ཆང་དང་མིག་ཆུ།

རྩོམ་པ་པོ།:བྱ་མདོ་དོན་གྲུབ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-10-15 09:11:00 ཀློག་གྲངས།:

ཆང་དང་མིག་ཆུ།
2005ལོའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་ཕུལ།
    བྱ་མདོ་དོན་གྲུབ་ཚེ་རིང་། མཚོ་སྔོན་མི་རིགས་སློབ་ཆེན།

     འདས་ཟིན་པའི་སྤྱི་ལོ་དེའི་བྲང་ཁོག་ན་ངས་མི་ཡུལ་དུ་ཕུལ་བའི་ཚོར་བ་དག་གཙང་གི་གཏམ་རྒྱུད་ཅིག་བཞུར་གྱིན་ཡོད། གཏམ་རྒྱུད་དེ་ལོ་ཟླའིགཙང་ཆེན་གྱིས་ཁུར་ཞིང་དྲན་པའི་གདུང་སེམས་ཀྱིས་མནོན་ནས་མི་ལོ་བརྒྱད་ དགུ་ལྷག་འགོར་ཟིན་ནའང་། སྤྱི་ལོ་འདིའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་ངས་ཁ་ཁུ་སིམ་མེར་རྒྱང་རིང་གི་གྲོང་ཁྱེར་ཞིག་ནས་གཟབ་ཉན་ཞིག་བྱས་ཚེ། ང་ཅིས་ཀྱང་སྤྱི་ལོ་ཉིས་སྟོང་ལྔ་ལོའི་སྡེ་གྲོང་ཞིག་གི་དཀྱིལ་དབུས་སུ་སྟོབས་ཀྱིས་འགྱིང་བའི་སློབ་ཆུང་ཞིག་གི་འདས་པའི་པང་ཁུད་ལ་ཐེངས་ཤིག་ལོག་དགོས་སོང་།
                                                        ་་་་གླེང་གཞིའི་ཚབ་ཏུ།
     རྒྱང་ནས་བལྟས་ཚེ་བར་སྣང་གི་བྲང་ངོས་སུ་སྤྲིན་ནག་ཚོམ་བུ་ཞིག་ཧ་ཅང་ལྷིང་འཇགས་ཀྱིས་ཆགས་ཡོད་པ་ལྟ་བུ་དེ་ནི་སྡེ་གྲོང་འདིའི་དབྱར་གཞུང་གི་སྒལ་བར་འབུས་པའི་སྣུམ་ཤིག་ཤིག་གི་ལྗོན་པ་དག་རེད།
     ཉི་འོད་ཧ་ཅང་འཇམ་ཅག་གིས་འཕྲོས་པའི་གསེང་དུ་བསེར་རླུང་གི་རྒྱུ་བ་ཤིན་ཏུ་ཕྲ་བས་འགུལ་མེད་དུ་གནས་པའི་ལྗོན་པའི་ལོ་འདབ་ཀྱི་སྟེང་དུ་འོད་ཀྲིག་ཀྲིག་བྱེད་པ་དེ་ནི་སུ་ཞིག་གི་མིག་ཀོང་ནས་འཛུམ་པའི་མཆི་མའི་དོག་པ་རེ་རེས་ཅི་ཞིག་གི་ན་ཟུག་མ་ཐེག་པར་མིག་མཐའ་ནས་ལྷག་སོང་བ་ལྟར་སྣང་ཡོང་།
     ལོ་འདབ་ཀྱིས་ཉི་འོད་བསྒྲིབས་པའི་གྲིབ་གཟུགས་དག་ནི་སྲང་ལམ་སྟེང་གི་འཆར་ཡན་སྣ་ཚོགས་ཀྱིས་ཕྱུག་པའི་སྡེ་མི་ལྟད་མོ་དེ་དག་དང་ཡོང་ས་སུ་མཚུངས་པར་ཡོངས་སུ་བགད་འདུག་ལ་ནམ་རྒྱུན་སྲང་ལམ་གྱི་གྱང་རྩ་གང་རུང་དུ་ཉི་མར་ལྡེ་བའམ་གྲིབ་བསིལ་འཚོལ་བའི་སྡེ་མི་ཚོ་དང་ཡང་ཁྱོན་ནས་མི་འདྲ་བར་འགྱུར་འདུག་པ་ལྟར་སྣང་། དེ་ནི་ལོས་ཡིན་ཏེ། དེ་རིང་ནི་སྤྱི་ལོ་འདིས་ང་ཚོ་བྱིས་པ་ཚོར་བསུས་འོངས་པའི་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཟེར་བ་དེ་རེད། སྤྱིར་ང་ཚོ་བྱིས་པ་ཚོས་དུས་ཆེན་འདིའི་འགོ་ཚུགས་ས་དང་ཡང་ན་འདིའི་ཕག་ཏུ་དོན་སྙིང་དང་ཕན་འབྲས་ཀྱི་གྲིབ་གཟུགས་ཅི་ཞིག་བསྐུངས་ཡོད་པ་མི་ཚོར་ནའང་། ང་ཚོས་དུས་ཆེན་འདིས་ལྷག་བསམ་ཟོལ་མེད་ཀྱིས་ཕུལ་འོངས་པའི་དགོད་སྒྲ་དང་སྤྲོ་སྣང་ལ་དད་མོས་བྱེད་ཀྱི་ཡོད།
     ཉིན་འགའི་སྔོན་ནས་ཞོགས་འུར་ལངས་ཏེ་གྲ་སྒྲིག་ནུས་ཚོད་ཅིག་བྱས་ཡོད་པའི་ང་ཚོ་བྱིས་པ་ཚོས་ད་ནངས་སྔ་མོ་ནས་འཕྱོར་ལྭ་གྱོན་ཅིང་སློབ་གྲྭའི་རྩལ་སྦྱོང་ར་བ་རུ་སོང་ནས་འཛུམ་གྱིས་ཁེངས་པའི་དུས་ཆེན་ཞིག་བསུ་བར་ལྟ་གོན་བྱས།
     མི་ཚེ་འདིའི་ཐེངས་དང་པོར་སློབ་གྲྭ་ཞེས་པ་ཞིག་གི་སྒོ་ཁར་རྡོག་སྣེ་གཏད་སའི་སློབ་གྲྭའི་སྒོ་ཆེན་ཁ་རུ་ད་རག་བར་ཙད་གྱིས་རྒོལ་ཅིང་ཙག་གིས་བསྣུན་ནས་གདོང་པ་ཧྲིལ་བོར་སོལ་ནག་གི་ཁུ་བས་བྱུགས་འདྲའི་སྡེ་མི་རྒན་གཞོན་ཚོས་ཅི་ཞིག་མཐོང་འདོད་ཀྱི་འདུན་པས་འཚང་ཁ་ཤིག་ཤིག་བྱེད་ཀྱིན་འདུག་ལ་དེ་དང་བསྟུན་ནས་ངའི་སེམས་ཀྱི་དྲན་པའང་ཁོ་ཚོའི་འཚང་ཁའི་ཁྲོད་དུ་དྲུད་ནས་བུད་སོང་།
     ང་ཚོ་བྱིས་པ་ཚོས་རྩལ་སྦྱོང་ར་བ་ནས་སློབ་གྲྭའི་དབྱར་སྡོང་གཉིས་ཀྱི་འོག་ཏུ་མདུན་ཅོག་མང་པོ་གྲལ་འགྲིག་པར་བསྒྲིགས་ཡོད་པའི་སྟེང་དུ་ཟས་ཀྱི་སྡེར་ཁས་ཡུལ་ཚོ་སྲིད་གཞུང་གི་འགོ་ཁྲིད་མི་དྲག་ཚོར་ཐུགས་དགྱེ་དགྱེ་དང་ཞལ་འཛུམ་འཛུམ་བྱས་སུ་བཅུག་ཡོད་པ་ལ་ངེད་ཅག་གི་དགེ་རྒན་ཚོས་་ཇ་འདྲེན་ཆང་འདྲེན་དུས་གཅིག་ཏུ་བྱེད་ཀྱི་ཡོད་པར་བལྟས་ནས་བསྡད།
     མཚམས་ཤིག་ལ་ངེད་ཅག་གི་དགེ་རྒན་བློ་བཟང་གིས་དེ་རིང་གི་དུས་ཆེན་དངོས་སུ་འགོ་རྩོམ་རྒྱུ་ཡིན་པའི་བརྡ་བཏང་བྱུང་། ང་ཚོས་རང་རང་ས་ནས་གྲིམ་རིལ་ཞིག་བརྒྱབས་ཏེ་གྲལ་བསྒྲིགས་པ་དང་། དུས་ཆེན་གྱི་ཁ་གཡང་སྒྲོག་ཞོར་རིག་རྩལ་གྱི་སྒོ་གླེགས་དངོས་སུ་ཕྱེས་པ་ཡིན།
     སྡེ་བ་འདི་ཡང་ཞིང་ཕྱུགས་མཉམ་གཉེར་གྱི་ས་ཆ་ཞིག་ཡིན་ལ། ལོ་ཧྲིལ་བོར་སྡེ་དཔོན་གྱིས་སྡེ་བའི་གཞུང་ལ་ཚོགས་འདུ་བསྐོངས་པའི་གོ་སྐབས་ཤིན་ཏུ་ཉུང་བས། རྒྱུན་པར་འདི་དང་འདི་ལྟ་བུའི་དུས་ཆེན་ཆེན་མོའམ་སྡེ་བའི་བྱ་འགུལ་ཙག་ཙིག་གི་གོ་སྐབས་སྤྱད་ནས་ཐོག་མར་སྡེ་དཔོན་གྱིས་གཅིག་གོ་གཉིས་ཆོད་ཀྱི་་གཏམ་བཤད་ཅིག་སྤེལ་དགོས་པ་ནི་སྡེ་བ་འདིར་མཚོན་ན་རྒྱུན་སྲོལ་ཞིག་ཅི་ལ་མིན། སྡེ་དཔོན་གྱིས་སྡེ་བའི་ངན་ཕྱོགས་མི་ཚུད་པའི་གཏམ་བཤད་ཅིག་སྤེལ་བ་ན། དེར་ཡོད་ཀྱི་སྡེ་མི་ཚོར་ཉི་འོད་ཀྱི་ཚ་དུག་ཕོག་པའམ་རྒྱུ་རྐྱེན་གང་ཡིན་མི་ཤེས་མོད། གང་ལྟར་ནག་རིད་དུ་གྱུར་བའི་གདོང་ལ་ཉོབ་མདངས་བསམ་གྱིས་མི་ཁྱབ་པ་རེ་མཚམས་ཚིགས་མེད་པར་ཤར་འདུག
     སྤྱིར་ཡིན་ན་སྡེ་དཔོན་གྱིས་ཚོགས་འདུ་བསྐོངས་ས་ཞིག་ཡིན་ཚེ་རྒད་པོ་ཀུན་ཐར་གྱིས་ཀྱང་འཁྱོངས་མི་འཁྱོངས་ཀྱིས་སྡེ་དཔོན་གྱི་སྐད་ཆར་བསམ་ཚུལ་རེ་བཤད་སྲིད་མོད། འོན་ཀྱང་། དེ་རིང་ངས་ཁོ་མཐོང་མ་བྱུང་། ཐ་ན་ཁོ་ཚང་གི་མི་གཅིག་ཀྱང་མཐོང་མ་སོང་། ང་ཚོ་དུས་ཆེན་གྱི་སྤྲོ་བར་འཐམས་ནས་ཉིན་གུང་ཡོལ་བ་ན། ཡུལ་ཚོ་སྲིད་གཞུང་གི་འགོ་ཁྲིད་དེ་ཚོའང་ཨ་རག་གིས་ར་རོར་གྱུར་ཏེ་ངེད་ཅག་གི་དགེ་རྒན་ཚོས་གཡས་བསྐྱོར་གཡོན་བསྐྱོར་གྱིས་སློབ་གྲྭའི་ཇ་ཁང་གི་ཕྱོགས་སུ་བུད་སོང་ལ་ང་ཚོའང་རང་རང་སར་ལོག་པ་དང་ཡུལ་མི་ལྟད་མོ་བ་ཚོའང་རང་མལ་དུ་ལོག་སོང་། ངས་ད་དུང་ཅི་ཞིག་གི་ཧ་མ་གོ་བ་ལྟར་རྩལ་སྦྱོང་ར་བ་རུ་ལྷག་བསྡད་དུས།  སློབ་གྲྭར་ཞུགས་མ་ཐུབ་པར་རི་ཁ་གང་ཞིག་ནས་ནོར་ནག་དང་ལྷན་དུ། ཡང་ན། ལུག་ཁྱུ་དང་ལྷན་དུ་ལྷག་སོང་བའི་ངའི་ཆུང་འདྲིས་གྲོགས་པོ་ཞིག་ངའི་གམ་དུ་ཡོང་ནས་ ཁྱོད་ཀྱིས་ཤེས་ཡོད་དམ་ཟེར། ངས་ཅི་ཡིན་མ་ཤེས་པར་ཡོད་དུས་ཁོས་ང་ལ་ཁ་སྣོན་གྱི་ཚུལ་དུ་མོ་དེ་རིང་གནས་ལ་བུད་སོང་། མོའི་ཨ་ཕའི་ཆང་ཤག་་ཚང་གི་བུའི་ཆུང་མར་བརྫངས་སོང་ཟེར། ངས་གྲོགས་པོར་ལན་ཅི་ཡང་མ་བྱིན་པར་སློབ་ཁང་གི་ཕྱོགས་སུ་ཡོང་བ་ཡིན།  ང་ཡོང་ཤུལ་དུ་ཁོས་ད་དུང་ངའི་རྗེས་ལ་ཅེར་འདུག་ལ་དེ་ལས་ང་ལ་ ཁྱོད་ལའང་ཁག་མི་འདུག འོན་ཀྱང་། སྡེ་གྲོང་འདིའི་ལུགས་སྲོལ་གྱི་མཚོ་མཐར་ང་ཚོ་སུ་ཡང་འབུད་ཐབས་མེད་པས་ང་ཚོས་ནམ་ཡང་སྐྱོ་གར་འཁྲབ་དགོས་པ་རེད་ཅེས་ང་ལ་སེམས་གསོ་བྱེད་ཀྱི་ཡོད་པ་དང་འདྲ་བྱུང་། ངས་སློབ་ཁང་གི་སྒེའུ་ཁུང་ལས་སྟོང་འཇགས་སུ་ལུས་ཡོད་པའི་རྩལ་སྦྱོང་ར་བར་ཅེར་ནས་བསྡད། ཆུང་དུས་སུ་རྩལ་སྦྱོང་ར་བ་ལྟར་ཁོད་སྙོམས་པོ་མེད་པའི་ལུང་གྲོག་མང་པོའི་དམའ་ས་ནས་ངོ་ཤེས་སུ་གྱུར་ཅིང་། འཚར་ལོངས་ཀྱི་གོ་རིམ་ཁྲོད། རིམ་བཞིན་ཚེ་སྲོག་གི་གཏིང་ཟབ་པའི་སྐྱེད་ཚལ་དུ་ལྷུང་བའི་མེ་ཏོག་ཅིག་བཙན་གྱིས་བརྙིད་པར་བཏང་བར་སེམས་གཏིང་ནས་ན་ཟུག་བཟོད་དུ་མེད་པ་ཞིག་འགོག་མེད་་དུ་འཕྱུར་ཡོང་། ན་ཟུག་དེས་ང་ལ་ཕྱིར་དྲན་གྱི་མེ་ལོང་ཆེན་པོ་ཞིག་ཀྱང་བཟོས་བྱུང་། ང་རང་མེ་ལོང་དེའི་མདུན་ཐད་ནས་ཙོག་པར་བསྡད་དེ་ལས་དབང་གིས་མེ་ལོང་ངོས་སུ་ཆགས་པར་བྱས་ཡོད་་པའི་བརྩེ་དུང་གི་ས་རྡུལ་གྱི་ཡོལ་བ་རེ་རེ་དལ་གྱིས་ཕྱེ་བ་ན། ན་ཆུང་གི་སེམས་ཀྱི་རི་ལུང་དུ་བཞད་པའི་མེ་ཏོག་གི་འདབ་མ་རེ་རེར་མིག་ཆུ་ལྟ་བུའི་དུངས་སེམས་ཀྱི་ཟིལ་ཆུ་དྭངས་མོ་རེ་ལྷོད་ཀྱིས་བབས་འདུག་ཅིང་། འབྲོག་ཐང་གི་སེམས་པ་དྭངས་མོ་གཉིས་ལྷན་དུ་སྦྱར་ཤུལ་གྱི་རྨ་ཁ་གསལ་བོ་ཞིག་ཀྱག་ཀྱོག་གི་ཕྱིར་ དྲན་བརྒྱུད་ནས་དྲན་འཛིན་གྱི་མེ་ལོང་ངོས་སུ་འོད་ཀྱིས་འཚེར་བྱུང་། ངས་མུ་མཐུད་དུ་རྨ་ཁའི་གསེང་དུ་འཐིམས་པའི་ཁྲག་ཐིགས་ཀྱི་གཏམ་རྒྱུད་མང་པོ་བཀླགས་ནས་བསྡད།
     རྒད་པོ་ཀུན་ཐར་གྱིས་རྒྱུན་པར་ང་ལ་དོན་དག་ཕྲན་ཙམ་ཡིན་ཡང་སྡིགས་མོ་བྱེད་པ་ལའང་ནང་དོན་ གཞན་ཞིག་ཡོད་པ་འདྲ་བྱུང་།
     གུང་གསེང་གི་དུས་ཚོད་ཀྱིས་ང་ལ་བསམ་གཞིགས་ཀྱི་བར་སྟོང་ཆེན་པོ་ཞིག་སྦྱིན་པས། ངས་ཀྱང་བར་སྟོང་དེ་ནས་རྒད་པོ་ཀུན་ཐར་ཚང་དེ་རིང་གི་དགའ་སྟོན་འདིར་ཡོང་མེད་པའི་རྒྱུ་མཚན་རྙེད་ཅིང་། རྒད་པོ་ཀུན་ཐར་ཚང་དེ་རིང་གི་རི་ཚོགས་མང་པོ་ཞིག་གི་ཕ་རོལ་ན་མིག་ཆུ་དང་ལྷན་དུ་འུར་ཟིང་ལ་གཡེང་ཡོད་པར་ཚོད་བགམ་བྱས།
     སླར་ཡང་སྡེ་བའི་མི་ཚོགས་ཀྱི་འདུ་འཛི་དེ་མི་ཞིག་གི་སྐྱོ་སྡུག་གི་ངུ་ཤུམ་དང་འདྲ་བར་སློབ་གྲྭའི་སྒོ་ཆེན་ལས་བཞུར་ཏེ་རྩལ་སྦྱོང་ར་བར་འཁྱིལ་བ་ན། སྔར་ལས་ཀྱང་ར་བཟི་བར་གྱུར་ཏེ་ཁ་ཆུ་སྣ་ཆུའང་འཛར་གྱིན་པའི་ཡུལ་ཚོའི་འགོ་ཁྲིད་དེ་ཚོའང་ངེད་ཅག་གི་དགེ་རྒན་ཚོས་དྲ་མ་དྲུད་ཀྱིས་བསྐྱོར་ཏེ་སློབ་གྲྭའི་དབྱར་སྡོང་གཉི་གའི་འོག་གི་སྲིད་འཛིན་  སྟེགས་བུར་སླེབས་བྱུང་།
     ཟང་ཟིང་ལང་ལོང་དུ་གྱུར་ནས་ཅུང་ཙམ་འགོར་བའི་སྐབས་ཤིག་ལ། དབྱར་སྡོང་གི་ཡལ་གར་བཏེགས་པའི་སྒྲ་སྒམ་དེ་ལས་བཟི་སྐད་དང་ཁེངས་སྐད་ལྷན་དུ་སྦྱར་བའི་གླུ་སྐད་ཅིག་གྲགས་བྱུང་། དེ་ནི་སྡེ་བ་འདིར་ད་རག་བར་བྱུང་མ་མྱོང་བའི་དོན་དག་ཅིག་ཡིན་པ་འདྲ་བྱུང་།
     ཡུལ་མི་ལྟད་མོ་ཚོའི་ད་སྔོན་གྱི་འུར་ཟིང་གི་ཚོགས་ར་དེ་སྒྲ་སྒམ་ལས་གྲགས་པའི་ལ་གཞས་དེས་གློ་བུར་དུ་འཇམ་ཅག་གེར་བཏང་སོང་།  རེད་ཨང་། འགོ་ཁྲིད་ཚོས་མང་ཚོགས་ལ་གཏམ་བཤད་ཆོག་ལ་གཤེ་གཤེའང་བཏང་ཆོག འགོ་ཁྲིད་ཚོས་མང་ཚོགས་ལ་རྫིག་ཉམས་བསྟན་ཆོག་ལ་ཕ་བུ་མ་བུ་ལྷན་དུ་འཛོམས་ས་ནས་ལ་གཞས་ཀྱང་བཏང་ཆོག འགོ་ཁྲིད་ཚོས་མང་ཚོགས་ལ་རྫིག་ཉམས་བསྟན་ཆོག་ལ་མཛུབ་སྟོན་ཡང་བྱས་ཆོག ཤི་ཤུལ་བླ་བརྡུང་རྒྱུ་ཚོ།ཕ་ཚེ་བུའི་རིང་ལ་ཅང་གིས་ཕ་མ་བུས་ཕྲུག་ལྷན་དུ་ཡོད་ས་ནས་གླུ་རྒན་ལེན་མ་མྱོང་ །ཟེར་ཞོར་གོང་གི་འགོ་ཁྲིད་ཚོའི་སྟེང་ལ་ཤོར་ནས་ཉོག་དཀྲིགས་སོང་།
     སྐབས་དེར། ང་ཚོ་སློབ་མ་ཚོ་ནི་མིའི་རིགས་ཀྱི་ཁ་ལོ་བར་གྲགས་པའི་དགེ་རྒན་ཚོས་རང་རང་སར་གྲོལ་དུ་བཅུག་སོང་། ངས་འགོ་ཁྲིད་དེས་བླངས་པའི་ལ་གཞས་དེ་སེམས་ནས་ཡང་ཡང་ཟློ་བཞིན་སློབ་ཁང་གི་གྲུ་ཟུར་དེ་ནས་ལུས་སོང་། ང་རང་སློབ་ཁང་གི་གྲུ་ཟུར་དེ་ནས་ཕྱིར་འབུད་དུས། སློབ་གྲྭའི་ཁོར་ཡུག་ཧྲིལ་བོ་ལྷིང་འཇགས་ཀྱིས་མིད་འདུག་ཅིང་། ནུབ་ལ་ཉེ་བའི་ཉི་ཟེར་ཕྲ་མོ་ཞིག་གི་ཀློང་དུ་ངའི་དྲན་པ་སིམ་ནས་འདུག་ལ། དྲན་པ་མག་མོག་གི་ཁྲོད་དུ། སྒོ་ཁར་རྟ་ཕོ་མང་པོ་ཞིག་བཏགས་འདུག་པའི་འབྲོག་ཁྱིམ་ཞིག་ལྷང་ལ་བུད་བྱུང་། རྣ་ལམ་དུ་ད་སོ་མ་འགོ་ཁྲིད་དེས་བླངས་པའམ། ཡང་ན། ངའི་དྲན་པའི་ཁྲོད་དུ་ཉར་བའི་འབྲོག་ཁྱིམ་འདིའི་ཡ་ཕུག་ཏུ་མིག་ཆུ་གདོང་པར་ཁུར་བའི་མོས་བླངས་མྱོང་བ་གང་ཡིན་མི་ཤེས་པའི་གླག་རག་མོ་འཁོར་ས་བྲག་དམར་ཐེམ།། བྲག་དམར་པོ་མ་འགུལ་མ་ཞིག་ན།།གླག་རག་མོ་འཁོར་ཀི་སྐལ་བ་ཡོད།། རོགས་འདང་ཆེན་འཁོར་ས་་་་་་།།ཟེར་བའི་ལ་གཞས་ཤིག་འཁོར་འདུག་པར་མ་ཟད།ངའི་དྲན་པ་མག་མོག་གི་ཀློང་དུ་རྒད་པོ་ཀུན་ཐར་གྱིས་ཁོ་མོའི་མིག་ཆུ་ལྟ་བུའི་ཆང་དཀར་དྭངས་མོ་ཞིག་སྒོག་སེར་མིད་པའི་སྒྲ་དེའང་གསལ་བོར་ཐོས་བྱུང་བ་འདྲ་ལ་མོས་གནས་ཡུལ་བརྒྱུད་པའི་ལམ་ཁ་ན་མིག་ཆུས་བྲིས་པའི་མོའི་ཟིན་ཐོ་ཧྲལ་ཧྲུལ་ཞིག་རླུང་གིས་འཁུར་བཞིན་པའང་འཁོར་བྱུང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།