གཡུ་སྲས་ཀྱི་སྙན་ངག་ཚོམ་བུ།

རྩོམ་པ་པོ།:གཡུ་སྲས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-02 10:44:00 ཀློག་གྲངས།:

                  ལྷ་སའི་ཐང་ག

ལྷ་ས་ནི་མི་ཚེ་གང་བོར་བྲིས་མི་ཚར་བའི་ཐང་ག་ཞིག་ཡིན
ཚོན་རྩི་གང་རུང་བསྒོས་ནས་བྲིས་ཆོག་པའི་ཐང་ག་རྙིང་བ་ཞིག་ཡིན
ཐང་ག་དེའི་ངོས་སུ  ཁྱེད་ཀྱིས་ཞེ་སེམས་ལྷོད་ལ་བབས་ཏེ
པོ་ཏ་ལའི་རྔམ་བརྗིད་དང་སྐྱོ་གར་བྲིས་ཆོག
རྡོ་རིང་དག་གི་བརྟན་བརླིང་དང་ལོ་རྒྱུས་བྲིས་ཆོག
འཕར་ཆག་འབྱུང་བཞིན་པའི་མི་འབོར་གྱི་གྲངས་ཀ་དང་ཕ་སྐད་བྲིས་ཆོག
སྐྱིད་ཆུའི་ངུད་མོ་དང་ཇོ་ཁང་གི་མར་མེ་ཚེ་འབར་བྲིས་ཆོག
ད་དུང་འབོར་གྱིན་པའི་རྣམ་ཤེས་དང་བླ་སྲོག་ཀྱང་བྲིས་ཆོག

འོན་ཀྱང  ཚོན་རྩི་ཅི་ཞིག་བྱུགས་པར་ཁྱེད་ཀྱིས་བསམ་བློ་བཏང་ཨེ་མྱོང

                  ཙོང་ཁའི་བུ་མོ

རྨི་ལམ་དུ་ཙོང་ཆུ་དྲན་པ་ནི་ཙོང་ཁའི་བུ་མོ་ཞིག་དང་འབྲེལ་ཡོད་དེ
བུ་མོ་དེའི་མིག་མདངས་དང་མཆུ་སྒྲོས་ཀྱི་འཛུམ་པ་མེད་ཚེ
ཙོང་ཁའི་བུ་མོ་དེ་དང་ཙོང་ཆུའི་འགྲམ་གྱི་འཕྱམ་འཕྱམ་གྱི་ལོ་ཟླ་དག
ངས་འདི་ལྟར་དྲན་ངེས་པའི་རྒྱུ་མཚན་ཅི་ཡང་མེད
                                             
ཉི་མའི་ཚ་གདུག་གིས་ཟླ་དྲུག་པའི་ལང་ཚོ་བསྲེགས་ཤིང
ཙོང་ཁའི་རླུང་བུ་ལའང་བསིལ་འཇམ་གྱི་རེག་བྱ་ཤོར་དུས
ཆར་བ་འབབ་ཐེངས་ཤིག་ལ་རེ་ཡོད་པའི་མི་དག་གིས
ལྗོན་པ་དང་སྤྲིན་པའི་གྲིབ་བསིལ་འཐུང་ཆུ་ལྟར་འཚོལ་གྱིན་པའི་ངང་ཚུལ་དེ
ངས་ཙོང་ཁའི་འགྲམ་གྱི་བུ་མོ་དེ་ཞེ་རུ་སྒོམ་གྱིན་པ་དང་འདྲ་བྱུང
བུ་མོ་དེའི་རླུང་བུ་ལྟ་བུའི་ལག་པ་དང་གྲིབ་བསིལ་ལྟ་བུའི་འཇམ་མཉེན
ཚ་གདུང་གི་བརྙས་སྨོད་ལྕི་བའི་དགོང་ཁ་འདིར་ཚོད་མེད་དུ་དྲན་ཡོང
 
ཆར་བ་ནི་རང་བྱུང་མར་བྱབས་ཁྲུས་དང་དྭངས་གཙང་གསོལ་བའི་ལྷ་མོ་དེ་ཡིན་ན
ཙོང་ཁའི་བུ་མོ་དེ་ངའི་ལུས་ངག་ཡིད་གསུམ་གྱི་སྐོམ་གདུང་སོད་པའི་ཆུ་མིག་དེ་ཡིན་སྙམ
འདི་ནི་དྲན་ཚུལ་སྤྱིར་བཏང་བ་ཞིག་སྟེ  ཉི་མའི་ཚ་གདུང་གིས་མི་སེམས་འཚིག་ལ་ཉེ་དུས
འདི་ལྟའི་དྲན་པ་ནི་ཆུ་མིག་འཐུང་ལ་རེ་བའི་མི་རྣམས་ཀྱི་འདོད་བློ་དཀྱུས་མ་ཞིག་ཡིན
ནམ་རྒྱུན་ཙོང་ཁ་གླེང་ཐེངས་རེར  བུ་མོ་དེའི་དྲོད་འཇམ་གྱི་སྐད་ཆ་དག་དྲན་འོངས་ཤིང
ཞིམ་མངར་གྱི་མཆུ་སྒྲོས་དང་འཛུམ་མདངས་ཀྱི་མེ་ཏོག་ཀྱང
རྡོ་བ་དང་ས་གཞིའི་སྲུབས་ཀ་བརྟོལ་ནས་ཁོ་བོའི་སྙིང་ཁར་འཐིམ་འགྲོ
དེ་ནི་སྐད་ཅིག་མའི་དྲན་པ་ཞིག་སྟེ  འདི་ལྟའི་དྲན་པ་མང་པོས་རྒྱུན་དུ་ཁོ་བོ་མནར་ཡོང
                            
དྲན་པར་བསྙལ་ཡུན་རིང་ལ་གསེར་ལྟར་ལྕི་བའི་ཡིག་འབྲུ་འདི་དག་ནི
ངས་ཡུན་རིང་མ་བྲིས་པའི་སྙན་ངག་དུམ་བུ་ཞིག་གི་མཇུག་བྱང་དང་འདྲ་བར
དོ་ནུབ་ཕ་ཡུལ་གྱི་རོང་ཁྱིམ་ཕལ་བ་ཞིག་ནས་ངས་སེམས་ཀྱིས་ཡང་ཡང་བཏེགས་ཤིང
འདུན་པ་ཕྲ་མོ་ཞིག་གིས་སྙིང་རྩའི་འཕར་ལྡིང་བསྒུལ་བས
ཙོང་ཁ་དང་འབྲེལ་བ་ཡོད་མེད་ཀྱི་སྣང་བ་འདི་གང་འདོད་དུ་འཕུར་སོང
དེ་ནི་ཁྱེད་ལ་བྲིས་པའི་འཕྲིན་ཡིག་ཅིག་དང་ཡང་ཇི་འདྲའི་མཚུངས་ཨང

ཙོང་ཁ་རུ་ཕ་ཡུལ་གྱི་མེ་ཕུང་སྐོར་བྲོ་དང་གཞོན་ནུ་མའི་མཛའ་གླུ་མེད་ནའང
ཞེ་སེམས་ལ་རི་མོ་བཞིན་བརྐོས་པའི་བསླད་མེད་ཀྱི་བརྩེ་བའི་གཏམ་རྒྱུད་དག
ཞོགས་པའི་ཉི་ཟེར་གྱི་དྭངས་ཤར་འདྲེས་ནས་སེམས་པ་དམར་པོ་ཞིག་གི་ཁུད་དུ་ལྷུང་ཞིང
སྲོད་ཁའི་མཚམས་སྤྲིན་གྱི་མདངས་རིས་ལྟར་བུ་མོ་ཞིག་གི་ཡ་ཆུང་ཁོག་པར་བླུགས་ཡོད
དེ་ནི་ཁྱོད་རང་ཡིན་ནམ   ཙོང་ཁའི་སྐྱེས་རིའི་འདབས་ཀྱི་བུ་མོ་སྙིང་ཉེ་ལགས


                  རྨི་ལམ་རྨས་མ

ལྷ་སར་ཡོང་རྗེས  ངའི་རྨི་ལམ་སྨུག་པས་བསྒྲིབས་སོང
དེ་རིང་གི་ལྷབ་ལྷུབ་འཐོར་གྱིན་པའི་སྟོན་ལོ་དག་དང་འདྲ་བར
མཛའ་མོའི་རེ་སྒུག་གི་མིག་མཐར་མཆི་མ་བསྐྱིལ་དགོས་བྱུང
མཆི་མས་བསྙིལ་བའི་ངོ་གདོང་དང་བྲང་གཞུང་ཁོ་ནས
ཡང་བསྐྱར་ང་ལ་ཕ་ཡུལ་དུ་ལོག་འོས་པའི་དྲན་སྐུལ་བྱས་ཡོང

ལྷ་ས་ནི་མིག་ཆུའི་གསེབ་ཏུ་ཆགས་པའི་གྲོང་ཚོ་ཞིག་ཡིན
གྲོང་ཚོ་དེའི་ཕྱི་ནང་དུ  རྡོ་བའི་བརྟན་བརླིང་དང་ཕ་བོང་གི་རྔམ་བརྗིད་མེད
རྡོ་བའི་ཚོགས་ལ་མིག་ཆུ་མེད་པ་ཇི་བཞིན
ངའི་མཁུར་མགོ་ཡང་སྔ་མོ་ནས་སྐམ་ཞིང་མཁྲེགས་པར་གྱུར
ངའི་སྙན་ངག་གི་བླ་རྡོ་ཁོ་ནས་རྒྱང་རིང་གི་ཅི་ཞིག་སེམས་ཀྱིན
སེམས་ཀྱི་རྒྱུད་མངས་དེ་ཡང་ཡང་དཀྲོལ་གྱིན་ཡོད
འདི་ནི་སེམས་འགྱུ་རིགས་ཤིག་ལས་བཞུར་བའི་སྒྲ་དབྱངས་ཏེ
དབྱངས་རྟ་འདིའི་ནང་དུ  ངའི་སྡུག་བསྔལ་གྱི་རི་མོ་བསྡུས་ཡོད
ངའི་རྨི་ལམ་རྨས་མ་དེའང་བསྐུངས་ཡོད

ལྷ་སར་ཡོང་རྗེས  ངའི་རྨི་ལམ་ལ་རྨ་ཁ་ཤོར་སོང
དེ་རིང་གི་འུར་འུར་ལྡང་གིན་པའི་རླུང་བུའི་གོམ་སྒྲ་དག་དང་འདྲ་བར
ཡུལ་མིའི་རེ་ལྟོས་ཀྱི་སེམས་པར་ཆུ་འཁྱགས་ལྡུག་དགོས་བྱུང
ཕྱོགས་བཞིར་བསེད་པའི་སྐྲ་ལོ་དང་སྣང་སྟོང་ཁོ་ནས
ཡང་བསྐྱར་ང་ལ་ཕ་ཡུལ་དུ་ལོག་འོས་པའི་འབོད་སྐུལ་བཏང་ཡོང

ལྷ་ས་ནི་རི་ཚོགས་ཀྱི་གསེང་དུ་བསྐུངས་པའི་གྲོང་ཚོ་ཞིག་ཡིན
གྲོང་ཚོ་དེའི་ཕྱི་ནང་དུ  གཙང་བོར་རླབས་སྒྲ་དང་ཆུ་བོར་ན་ཟུག་མེད
སྔོན་མོའི་ཆུ་ལ་གྲག་འགུལ་མེད་པ་ཇི་བཞིན
ངའི་རུལ་གྱིན་པའི་སྙིང་དམར་དེའང་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་ལ་ཉེ
ངའི་རུས་རྐང་གིས་བསྒྲོན་པའི་མར་མེ་གཅིག་པུས་རྒྱང་རིང་གི་ཅི་ཞིག་སེམས་ཀྱིན
སུན་སྣང་གི་སྨྲེང་གླུ་དེ་ངག་ལ་འགུག་གིན་ཡོད
འདི་ནི་ཐོལ་བྱུང་དུ་འབུས་པའི་སེམས་འགྱུ་སྐྱུར་བོ་ཞིག་གི་སྒྲ་དབྱངས་ཏེ
དབྱངས་རྟ་འདིའི་ནང་དུ  ངའི་སེམས་ཁོང་གི་རི་མོ་བཅུག་ཡོད
ངའི་རྨི་ལམ་རྨས་མ་དེའང་བསྐུངས་ཡོད

                  ཨ་ཆེན་གངས་རྒྱབ་བརྒལ་བ

ཉི་འོད་ཀྱིས་བཀབ་ཡོད་པ་དག་ནི
མུ་མེད་ཀྱི་ཐང་ཆེན་དང་མཚེའུ
གཙོད་ཁྱུའི་མཆོང་ལྡིང་དང་རྐྱང་རྒོད་ཀྱི་མགྲིན་པ
སྔོ་ལམ་ལམ་བཞུར་གྱིན་པའི་རྒྱུག་ཆུ
སྤྲིན་པ་མི་མཐོང་བའི་ནམ་མཁའ་སྔོན་པོ
གང་སར་བསྲིངས་ཡོད་པའི་སྲོག་ཆགས་ཀྱི་རྒྱུ་ལམ
བཞུ་མ་ནུས་པའི་རི་རྩེའི་གངས་དང་དེའི་འོད་མདངས
མིའི་གྲིབ་མ་ཙམ་ཡང་མི་མཐོང་བའི་ལུང་སྟོང
ཡོད་ཚད་ལ་དེ་སྔོན་ཁྲག་དྲི་བྲོ་མྱོང་བའི
གཏམ་རྒྱུད་ཅིག་གི་མགོ་རྔ་དང་དྲན་པ་འབའ་ཞིག་གོ   
  

                  བརྩེ་དུང་ལྟ་བུའི་ལོ་ཟླ་དེ  ལོ་ཟླ་ལྟ་བུའི་རི་མོ་དེ

ཁ་བ་དཀར་པོ  དངུལ་དཀར་གྱི་མུ་ཏིག་བཞིན་ས་ངོས་སུ་འཕྱོ་དུས
འཐོར་གྱིན་པའི་འདབ་མ་རེ་རེ་ཐོག་མའི་དྭངས་གཙང་གི་ཁོ་མོ་དང་འདྲ་བྱུང
ཁོ་མོའི་སེམས་ཁར་བླུགས་པའི་སྙིང་གཏམ་གྱི་བུམ་ཆུ་དེ་དང་འདྲ་བྱུང
དགུན་ཟླ་རིང་མོ་ཞིག་ལ  ངའི་སེམས་པའི་ཕོ་བྲང་དུ་ལྷ་མོ་ཞིག་གི་ཚུལ་གྱིས
ཡུན་རིང་བཞུགས་པའི་ཁོ་མོའི་འཇམ་མཉེན་དང་ཞི་དུལ་ལ་འཁྲེང་བྱུང
བརྩེ་དུང་ལྟ་བུའི་ལོ་ཟླ་དེ   ལོ་ཟླ་ལྟ་བུའི་རི་མོ་དེ   
ངའི་བརྩེ་བའི་འཇིག་རྟེན་དུ་གཏན་སྡོད་བྱས

ཁ་བའི་ཀློང་གི་འཛུམ་ཟེར་དེ  ཁ་དོག་མེད་པའི་མིག་ཆུ་ཞིག་ལ་འཁྲུལ་ཏེ
སྐབས་སྐབས་སུ་ང་ལ་ཞེན་ཆགས་དང་རེ་བ་བསྐྱལ་མྱོང་ཞིང
མཚམས་མཚམས་སུ་ང་ལ་གདུང་བ་དང་ཡི་ཆད་ཀྱང་བསྐྱལ་ཡོང་བས
འཁོར་བའི་ཟོམ་ཆེན་གྱི་ཁ་ན་ཤིག་ཤིག་གཡོ་བའི་བརྩེ་བ་འདི
སློབ་གླིང་འདི་གའི་གྲུ་ཟུར་ནས་སྨིན་པ་མཛེས་ལྡན་གྱི་རི་མོ་ཞིག
དགུན་ཟླ་འདི་གའི་སྔ་ལོགས་ནས་འཛུམ་པ་ལས་སྐལ་གྱི་གདམ་གསེས་ཤིག
བརྩེ་དུང་ལྟ་བུའི་ལོ་ཟླ་དེ   ལོ་ཟླ་ལྟ་བུའི་རི་མོ་དེ
ངས་ཁོ་མོ་བཞིན་གཏན་དུ་བརྗེད་ཐབས་བྲལ་ཨང

བརྩེ་དུང་ལྟ་བུའི་ལོ་ཟླ་དེ   ལོ་ཟླ་ལྟ་བུའི་རི་མོ་དེ
སེམས་ངོར་བརྐོས་པའི་གསེར་ཡིག་ཅིག་གི་འཛུམ་མདངས་ལ་འཁྱིལ་བའི
གླུ་སྐད་དང་མིག་ཆུས་བསླེས་པའི་སེམས་པ་ཆུང་ཆུང་གཉིས་ཀྱི་འཕར་ལྡིང་ཞིག
འདས་དོན་གྱི་མྱོང་རོལ་ཁྲོད་ན་ཁུ་སིམ་མེར་ལུས་ཡོད་པའི་གཏམ་རྒྱུད་སྐྱུར་བོ་ཞིག
བརྩེ་དུང་ལྟ་བུའི་ལོ་ཟླ་དེ   ལོ་ཟླ་ལྟ་བུའི་རི་མོ་དེ
ངས་ལོ་ཟླ་འདིར་སེམས་ཀྱི་རྨ་ཁ་བཞིན་འཚོས་ཡོད

                  ཨ་མའི་གླིང་སྒྲུང

བྱིས་པའི་དུས་སུ་ཉིན་ལམ་རིང་མོ་གཏམ་གྱིས་གཅོད་དུས
ཨ་མའི་བཤད་པའི་གླིང་སྒྲུང་དེ་ཡིད་ཀྱི་གསོས་སྨན་ཡིན
སེམས་ཀྱི་ཟབ་སར་གནས་པའི་གླིང་སྒྲུང་རིང་མོ་དེ
སེང་ལྕམ་འབྲུག་མོའི་མཛེས་སྡུག་དང་དབྱངས་རྟ་ལས་རྒྱས་ཤིང
གེ་སར་རྒྱལ་བོའི་དཔའ་མཛངས་དང་བློ་རིག་ལས་མཆེད་དེ
དཔའ་རྟུལ་སུམ་ཅུའི་མདའ་གྲི་མདུང་གསུམ་གྱི་སྐོར་གཡུགས་ཁྲོད་དུ
ཡིད་དུ་འོང་བའི་གཏམ་རྒྱུད་རེ་རེ
ངའི་མཚར་སྣང་ལྡན་པའི་བྱིས་དུས་ཀྱི་བློ་ངོར་འཕོས་ཏེ
ཤེས་རིག་གི་མེ་རྟ་གྱ་ནོམ་པ་ཞིག་ཏུ་གྱུར་སོང

ཨ་མས་བཤད་པའི་གླིང་སྒྲུང་དེ   སྐབས་སྐབས་སུ
རི་གྲོང་གི་ལམ་ཆུང་བརྒལ་ཞིང
རྡོ་བའི་གྲམ་གཞུང་གི་སྲུབས་ཀ་བརྟོལ་ནས
དྲོད་ལམ་ལམ་གྱི་ཚ་ཐབ་དང་གོ་ཁར་གྲགས་ཏེ
ལྷིང་འཇགས་ཀྱི་རི་གྲོང་འདི་ལ་རྣམ་ཤེས་ཀྱི་གཤོག་ཟུང་སྤྲད་ཅིང
སྣང་སྟོང་གི་ཁྱིམ་གཞིས་འདི་ལ་ཚེ་གང་གི་དྲོད་འཇམ་འཁྱེར་ཡོང

ཨ་མས་བཤད་པའི་གླིང་སྒྲུང་དེ    མཚམས་ལན་རེར
མཐའ་འཁོབ་ཀྱི་འབྲོག་སྡེ་ནས་བརྩམས་ཏེ
རི་གྲོང་གི་ཤིང་སྒོའི་ཕྱི་ནང་དུ་ལྷགས་ཤིང
ཉི་འོད་དྲོན་མོ་དང་ཆུ་བོ་དྭངས་མོས་རྒྱང་རིང་དུ་འཁྱེར་ནས
ལྗང་མྱུག་ལྟ་བུའི་བྱིས་པ་དག་ཆེ་རུ་བརྟས

ཨ་མས་བཤད་པའི་གླིང་སྒྲུང་དེ
ཁོ་མོའི་སྐྱེལ་མའི་ལམ་གྱི་མིག་ཆུ་དཀར་པོ་དེ་དག་དང་འདྲ་བར
ངའི་མི་ཚེའི་འགྲུལ་བཞུད་རིང་མོའི་ལམ་སྣེར
དུས་གཏན་དུ་སེམས་ནང་ལ་ཉར་ཆོག་པའི
འཛད་མེད་ཀྱི་རྒྱུ་ནོར་དང་ཤེས་རིག་གི་འབྱུང་ཁུངས་སུ་གྱུར་རོ

                  སྔས་འགྲམ་དུ་ལྷུང་བའི་བུ་མོ

མཁུར་མགོ་ཀུ་ཤུ་ལྟར་དམར་བའི་བུ་མོ་དེ
རེ་སྒུག་གྲངས་མེད་ཅིག་གི་རྫོགས་མཚམས་ནས་རྙེད་བྱུང
མཚམས་སྤྲིན་གྱི་མཛེས་སྡུག་སྒོམ་སྟེ་ཉི་ནུབ་ལ་ཕྱོགས་ཤིང
ཉི་ནུབ་ཀྱི་འཇམ་ཤ་བསམ་གྱིན་ཁོ་བོའི་ཕྱོགས་སུ་སླེབས་ཡོང
བུ་མོ་དེ    བུ་མོ་དེ་ནི་ལྷ་སྒྲུང་རིང་མོ་ཞིག་གི་བརྗོད་སྙིང་ཡིན
བུ་མོ་དེ    བུ་མོ་དེ་ནི་མཛེས་པ་སྣུམ་པོ་ཞིག་གི་ཁ་དོག་ཡིན

སེམས་པ་ཞིག་གི་སློང་མོར་ཆས་ཤིང
རྨི་ལམ་གྱི་འཇའ་ཚོན་དང་བསྡེབས་ཏེ   
ངའི་དབྱར་གཞུང་གི་སྐྱེད་ཚལ་དུ་དེ་ལྟར་སླེབས་ཡོང
ངའི་མཚན་གཞུང་གི་མཁའ་དབྱིངས་སུ་ཟླ་བ་བཞིན་རྒྱས་ཡོང
བུ་མོ་ཁྱོད  རྨི་ལམ་སྔོན་མོ་ཞིག་གི་གཙང་བོ་ཡིན་ཚུལ
བར་སྣང་ན་འཕུར་གྱིན་པའི་སྤྲིན་པ་དག་གིས་ལབ་ཡོང
བུ་མོ་ཁྱོད  ལས་དབང་དམར་པོ་ཞིག་གི་རེ་སྒུག་ཡིན་ཚུལ
རླུང་ངོགས་ན་འཐོར་གྱིན་པའི་ཁ་བ་དག་གིས་སྨྲས་ཡོང

གང་ལྟར  ས་གཞི་སྨག་ལ་བྱིངས་ཤིང་བྱིའུ་ཆུང་ཚང་མལ་སྙེག་དུས
དོར་མ་མྱོང་བའི་དམ་ཚིག་གི་མེ་ལྕེ་དེ་དག་སྒོམ་བཞིན
རྒྱང་རིང་དུ་ཁེར་རྐྱང་གི་སྐར་ཚོགས་འཐུ་དུས
སྔས་འགྲམ་ལ་ལྷུང་མྱོང་བའི་བུ་མོ་ཁྱོད་ཡང་ཡང་དྲན་ཡོང

                  ཕ་ཡུལ་ལ་ལྡང་བའི་རླུང་བུ

མངོན་ལྐོག་མེད་པའི་ཕ་ཡུལ་གྱི་རླུང་བུ
ཡུལ་མི་ཚོའི་ཡ་ཡོ་མེད་པའི་སེམས་པ་བཞིན་ལྷོད་ཀྱིས་ལྡང་ཡོང་སྟེ
ངའི་སེམས་པའི་བར་སྣང་གི་རྡུལ་ཕྱེ་མཐའ་དག་དྲུངས་ནས་ཁུར་ཞིང
སྡུག་བསྔལ་དང་སྐྱོ་བ་ཡོད་ཚད་ཀྱི་ཁ་དོག་སྨུག་པོ་དེ་དག་ཀྱང
ཚམ་ཚོམ་མེད་པར་རི་བོའི་ཕ་རོལ་དུ་དེད་སོང

ཕ་ཡུལ་དུ་རླུང་བུ་ལྡང་དུས
ཕ་རྒན་གྱིས་ལུག་ཁྱུ་དེད་ནས་རི་སྒང་དུ་འགྲོ་བཞིན་ཡོད་ཅིང
མ་རྒན་གྱིས་བསང་མེ་གསོས་ཏེ་འོ་ཇ་བསྐོལ་གྱིན་ཡོད
སྲིང་ཆུང་མའི་དཀར་ཡོལ་འབྲུག་རིས་མའི་ཁ་རུ
རྨི་ལམ་སྔོན་མོ་ཞིག་གི་དྲན་པ་འཕུར་གྱིན་ཡོད

ཕ་ཡུལ་དུ་རླུང་བུ་ལྡང་དུས   
རླུང་ངོགས་ན་གཤོག་པ་རྡེབ་ཀྱིན་པའི་ཁང་བྱིའུ་སྐྱ་ལེབ་ཅིག
མཐོ་དམའ་མི་སྙོམས་པའི་དབྱར་སྡོང་དག་གི་ལྗོན་རྩེ་ན་འཕྱོ་ཞིང
ལྕགས་ཟེའུ་འཁུར་བའི་མ་སྲུ་གཉོམ་ཆུང་ཞིག་ཀྱང
རླུང་འཚུབ་ཀྱིས་བདར་གྱིན་པའི་དར་ལྕེར་འཇུས་ནས་ཕྱི་མིག་ལྟ

ཕ་ཡུལ་དུ་རླུང་བུ་ལྡང་དུས
ཕ་ཡུལ་ན་རླུང་བུ་བཞིན་ལྡང་གིན་པའི་གསར་འགྱུར་ཅི་རིགས
ཨ་མྱེས་སྲིན་པོའི་རི་འདབས་ནས་རླུང་བུས་འཁུར་ཏེ
སྟོད་ཀྱི་ཉི་མ་ལྷ་སའི་སྐྱིད་ཆུའི་ངོགས་སུ་འབྱོར་ཞིང
འཁྱམ་པོ་ཞིག་གི་སྒོ་དང་སྒེའུ་ཁུང་ཡང་དལ་མོར་བརྡུངས་བྱུང

                  སེམས་གཞས་བྱ་འཕུར་མ

རྨི་ལམ་གྱི་འཇའ་ཚོན་ཁུར་ཏེ
ཆོས་འཁོར་ལྷ་སའི་སྒོ་མོ་བརྟོལ་དུས
ཕ་ཡུལ་ཁྲི་ཀར་གྱེས་པ་ནི   བདེ་སྐྱིད་དང་དྲིན་གཟོའི་ལྕགས་ཀྱུའི
ཞེན་ཆགས་ཀྱི་ཨ་ལོང་ཆད་པ་དང་འདྲ་ཞིང
སྨུག་སྤྲིན་གསེབ་ཀྱི་རུ་སྡེ་དང་བགྲེས་སོང་དག་ཀྱང
ཨ་ལོང་དེའི་མཐའ་འཁོར་དུ་ཉི་མ་བཞིན་ནུབ་ལ་ཉེ་བ་ཚོར
སྤང་ལྗོངས་ཁྲོད་ཀྱི་ལུ་གུ་དང་མེ་ཏོག   དབྱར་གཞུང་དང་སྟོན་ལྗོངས
རྨི་ལམ་གྱི་ཆེད་དུ་རྒྱང་ལ་བསྐྱུར་བ་ནི
སེམས་ངོགས་སུ་བྲིས་པའི་རྨ་མེད་ཀྱི་ལྡེབས་རིས་ཤིག་ཡིན་ནམ

                  སྨག་རུམ་གྱིས་འགེམས་བཞིན་པ་དེ་དག

མཚན་མོ་དེར  ཟླ་བ་སྒྲ་གཅན་གྱིས་བཟུང་སྟེ་བཏང་མ་སོང
སྐར་མའི་ཚོགས་ཀྱང་སྟོང་བའི་དབྱིངས་སུ་ལྡིང་སྐོར་བརྒྱབ་སོང
སྨྲེང་སེམས་ཀྱིས་བསྣད་པའི་ཟླ་བ་ལྷ་མོས
ཁེར་སྡུག་གི་སྐྱོ་གླུ་རིང་མོ་ཞིག་ཡང་ཡང་བླངས་སོང
ཟླ་བ་མེད་ཚེ  ས་གཞི་ལ་མིག་ཟུང་གི་འོད་སྣང་ཤོར་བ་དང་འདྲ
སྨག་རུམ་གྱིས་སྔ་གཞུག་བརྩད་དེ་ཅི་ཞིག་ལ་རྒོལ་སོང
ས་སྒང་ཧྲིལ་བོ་སྨག་མུན་གྱིས་གཡོགས་པའི་དུས་ཙ་ན
ནམ་མཁའ་ནི་ཤོག་བུ་ཟད་པོ་ཞིག་གི་ངོས་གཉིས་དང་འདྲ
ཆོ་ངེ་དང་གདུང་ཡུས  ངུ་འབོད་ཀྱི་བྲག་ཅ་རིང་མོས
ཡང་བསྐྱར་མི་རབས་ཤིག་གི་རྨི་ལམ་དཀྲོགས་བྱུང

སྨག་རུམ་གྱིས་འགེམས་བཞིན་པ་དེ་དག་ནི
ཨ་མྱེས་ཀྱིས་ཡུན་རིང་བགྲངས་མྱོང་བའི་ཕྲེང་བ་ནག་པོ
ཨ་ཕྱི་དེས་ཡང་ཡང་འཐག་མྱོང་བའི་མགོ་སྦྲ་སྨུག་པོ
སྲིང་ཆུང་མ་དེའི་ཀུ་ཤུ་ལྟར་སྨིན་པའི་ལང་ཚོ་དང་མཛེས་སྡུག
སྤུན་ཆུང་དེའི་རླུང་བུས་ཟ་མ་ཐུབ་པའི་དམར་སྨུག་གི་ངོ་གདོང
ད་དུང་ངའི་བླ་སྲོག་དང་ཁྱོད་ཀྱི་རྨི་ལམ་ཡང་ཡིན་འདུག
སྨག་རུམ་གྱིས་འགེམས་བཞིན་པ་དེ་དག
ངས་ནམ་ཞིག་ལ་ཡང་བསྐྱར་ཕྱིར་རྙེད་སྲིད་དམ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།