ལོ་མཐའི་སྡོང་ལོ་ཁེར་སྐྱེས།
ལག་པའི་སོར་མོ་ནས་བཟུང་སྟེ།།
གཡུ་ལོའི་སྲུབས་ཁ་ཡི་བར་ན།།
སྨྲེང་བའི་རོལ་དབྱངས་ཤིག་ཐོས་ཏེ།།
ལུས་པོའི་ནང་རིམ་ནས་འཁྲོལ་བྱུང་།།
སྡོང་མའི་རྩ་བ་ནས་རལ་ཞིང་།།
ཡལ་གའི་ལོ་མ་འང་སེར་བའི།།
ལོ་མཐའི་ལྕང་མ་དེ་ཁེར་སྐྱེས།།
རྒན་པོ་ལོ་ལོན་འདི་གཅིག་པུ།།
དཀར་གསལ་དུང་ཟླ་འདི་མཛེས་པས།།
སྣང་བའི་མེ་ཏོག་ཀྱང་འབུས་ཏེ།།
ཚོར་བའི་ཁ་དོག་དེ་བཞད་ན།།
ཆིག་ལབ་སྐྱ་བོ་འང་དྲན་འོང་།།
གནད་དུ་སྨིན་པ་ཞིག་མ་རྙེད།།
ལོ་ཟླ་ལྕག་གིས་ཀྱང་མ་སྐུལ།།
རེ་དོག་ཕྲེང་བ་ཡིས་བརྒྱུས་པའི།།
མི་ཚེ་ཁོ་ཐག་ཀྱང་མ་ཆོད།།
དགུན་གསུམ་ལྷག་རླུང་འདི་ལྡང་བས།།
རུལ་གོག་ཕྱི་ཤུན་ཡང་གཙེས་བྱུང་།།
ན་ནིང་ལོ་མ་དེར་བྲིས་པའི།།
དགའ་བའི་ཡིག་རིས་ཀྱང་དེངས་སོང་།།
དལ་གྱིས་རླུང་བུ་ཞིག་འཕུར་ཏེ།།
ཁོ་བོའི་པང་ཁུག་ན་བསྔས་བྱུང་།།
ལོ་ཟླ་མང་པོ་རུ་མ་མཇལ།།
དཔྱིད་ཀྱི་དཔལ་ཡོན་དེ་ཡིན་ནམ།།
འགྲོ་འོང་འཚུབ་ཁ་འདི་རྒྱས་པས།།
ང་དང་འདུན་པ་ཡི་བར་ལ།།
གྲེ་ལས་ཕྱུང་བ་རང་མིན་པའི།།
རི་བོའི་བྲག་ཅ་དེ་ཐོས་སྐད།།
སེམས་དང་དད་པ་གཉིས་འདྲེས་པའི།།
རང་སྣང་ལྷར་བསྲེ་རང་འོང་ན།།
ཤིང་གི་སྐྲ་ཤད་དེ་བོར་བས།།
གཙུག་གི་རལ་བ་འདི་འཕྱིང་འགྲོ།།
ལྡེབས་ངོས་སྨིག་རྒྱུ་ཞིག་མཆེད་དེ།།
ཤིང་སྡོང་ཁེར་སྐྱེས་ཤིག་བྲིས་སོང་།།
མིག་ལ་འདྲེས་བ་རང་བྱུང་ན།།
རྟོག་པའི་བལ་སྐུད་ཅིག་གྲུབ་འགྲོ།།
ཁ་བ་མ་བབས་པའི་མཚན་མོ།།
གྲང་ངར་ལྷག་ལྷག་ཏུ་འཕྱོ་ཡང་།།
རླུང་བུས་དྲིལ་བ་ཡི་ཤོག་ལྷེར།།
སྨྱུ་གུའི་རྐང་རྗེས་འདི་དོད་འོང་།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com