མཛོ་མོའི་རྟོལ་ལེ།
རྩོམ་པ་པོ།:འབའ་བ་བློ་བཟང་མགོན་པོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-06-26 08:37:00
ཀློག་གྲངས།:
མཛོ་མོའི་རྟོལ་ལེ།
"ལས་ངན་པ་མཛོ་མོའི་རྟོལ་ལེ། དཀར་འོ་མ་ཡོད་ཀྱང་འཐུང་དབང་མེད། རྩྭ་དགའ་བྲོ་ཡོད་ཀྱང་ཟ་དབང་མེད། ལས་ངན་པ་ལ་ཁའི་སྤ་མ་ཤིང་། ས་སྐྱེས་ས་ཡོད་ཀྱང་སྐྱེས་དབང་མེད། " ཞེས་པའི་གཞས་ཚིག་དེ་ང་རང་ཆུང་དུས་ན་གོ་མྱོང་། སྤྱིར་མཛོ་མོའི་རྟོལ་ལེ་ལ་རིགས་བཞི་ཙམ་དབྱེ་ཆོག། རྟོལ་ལེ། རྟོལ་མཛོ། རྟོལ་གླང་། རྟོལ་བ་བཅས་ཡིན། རྟོལ་ལེ་དང་རྟོལ་མཛོ་གཉིས་ནི་ཕ་གཡག་དང་མ་མཛོ་མོ་བསྡེབས་ནས་སྐྱེས་བའི་བེའུ་ཡིན། རྟོལ་གླང་དང་རྟོལ་བ་གཉིས་ནི་ཕ་བ་གླང་དང་མ་མཛོ་མོ་འདུས་པ་ལས་སྐྱེས་བའི་བེའུ་ཡིན། རོང་པའི་ཁྱིམ་ཚང་ནང་དུ་འཚར་ལངས་བྱུང་བའི་ཁོ་བོ་ལ་མཚོན་ན་རྟོལ་ལེ་ནི་ཆེས་ཆ་རྒྱུས་ཡོད་པའི་འོ་འཐུང་སྲོག་ཆགས་ཞིག་རེད། རྟོལ་ལེ་ནི་ཆེས་ལས་ངན་བའི་སྲོག་ཆགས་ཞིག་ཡང་རེད།ང་ཚོ་ཕ་ཡུལ་ལ་འབྲི་དང་གཡག་གཉིས་ཧ་ཅང་དཀོན་པོ་རེད། མང་ཆེས་ཤོས་ནི་མཛོ་མོ། མཛོ། གླང་། བ་མོ་བཅས་ཡིན། ལྷག་པར་ཏུ་མཛོ་མོ་ནི་ཆེས་དགའ་བསུ་ཐོབ་བའི་སྲོག་ཆགས་ཞིག་ཏུ་འགྱུར། རྒྱུ་མཚན་ནི་མཛོ་མོ་ལ་འོ་མ་མང་བ་དང་མར་སྙིང་ཆེ་བ། དུད་ཚང་གཅིག་གི་མཛོ་མོའི་གྲངས་ཀ་ལས་དུད་ཚང་དེ་ལ་རྒྱུ་ཡོད་མེད་མཚོན།
བོད་ཟླ་གཉིས་པ་ནས་བཞི་པ་བར་ང་ཚོ་ཕ་ཡུལ་གྱི་རྟོལ་ལེ་རྣམས་སྐྱེས་བའི་ཟླ་བ་རེད། དམངས་ཁྲོད་ནང་དུ་རྟོལ་ཤི་ཟླ་བ་ཡང་ཟེར། རྒྱུ་མཚན་ནི་རྟོལ་ལེ་སྐྱེས་མ་ཐག་མཛོ་མོ་དང་ཁ་ཕྱེ་བ་རེད། དེ་ནི་མཛོ་མོའི་འོ་མ་ཚང་མ་མིས་བཞོ་ནས་རྟོལ་ལེ་ལ་ཇ་རྩམ་བསྲེས་ནས་གསོ་བ་རེད། མ་འོ་མེད་པའི་རྟོལ་ལེ་རྣམས་ཚེ་ཚད་ཧ་ཅང་ཐུང་། མང་ཆེས་ཤོས་ཟླ་བ་གཅིག་མ་གཏོགས་གསོན་མི་ཐུབ། རྟོལ་ལེ་རྣམས་ཤི་ཚར་རྗེས་རྟོལ་ཀོ་གཉེན་ནས་ནང་ལ་མར་བཙུགས། རྟོལ་རོ་ཚང་མ་ང་ཚོ་ཕ་ཡུལ་གྱི་ཆུ་ཆེན་འགྲམ་ལ་འཕེན། ཉི་མ་དྲོད་བའི་སྐབས་སུ་རྟོལ་རོའི་དྲི་མ་ལུང་པའི་ཡོངས་ལ་ཁྱབ།
ཉིན་ཞིག་ངས་ཨ་མ་ཞིག་གིས་རང་གི་བུ་ལ་མཛོ་མོའི་འོ་མ་འཐུང་བཅུག་ནས་རྟོལ་ལེ་ལ་ཇ་རྩམ་བསྲེས་པའི་བཅུད་མེད་ཁ་ཟས་དེ་སྤྲད་བཞིན་པའི་རྣམ་པ་ཞིག་མཐོང་བྱུང་། རྟོལ་ལེ་དེ་ཤ་སྐམ་ནས་རུས་པ་མ་གཏོགས་ལྷག་མི་འདུག། མོའི་བུ་ནི་ཤ་རྒྱག་ཤིག་མཁུར་ཚོས་དམར་བ། ད་རུང་མུ་མཐུད་ནས་མཛོ་མོའི་འོ་མ་དེ་དམ་བེ་ནང་དུ་བླུགས་ནས་འཐུང་བཞིན་འདུག། འོ་མ་ཕྱེད་ཀ་ཁ་ལ་འཐུང་ནས་ཕྱེད་ཀ་སར་ཆུད་གཟོན་གཏོང་བཞིན་འདུག། རྣམ་པ་དེ་མཐོང་རྗེས་ཁོ་བོ་སེམས་ལ་འཇིག་རྟེན་མི་ཞེས་པ་དེ་ཧ་ཅང་མི་དྲང་པ་ཞིག་རེད་དྲན་བྱུང་། མཛོ་མོ་དང་རྟོལ་ལེ་གཉིས་ཁ་ཕྱེ་བ་མ་ཟད་རྟོལ་ལེ་ལ་འོ་མ་ཡང་འཐུང་མི་བཅུག། འདི་འདྲའི་སྙིང་རྗེ་མེད་པའི་མི་རྣམས་ད་རུང་ནང་ཆོས་ཀྱི་རྗེས་འབྲངས་བ་ཞིག་ཏུ་བརྩིས་ཆོག་གམ།
ང་རང་སློབ་འབྲིང་ལོ་རིམ་གསུམ་པའི་སྐབས་སུ་གུང་གསེང་ནང་ཨ་ཕ་དང་མཉམ་དུ་རི་ལ་ཕྱུགས་ཟོག་འཚོལ་སོང་ཡིན། ང་ཚོ་ཉེ་རིང་ཚང་མ་སྦྲ་གཅིག་གི་ནང་དུ་འཚོ་བ་བྱེད། ཉིན་ཞིག་ངའི་ཨ་ཞང་ཉེ་འགྲམ་གྱི་འབྲོག་སར་ལ་འགྲོ་ནས་ཕྱིར་སྦྲ་ནང་ལ་ཐོན་བྱུང་། ཁོང་གིས་ང་ཚོར་འདི་ལྟར་བརྗོད། ང་ཚོ་ཉེ་འགྲམ་གྱི་འབྲོག་པ་ཚང་མས་རྟོལ་ལེ་སྐྱེས་མ་ཐག་མཛོ་མོ་མཉམ་དུ་ཟླ་བ་གཅིག་འོ་མ་འཐུང་བཅུག། དེ་ནི་རྟོལ་ལེ་ཤ་ཤེད་རྒྱས་བ་མ་ཟད་ཤ་ཡང་ཧ་ཅང་ཞིམ་པོ་འདུག་ཞེས་ཟེར། ཁོང་གིས་ཡང་གཞན་དང་ལད་མོ་བྱེད་ནས་རྟོལ་ལེ་དང་མཛོ་མོ་གཉིས་ཟླ་བ་གཅིག་མཉམ་དུ་མངགས། འོ་མ་ཐམས་ཅད་རྟོལ་ལེ་ལ་འཐུང་བཅུག།
ཟླ་བ་གཅིག་གི་རྗེས་སུ་ཁོང་གིས་མཛོ་མོ་དེ་ཤིང་ཕུར་ཞིག་ལ་འདོགས། རྟོལ་ལེ་དེའི་རྐང་སུག་ཐག་པ་ཞིག་གི་སྲ་མོ་དཀྲིས་ནས་སར་སྙིལ་བ། ཁོ་རང་གི་གྲི་རྣོན་པོ་འཁུར་ནས་རྡོར་ཕར་བརྡལ་ཚུར་བརྡལ་བྱེད། མཛོ་མོས་ལྕེ་རིང་མོ་བཅངས་ནས་རྟོལ་མགོ་བརྡལ་བཞིན་འདུག། ངའི་ཨ་ཞང་གི་ང་ལ་ཀ་ཏོ་ར་ཞིག་སྤྲད་ནས་སྐེ་ཁྲག་ལེན་བཅུག། ཁོང་གིས་རྟོལ་ལེ་སྐེ་གཅོད་དུས་མཛོ་མོའི་མིག་ཆུ་རང་དབང་མེད་པར་གཏོང་བཞིན་འདུག། ང་རང་ཡང་མིག་ཆུ་གཏོང་ན་ཕྱིར་སྦྲ་ནག་ནང་དུ་བྲོས་སོང་བ་ཡིན།
སྦྲ་ནག་ནང་དུ་ཐོན་དུས་ཞལ་འདོན་ཕྱོགས་སྒྲིགས་དེ་མར་བླངས་ནས་སྨོན་ལམ་ཚར་གསུམ་ཀློག་བ་ཡིན། དེ་དུས་ང་རང་དུད་འགྲོ་དང་འཇིག་རྟེན་མི་གཉིས་ཁྱད་པར་མེད་པ་ད་གཟོད་རྟོགས་བྱུང་།
ང་ཚོ་ཕ་ཡུལ་ལ་དུད་ཚང་བརྒྱ་དང་སུམ་ཅུ་ཡོད། དུད་ཚང་རེ་ལ་མཛོ་མོ་རེ་རེ་མེད་མཁན་མི་འདུག། མཛོ་མོ་རེ་ལ་ལོ་རེ་ལ་རྟོལ་ལེ་རེ་ཡོད། ལོ་གཅིག་གི་ནང་རྟོལ་ལེ་བརྒྱ་ལྷག་ཙམ་ཤི་བཞིན་འདུག། དམངས་ཁྲོད་ནང་དུ་བཤད་སྲོལ་ལྟར་ན་རྟོལ་ལེ་མི་གསོན་པའི་རྒྱུ་མཚན་ནི་སེང་ལྕམ་འབྲུག་མོས་སྨོན་ལམ་ལོག་ལྟ་བརྒྱབ་བའི་རྐྱེན་གྱིས་རེད་ཟེར། སེང་ལྕམ་འབྲུག་མོས་མཛོ་མོའི་རྟོལ་ལེ་མ་གསོན་རོགས། རྟའི་རྟེའུ་གསོན་བ་ཤོག། རི་ལ་མཐོ་དམའ་ཡོད་པར་ཤོག། མི་ལ་མཛེས་ཞན་ཡོད་པར་ཤོག་ཞེས་སྨོན་ལམ་ལོག་ལྟ་བརྒྱབ་མྱོང་ཟེར། ཁོ་བོས་དངོས་གནས་སྨོན་ལམ་ལོག་ལྟ་འདིའི་རྐྱེན་གྱིས་ཨེ་ཡིན་སྙམ། མཛོ་མོའི་རྟོལ་ལེ་དེ་ཚོ་ཚེ་སྲོག་སྐྱོབ་དགོས་ན་ཐབས་ཤེས་ག་འདྲ་ཞིག་དགོས་པ་དེ་ཁོ་བོས་དུས་ནམ་ཡིན་ཡང་བསམ་བློ་གཏོང་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།