བུ་ལས་བྱེད་དང་མ་བུ་རྫི།

རྩོམ་པ་པོ།:འབའ་བ་བློ་བཟང་མགོན་པོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-11 10:12:00 ཀློག་གྲངས།:
     ༢༠༡༣ལོར་ངའི་བཟའ་ཟླས་བུ་མོ་ཞིག་སྐྱེས་བྱུང་། མོ་རང་དགེ་རྒན་ཡིན་པའི་རྐྱེན་གྱིས་དབྱར་གནང་དང་དགུན་གནང་གཉིས་སྣོན་ནས་ཁྱོན་ཟླ་བ་དགུ་ཙམ་ཁྱིམ་ལ་ངལ་གསོ་བྱེད། བུ་མོ་ཟླ་བ་དགུ་ལ་སོན་དུས་ངའི་ཨ་མ་བུ་རྫི་མ་འབོད་ཐབས་མེད་བྱུང་། ངེད་བཟའ་ཚང་གཉིས་ལས་ཁུངས་ལ་བྱ་བ་སྒྲུབ་དུས་ཁྱིམ་ལ་བུ་མོ་ལྟ་མཁན་མི་འདུག ང་རང་དགའ་སྐྱོ་གཉིས་ཀྱིས་ངང་ནས་ཨ་མ་འབའ་ཐང་ནས་ལི་ཐང་ལ་བསུ་བ་ཡིན། ཨ་མ་དང་མཉམ་དུ་འཚོ་བ་བྱེད་རྒྱུའི་གོ་སྐབས་བཟང་པོ་དེ་ཡོད་པ་ལ་ཤིན་ཏུ་སྤྲོ། ནམ་རྒྱུན་ལོ་སར་ནང་དུ་མ་གཏོགས་ཕ་མ་གཉིས་དང་མཉམ་དུ་འཚོ་བ་བྱེད་རྒྱུའི་གོ་སྐབས་ཧ་ཅང་དཀོན། སྐྱོ་བའི་རྒྱུ་མཚན་ནི་ཨ་མའི་ཁྲག་གཤེར་མཐོ་བ་མ་ཟད་ས་མཐོ་སར་སྲོག་འཛིན་རླུང(氧气)མི་འདང་བ་སོགས་གནས་ཚུལ་མང་པོ་ཡོད། འབའ་ཐང་ནས་ལི་ཐང་བར་སྤྱི་ལེ་མང་པོ་མེད། འོན་ཀྱང་། རྫོང་གཉིས་ཀྱི་མཐོ་ཚད་རྨི༢༠༠༠ལྷག་ཁྱད་པར་ཡོད། ས་དམའ་ས་ནས་འོངས་བའི་མི་ཚང་མ་ལི་ཐང་ལ་ཐོན་དུས་ལ་དུག་ན་མཁན་མང་པོ་ཡོད། ངའི་ཨ་མ་ཡང་ལི་ཐང་ལ་ཐོན་བའི་ཉིན་མོར་ལ་མགོ་ན་བ་དང་དབུགས་མི་འདང་བའི་རླུང་ནད་སོགས་ཕོག་ནས་ཁྱིམ་ནང་དུ་སོ་ལོ་དམར་པོ་འཐུང་ནས་ངལ་གསོ། ཉིན་མོ་ཁ་ཤས་ངལ་གསོ་རྗེས་ཨ་མས་བུ་རྫིའི་བྱ་བ་འགོ་བཙུགས།
     དམངས་ཁྲོད་ནང་དུ་ལུ་གུ་མ་བུ་གཉིས་ཀྱི་ཁ་བརྡ་ཞིག་བརྒྱུད་ནས་ཕྲུ་གུ་གསོ་དཀའ་མོ་ཡིན་པ་མཚོན་འདུག ལུག་མ་དེས་ལུ་གུ་ལ་འདི་ལྟར་བཤད། མིས་འབུ་གསོ། བྱས་རྡོ་རོང་། ངེད་གཉིས་མ་བུ་གཉིས་སྤུ་དཀྲུག་བྱེད་ནས་འགྲོ། ལུ་གུ་སྐྱེས་མ་ཐག་འགྲོ་ཤེས། འོན་ཀྱང་། ཕྲུ་གུ་ལོ་གཅིག་འགོར་རྗེས་ད་རུང་འགྲོ་ཤེས་མཁན་ཉུང་། ང་ཚོའི་བུ་མོ་ཡང་འགྲོ་ཤེས་མི་འདུག ཨ་མས་དུས་རྒྱུན་སྐེ་རགས་དམར་པོ་ཞིག་འཇུ་ནས་བུ་མོར་འགྲོ་ལུགས་སློབ། སྐབས་སྐབས་སུ་བུ་མོས་ཁོང་ཁྲོ་ལངས་ནས་ཨ་མའི་སྐྲ་འཐེན་བ་མ་ཟད་འཛུབ་མོས་ཨ་མའི་རྣ་ལུང་འཐེན་ནས་རྣ་ཅོ་དམར་པོ་འགྱུར་འདུག དེ་ཚོ་མཐོང་དུས་ང་རང་སེམས་པ་ཤིན་ཏུ་སྐྱོ། ང་རང་ཆུང་དུས་ཨ་མར་དཀའ་ངལ་སྤྲོད་མྱོང་བ་སྨྲ་མི་དགོས། ད་ལྟ་རང་གི་བུ་མོས་ཡང་ཨ་མར་དཀའ་ངལ་སྤྲད་བཞིན་འདུག
     "མི་རྒས་ན་ཡུལ་དྲན། བྱ་རྒས་ན་ཚང་དྲན།" འདི་ཧ་ཅང་བདེན་འདུག ངའི་ཨ་མ་ལི་ཐང་ལ་ཐོན་ནས་བཟུང་ངེད་བཟའ་ཚང་གཉིས་ཀྱི་གོས་གསར་པ་ཉོ་བ་དང་ཟས་མོ་རང་ཅི་དགའ་ལས་བ། འོན་ཀྱང་། ཨ་མའི་སེམས་ཕ་ཡུལ་གྱི་མ་ཁྱིམ་ལ་ལྷག་འདུག ཁྱིམ་ནང་གི་ཟོག ཞིང་། ཕག བོང་བུ་སོགས་ལ་མོ་རང་སེམས་འཁུར་ཆེན་པོ་བྱེད།
     གཟའ་འཁོར་སྔོན་མ་ནང་ང་ཚོ་ཕ་ཡུལ་ལ་སོ་ནམ་བྱེད། ཨ་མས་ཉིན་གཅིག་ལ་ཁྱིམ་ནང་དུ་ཁ་པར་ཐེངས་ལྔ་ཙམ་གཏོང་། ང་ཚོ་ཕ་ཡུལ་ལ་ནམ་རྒྱུན་གྲོ་བརྔས་དུས་སེར་བ་རྒྱག ཨ་མས་ད་ལོ་སོ་ནམ་སྐབས་སུ་ཆོས་ཁང་ནང་དུ་སྨོན་ལམ་ཡང་དང་ཡང་དུ་འདེབས།
     ཨ་མའི་དུས་རྒྱུན་གྱི་བྱ་སྤྱོད་བཟང་པོ་དེ་ཚོ་ངའི་བུ་དང་བུ་མོ་ལ་བག་ཆགས་ཡག་པོ་འཇོག་བ་མ་ཟད་ཁོ་རང་ཚོ་ཡང་ལད་མོ་བྱེད་བཞིན་འདུག ངའི་ཨ་མས་སྔར་མོ་ལངས་ནས་ང་ཚོ་བཟའ་མི་ཡོངས་ལ་གདུག་སྤོས་མེར་བསྲེགས་ནས་བདུགས་བཅུག རྗེས་སུ་ཨ་མས་བདུག་པ་འཁུར་ཡོངས་དུས་ངའི་བུ་མོ་ལག་པ་གཡུགས་གཡུགས་བྱེད་ནས་བདུགས་ཤེས། ཨ་མས་ནམ་རྒྱུན་ཆོས་ཁང་ནང་དུ་སྤོས་དང་ཡོན་ཆབ་འཕུལ་ཚར་རྗེས་ཕྱག་འཚལ་བའི་ལུགས་སྲོལ་ཡོད། ངའི་བུ་ཡང་ཨ་མ་དང་མཉམ་དུ་ཆོས་ཁང་ནང་དུ་ཕྱག་འཚལ་བ་མ་ཟད་ཕྱག་རྒྱ་འདེབས་ནས་སྐྱབས་འགྲོ་ཀློག་ཤེས། ལམ་ནང་དུ་འབུ་རིག་དུས་ལམ་འགྲམ་ལ་བཞག་བའི་སོགས་ལུགས་སྲོལ་བཟང་པོ་དེ་ཚོ་ཨ་མས་ནམ་རྒྱུན་གྱི་འཚོ་བ་ཐོག་ནས་ཁོ་ཚོར་ཤུགས་རྐྱེན་འཇོག་བ་རེད།
     ང་རང་ཆུང་དུས་ཀྱི་ཕུགས་བསམ་ནི་དགེ་རྒན་བཟང་པོ་ཞིག་བྱེད་རྒྱུ་དེ་ཡིན། དགེ་རྒན་བྱེད་བ་མ་ཟད་ཁང་པ་སྐྱིད་པོ་ཞིག་ཉོ་ནས་ཕ་མ་གཉིས་དང་མཉམ་དུ་འཚོ་བ་བྱེད། ང་རང་ལས་ཀ་ཡོད་པ་མ་ཟད་ཁང་པ་ཡང་ཡོད། འོན་ཀྱང་། ད་ལྟ་ངའི་ཕ་མ་གཉིས་ས་མཐོ་སར་ཡུན་རིང་པོ་འདུག་མི་འདོད་པ་དང་སེམས་ད་རུང་ཕ་ཡུལ་ཕྱོགས་སུ་ཡོད། བདེ་སྐྱིད་ཞེས་པ་དེ་གཙོ་བོ་སེམས་ལ་ཐུབ་ཡོད་པ་དེ་ད་གཟོད་རྟོགས་བྱུང་། ཁང་པ་སྐྱིད་པོ། གོས་གསར་པ། ཟ་མ་ཞིམ་པོ་ཅི་འདྲ་ཡོད་ཀྱང་མིའི་སེམས་མི་སྐྱིད་ན་བདེ་སྐྱིད་འབྱུང་བ་མི་བྱ།
     དེ་རིང་ངའི་བཟའ་ཟླ་དབྱར་གནང་གཏོང་བྱུང་། ངའི་ཨ་མ་ཡང་བུ་རྫིའི་ལས་ལ་བཅིངས་འགྲོལ་ཐོབ་ནས་ཕྱིར་ཕ་ཡུལ་ལ་ལོག་རྒྱུའི་གྲ་སྒྲིག་བྱས་དང་བྱེད་བཞིན་ཡོད། ཨ་མའི་གདོང་གི་འཛུམ་དེས་མོའི་སེམས་པ་མཚོན་འདུག ཨ་མ་ང་ཚོ་དང་ཁ་བྲལ་གྲབས་བྱེད་དུས་ང་རང་སེམས་པ་ཤིན་ཏུ་སྐྱོ། འོན་ཀྱང་། མོ་རང་ཕ་ཡུལ་ལ་འགྲོ་ན་ས་མཐོ་རླུང་ནད་སོགས་མེད་པར་འགྱུར་བ་མཟད་སེམས་ཁམས་ཡང་སྐྱིད་པོ་འགྱུར་སྲིད། མོ་རང་བུ་རྫི་ཟླ་བ་ལྔ་ཙམ་བྱེད་རིང་ལ་དཀའ་ངལ་ཆེན་པོ་གནང་བ་ལ་སྙིང་ཐག་པར་ནས་ཐུགས་རྗེ་ཞུ་བ་དང་ཨ་མའི་དྲིན་ལན་ནམ་ཡང་འཇལ་མི་ཐུབ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།