རྡོ་རྗེ་རིན་ཆེན་གྱི་སྙན་རྩོམ《ཡིད་འཕྲོག་ལས་ཀྱང་ཡིད་འཕྲོག་མ》
ཡིད་འཕྲོག་ལས་ཀྱང་ཡིད་འཕྲོག་མ།
ཀན་ལྷོ། རྡོ་རྗེ་རིན་ཆེན།
ཕྱིར་མིག་དྲན་འཛིན་ཀློང་གི་ཡིད་འཕྲོག་མ།།
འཆི་མེད་བུ་མོའི་མཛེས་པ་ཡོངས་འདུས་ཀྱིས།།
འགྲན་མེད་ངོ་ཚ་སྐྱེངས་བས་བྲོས་ཚུལ་དེ།།
བརྒྱ་བྱིན་མཐོང་འཕྲལ་ཁྲོས་ནས་བཙན་བཀའ་ཡིས།།
མཛེས་བའི་མཆོག་གྱུར་ལྷ་མོ་དབྱངས་ཅན་མ།།
དཀར་མཛེས་རབ་བརྒྱན་ཟླ་བ་ལྷ་མོ་མཆོག །
མི་ཡུལ་མངགས་ཏེ་མཛེས་བ་སྲང་ལ་གཞལ།།
འཆི་མེད་ཡུལ་གྱི་མཛེས་བ་སྟོང་གྱུར་བས།།
བརྒྱ་བྱིན་ཡིད་གདུང་མགོ་ལ་ཁ་བ་ཆགས།།
དེ་འདྲའི་དཔལ་ལྡན་སྙིང་གི་ཡིད་འཕྲོག་མ།།
ཁྱོད་ཀྱི་ཆ་ཙམ་ཁོ་བོས་མགྲིན་ལ་གྱེར།།
ཟླ་ཟེར་ཁུ་བ་འཛག་དུས་ནམ་རྒྱུན་དྲན།།
ཞལ་ཁྱིམ་དཀྱིལ་འཁོར་རབ་རྫོགས་ཟླ་གཞོན་ལ།།
བྱུ་རུའི་ཚེ་དཔག་མེད་ཀྱི་མདངས་ཞེད་འདྲེས།།
བྱམས་བརྩེ་ཀུ་མུད་ཡལ་འདབ་འཁྲིགས་གྱུར་བས།།
སྙིང་གི་གདུང་བ་སྐད་ཅིག་གཞོམ་ནུས་ཅན།།
ཁྱད་པར་ལས་འཕགས་ཁྱད་པར་འཕགས་པའོ།།
མིག་དཀྱུས་རིང་བ་རི་དྭགས་མིག་ཅན་མ།།
གཡོ་བའི་ཟུར་མིག་སྐད་ཅིག་རབ་སྣང་གིས།།
དགའ་བའི་མཆི་མ་འཛག་པའི་མུ་ཏིག་འཐོར།།
ཁྱོད་ཀྱི་རང་བཞིན་ངོ་བོ་ཇི་ལྟ་བུ།།
མཁྱེན་རབ་ཡེ་ཤེས་སྤྱན་གྱིས་རྟོགས་མི་དགོས།།
ལྷུན་ཆགས་མཛེས་སྣང་རབ་འབར་ངོ་བོ་ཉིད།།
བསྡུས་པའི་མེ་ལོང་འདྲ་འདྲའི་མིག་ན་འཁྱིལ།།
ལྷོད་ཤ་ཆགས་པའི་མཆུ་སྒྲོས་འཇམ་གཉེན་ལས།།
དུང་སོ་སུམ་ཅུའི་མཛེས་པ་གར་དུ་བྱོན།།
རྣམ་རོལ་མཚོ་ཡི་པད་མོའི་ཡིད་འོང་ལྡན།།
རྐང་དྲུག་སྦྲང་རྩིར་སྲེད་པར་ཁག་ཅི་ཡོད།།
ཚིག་འཇམ་རྩུབ་རེག་བྲལ་བའི་ཚིག་གི་ཕྲེང་།།
མཚོ་བྱུང་ལྷ་མོའི་ངག་ནས་སྤེལ་བསམ་ཅི།།
ཀུན་ལ་སྤྲོ་བའི་དཔལ་སྦྱིན་ཡིད་འཕྲོག་མ།།
ཞི་དུལ་བག་ཡོད་བདུད་རྩིའི་ཡོན་ཏན་རྒྱུན།།
ཚངས་སྤྱོད་མ་ཡི་དཔལ་ལས་མངོན་པར་འཕགས།།
རང་བཞིན་དྲང་བོའི་ཚུར་སྨྲས་བདེན་གཏམ་ལ།།
གཞན་ཡིད་འཐད་པའི་དགའ་བ་ཅི་ཡང་འཕེལ།།
དྲང་སྲོང་ལས་ཀྱང་དྲང་སྲོང་རྣམ་པར་དག །
ཚངས་པའི་ཐིག་ཤིང་སྐད་ཅིག་འདར་བར་བྱེད།།
ངང་རྒྱུད་རིང་བས་མཛའ་བཤེས་ཡུན་དུ་བརྟན།།
གཤིས་འཇམ་གཞན་ཡིད་འགུག་པའི་ལྕགས་ཀྱུ་དེ།།
ཨ་འཇམ་ཚ་རུ་ཁུད་ལས་བཏོན་པ་བཞིན།།
དབང་ཤེས་སྣང་ངོར་འཇམ་པའི་བདེ་བ་འཕྱུར།།
གོམས་འགའ་ཕྱིར་བཀྱེད་ཁྲོད་ཀྱི་ཁོ་མོའི་གཟུགས།།
མིག་གི་ལོངས་སྤྱོད་ཡོངས་སུ་སྨིན་པར་གྱུར།།
མྱོས་བུམ་སྨིན་ལེགས་གང་གི་འབྲས་བུ་ལྟར།།
སྐོམ་པའི་མཆིལ་མ་མི་འཛག་རང་དབང་ཅི།།
ལུས་ཀྱི་འཁྲི་ཤིང་རྣམ་པར་གཡོ་བ་དེ།།
གཉེན་ལྕུག་ལྡན་པ་རླུང་གིས་བསྐྱོད་པ་བཞིན།།
ཨ་འཇམ་ཚ་རུའི་ཁུགས་ན་རྣམ་པར་མཛེས།།
བོད་པའི་བུ་མོའི་ཁྱད་ཆོས་འབུར་དུ་མངོན།།
རྩམ་དྲི་འོ་དྲིའི་རླངས་པ་ཐུ་ལུ་ལུ།།
རྒྱང་ནས་རྒྱང་རིང་གྱེས་ཏེ་ནག་ཐོམ་ཐོམ།།
ཁོ་བོའི་ཕྱིར་མིག་ཀློང་གི་ཡིད་འཕྲོག་མ།།
དབང་ཕྱུག་གཙུག་ཕུད་ཁྲོད་ཀྱི་གང་གཱ་བཞིན།།
ཐར་བའི་གོ་སྐབས་ནམ་ཡང་ཡོད་མིན་པས།།
མནར་བའི་འོ་དོད་གད་རྒྱངས་སུ་ལ་སྒྲོག །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com