ་བཞིན་གྱི་བཞིན་རས་དེ་ལས་དཔག་མི་བཏུབ་པའི་འཛུམ་མདངས་ཕྲ་མོ་ཞིག་ཕྱིར་མངོན་བྱུང་ལ་ཅུང་སེར་མདོག་ཏུ་སྣང་བའི་དཔྲལ་བའི་སྐྲ་ལོ་དག་ལ་རླུང་བུས་བརྡར་ཙམ་གྱིས་གཡས་ནས་གཡོན་ལ་གཡུག་རྗེས་ཕྱིར་གཡས་ཕྱོགས་སུ་ཁུར་ཡོང་སྟེ་རང་སར་བབས་སོང་། ངས་མོ་ངོ་ཤེས་སམ།ཤེས་མི་སྲིད། ཕལ་ཆེར་ངས་དེ་སྔོན་ཞིག་ལ་མཐོང་མྱོང་བ་འདྲ། ཧེ་ཧེ། དེ་འདྲ་ཞིག་ཡིན་མི་སྲིད། དེ་ན་མོས་ང་རང་ངོ་ཤེས་པ་ཡིན་ནམ། ཡང་ན་མོས་ང་རང་མཐོང་མྱོང་བ་ཡིན་ནམ། མོའི་གདོང་གི་ཉམས་ལ་ལྟོས་དང་ཤིན་ཏུ་གཟབ་ནན་ཏུ་སྣང་། ཧ་ཧ། དེ་ཡང་མི་སྲིད་ཁོ་ཐག་རེད།
       ཡིན་ཡང་། གྲོགས་པོས་ང་རང་དྲུད་སོང་། ང་ལ་ཡང་ཐབས་མེད་སོང་། འོན་ཀྱང་། མོ་སྔར་བཞིན་གནས་དེ་དང་ཁ་མ་བྲལ། ཕལ་ཆེར་རླངས་འཁོར་ཞིག་གམ་མི་ཞིག་ལ་སྒུག་ཡོད་པ་འདྲ། སྲབ་ཅིང་འཇམ་པར་སྣང་བའི་ཚི་ལེན་གྱི་ཐུ་བའི་སྣེ་གཅིག་རླུང་གི་དབང་གིས་ཕར་གཡུག་ཚུར་གཡུག་བྱེད་བཞིན་གདའ་ལ། མཚམས་ཤིག་ལ་ཁ་པར་རྣ་སྒོར་སྦྱར་ཏེ་མགོ་སྒུར་ནས་སུ་ཞིག་ལ་སྐད་ཆ་ལབ་བྱུང་། དེ་ལྟར་ང་རང་མོ་དང་ཁ་ཐག་ཇེ་རིང་ནས་ཇེ་རིང་དུ་ཕྱིན་སོང་། ཡིན་ཡང་རླངས་འཁོར་ཆེ་ཆུང་སྣ་ཚོགས་སྔར་བཞིན་མོའི་འགྲམ་ནས་འཚང་ག་རྒྱག་བཞིན་འདུག
       ཉི་ནུབ་གྱི་ཁྲོད་ནས་ང་དེ་ལྟར་མོ་དང་གྱེས། མཐའ་མར་མོ་རང་ཤུག་སྡོང་ཞིག་གིས་བསྒྲིབས་སོང་། དེ་ནས་ནག་ཐིག་གཅིག་ཏུ་གྱུར་སོང་། དེ་ནས་ངའི་ཕྱིར་མིག་ཡང་དེ་ནས་མཚམས་བཞག
       སྒྲུང་གཏམ་བྲིས་ནས་མཚམས་འདིར་སླེབས་དུས་ང་ལ་གློ་བུར་དུ་འཇིགས་སྣང་ཞིག་སྐྱེས་བྱུང་། དེ་ནི་ངོ་ཤེས་ཚོས་ཁོ་བོས་བྲིས་པའི་སྒྲུང་གཏམ་འདི་དངོས་བྲིས་སུ་སྒྲོ་བཏགས་ནས་ཁོ་བོ་འདུག་ཏུ་མི་བཟོད་པ་ཞིག་ཏུ་གཏོང་བ་དེ་རེད། ཡང་ཅུང་འཕྲོས་ཏེ་གལ་སྲིད་ཁོ་བོར་མཛའ་མོ་ཞིག་ཡོད་པའི་དབང་དུ་བཏང་ན། མོ་རང་གོ་ལོག་ཐེབས་ནས་ཁོ་བོ་དང་གྱེས་འགྲོ་སྲིད་པ་དེ་རེད། འོན་ཀྱང་། དགའ་འོས་པ་ཞིག་ལ་ཁོ་བོར་ཅི་ཡང་མེད་པས་འཇིགས་སྣང་དེ་ལས་ཆེ་བ་ཞིག་མྱོང་དགོས་མ་སོང་། ཧ་ཧ། གང་ལྟར་སྒྲུང་གཏམ་བྲིས་ནས་ཚར་སོང་བས་ད་ནི་རང་ཉིད་དགའ་ན་འོས་སམ། ཡིན་ཡང་ཕངས་སེམས་ཤིག་སྐྱེས་པ་ནི་སྒྲུང་གཏམ་འདིའི་ནང་གི་མཛེས་མ་འདི་རང་ཁོ་བོའི་སེམས་ཁོང་གི་ཡིད་འཕྲོག་ལྷ་མོ་དང་བསྡུར་ན་ད་རུང་ཤིན་ཏུ་ནས་བར་ཐག་རིང་སྟེ། རྒྱུ་མཚན་ནི་དེ་ནི་སྐད་ཆ་འབའ་ཞིག་གིས་བཞེངས་བསྐྲུན་བྱེད་ཐུབ་པ་ཞིག་མ་ཡིན་ལ། ཕལ་ཆེར་ཁོ་བོའི་སོར་རྩེ་ལས་ནམ་ཡང་ཡོང་དཀའ་བར་འདུག་པས་ཡང་སྐྱོ་བ་ཞིག་གིས་ཀྱང་རབ་ཏུ་གཙེས་བྱུང་ངོ་། །
       ངས་དེ་ལྟར་མུ་སྐྱོང་པའི་སྒང་ལ་གྲོགས་པོའི་ཁ་པར་ཐོན་བྱུང་།
       “ཨ་རོག གང་ན་ཡོད། ཅི་བྱེད་གི་ཡོད། སྲང་ལ་འགྲོའམ།”
       “ཅི་བྱེད་གི་འགྲོ་རྒྱུ་ཡིན། བྱ་བ་མེད་ལ།”
       “འགྲོ་དང་ཤེས་ནི་རེད། སྟབས་ལེགས་ན་ཡིད་འཕྲོག་ལྷ་མོར་འཕྲད་ནའང་ཐང་། ད་ཅི་མོ་གཅིག་པུ་སློབ་གྲྭའི་ཕྱི་ན་འགྲོ་བཞིན་ཡོད་ཐལ།”
       “ཨེ། ངོ་མ་ཡིན་ནམ།”
                                                                                   2014ལོའི་ཟླ9ཚེས27ཉིན་བྲིས་ཚར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།