སློབ་གྲོགས།

རྩོམ་པ་པོ།:ལྡོང་སྲ་ཨ་བྷེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-30 08:46:00 ཀློག་གྲངས།:
                                 སློབ་གྲོགས་ལས་ཀྱིས་བསྩལ་བའི་ལམ་གྲོགས་ཡིན།།
                                 སློབ་གྲོགས་ལས་ཀྱིས་བསྐོས་པའི་དཔུང་གྲོགས་ཡིན།།
                                 འདི་ལ་སྤུན་དང་འདྲ་བའི་ཤ་ཞེན་ཡོད།།
                                 འདི་ལ་གཉེན་དང་འདྲ་བའི་དུང་ཞེན་ཡོད།།

                                 སྐྱོ་ན་སྡུག་གི་དེས་བོ་བཅོལ་ན་ཆོག།
                                 སྤྲོ་ན་སེམས་ཀྱི་གླུ་ཆུང་བླངས་ན་ཆོག།
                                 མཁོ་ན་ལག་པའི་ཁྱོར་བ་སེལ་ན་ཆོག།
                                 རྒྱགས་ན་ཟས་ཀྱི་ལྷག་མ་བྱིན་ན་ཆོག།

                                 ཁོ་བོའི་སེམས་ན་ཁོ་མོའི་འཛུམ་མདངས་མཛེས།།
                                 ཁོ་མོའི་སེམས་ན་ཁོ་བོའི་བཞིན་མདངས་གསལ།།
                                 ཁོ་བོ་ཁོ་བོའི་སེམས་ཀྱི་གྲི་ཆུང་ཡིན།།
                                 ཁོ་མོ་ཁོ་མོའི་སེམས་ཀྱི་གཡུ་ཆུང་ཡིན།།

                                 དོན་ཡོད་དོན་འགྲུབ་ཐུགས་འདང་ཆེ་ནའང་།།
                                 གེ་སར་རྒྱ་ཚ་སྐུ་ཞེན་བདོག་ནའང་།།
                                 གསེར་མོ་དངུལ་མོ་ལྕམ་འདང་ཟབ་ནའང་།།
                                 སློབ་གྲོགས་བརྩེ་བའི་སེམས་ཀྱི་དོ་ཟླ་མིན།།

                                 སློབ་གྲོགས་བརྩེ་བ་མཐོན་པོའི་གངས་དང་འདྲ།།
                                 སློབ་གྲོགས་དུང་བ་དམའ་མོའི་མཚོ་དང་འདྲ།།
                                 འདི་ལ་ཁྲོ་ཐུང་ལྟ་བུའི་ཕྱི་ནང་མེད།།
                                 འདི་ལ་འཕྱོན་མ་ལྟ་བུའི་གསར་འགྲོག་མེད།།

                                 མདོ་མེད་འཁོར་སྣའི་འཚོ་བ་རོལ་ཚོརའང་།།
                                 དུང་བའི་སེམས་ཀྱི་ངོ་གདོང་གཉོར་བ་ཡིས།།
                                 ཅུང་པེང་ཁྱུར་དུ་མིད་པའི་སྐྱིན་པ་ཡོད།།
                                 ལང་ཚོའི་ཉི་མ་འཁྱོལ་བའི་རིན་པ་ཡོད།།

                                 ཤེས་བྱའི་འོ་མཚོ་གཞིབ་པ་ཉུང་ནའང་།།
                                 ཀུན་སྤྱོད་བསྔག་པའི་རིན་ཐང་དཀོན་ནའང་།།
                                 རང་ལ་བྱམས་པའི་གྲོགས་ཀྱི་ཐོབ་བྱ་ཡོད།།
                                 རང་ལ་བརྩེ་བའི་སེམས་ཀྱི་ལོངས་སྤྱོད་ཡོད།།

                                 བརྩོན་པས་མི་ལ་སྐྱེངས་པ་སྟེར་བ་དག།
                                 ཉིན་མཚན་སྐྱོར་སྦྱོང་ཁོ་ནར་འཁོར་བ་དག།
                                 རྟག་ཏུ་ཁེར་རྐྱང་འཚོ་བར་གོམས་པ་དག།
                                 སློབ་གྲོགས་མཐུན་པའི་དཔུང་བ་གཤིབས་ཤིག་ཀྱེ།།

                                 ཤོག་ལྷེ་འགའ་རེ་བློ་བྲོ་བཟུང་བ་ཚོ།།
                                 སྐར་མ་འགའ་རེས་རང་རློམ་ཐོབ་པ་ཚོ།།
                                 རྒྱུ་དངུལ་འགའ་རེས་མགོ་འཕང་བཏེགས་པ་ཚོ།།
                                 དགའ་བའི་གྲོགས་ཀྱིས་བསྐོར་ཚེ་ངའོ་ཡིན།།

                                 གཟན་ཤམ་དམར་པོའི་འོག་ན་སྤྱང་ཀི་དང་།།
                                 འཁོར་གསུམ་གོས་ཀྱི་འོག་ན་སངས་རྒྱས་བཞིན།།
                                 མི་དང་མི་ཡི་དེ་ཉིད་མཐོང་བ་དཀོན།།
                                 མི་དང་མི་ཡི་ཧེ་བག་འཇལ་བ་སྐན།།

                                 ཤ་དང་ཁྲག་གི་འབྲེལ་བ་མེད་ན་ཐང་།།
                                 ལས་དང་རྒྱུ་ཡི་དྲིན་གཟོ་མེད་ན་ཐང་།།
                                 ཕན་ཚུན་ཤེས་པའི་ལོ་ཟླ་རིང་ཐུང་ཡང་།།
                                 བན་ཆུང་དབུས་ནས་རྙེད་པའི་ནོར་བུ་ཡིན།།

                                 འདི་ལ་ཕྱུག་པོའི་ངོ་སོ་མེད་ན་ཆོག།
                                 འདི་ལ་དཔོན་པོའི་མིང་བྱང་མེད་ན་ཆོག།
                                 ག་ས་གང་དུ་འཕྲད་ཀྱང་འཛུམ་གྱིས་བསུ།།
                                 ལོ་དང་ཟླ་བ་འདས་ཀྱང་སེམས་ཀྱིས་འཚོ།།

                                 མཐོན་པོའི་ཁྲི་ལ་བཞུགས་ཀྱང་ཕྲག་དོག་མེད།།
                                 དམའ་མོའི་གཡོག་ལ་བསྡད་ཀྱང་ཁྱད་གསོད་མེད།།
                                 བརྩོན་པའི་སྡུག་གི་ཁུར་བོ་འཁུར་ཡ་ཡིན།།
                                 དགའ་བའི་ཡིད་ཀྱི་རླུང་རྟ་སྤུར་ཡ་ཡིན།།

                                 འཛོམས་ན་ཆུ་སྣ་རྒྱ་མཚོས་བསྡུས་དང་མཚུངས།།
                                 འབྲལ་ན་བྲག་རི་ཐོག་གིས་གཏོར་དང་མཚུངས།།
                                 འདུ་བྲལ་སྒྱུ་མའི་ངོ་བོ་མི་རྟོགས་པའི།།
                                 སློབ་གྲོགས་བརྩེ་བའི་བུམ་པ་ཁྲི་ལོར་ཤོག།

ཞེས་སྤྱི་ལོ2014ལོའི་ཟླ6པའི་ཚེས25ཉིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།