ཤང་ཀང་ཟིན་ཐོ།

རྩོམ་པ་པོ།:གཡང་ཁོ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-05 09:06:00 ཀློག་གྲངས།:

       ཤང་ཀང་ཞེས་པའི་མིང་འདི་ཐེངས་དང་པོར་རང་གི་ཕུ་བོའི་ཁ་ནས་གོ་བ་ཡིན།  སྐབས་དེར་ཁོ་ད་དུང་རབ་ཏུ་བྱུང་མེད་ཏེ། རང་ཡང་ལོ་བརྒྱད་དགུ་ཙམ་གྱི་བྱིས་པའི་སྐབས་ཡིན་ཞིང་། ཉུང་མཐའ་ཡང་ལོ་ངོ་ཉེར་ལྔའི་སྔོན་རེད། 
      སྐབས་དེའི་མཚོ་སྔོན་དང་སྒོས་སུ་མང་རྫོང་མང་རའི་བྱིས་པ་རྣམས་ལ་མཚོན་ན་ཤང་ཀང་ཞེས་པའི་མིང་དེ་ཐོས་མྱོང་མེད་པ་ནི་ཧ་ལས་དགོས་པའི་དོན་ཞིག་གཏན་ནས་མིན། ངས་ཆུང་དུས་ཕུ་བོར་འབོད་པའི་མིང་ཅི་ལྟར་ཡིན་པ་མི་དྲན་ནའང་ཁོས་བཤད་པའི་མིང་དེ་སེམས་ལ་བརྗེད་མེད་དུ་བཟུང་། ཁོས་ནི་སློབ་གྲྭ་ནས་མིང་དེ་ཐོག་མར་ཐོས་པ་ཡིན་སྲིད། 
      ཕུ་བོས་བཤད་རྒྱུར། མི་འགྱངས་བར་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་རྒྱུ་རེད། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་རྗེས་དེ་ན་དེང་རབས་ཅན་གྱི་དངོས་པོ་མང་པོ་དང་གློག་ཆས་སྣ་ཚོགས་ཡོད་པ་རང་རེའི་ས་ཆར་ཡང་ཐོན་ནས། ཟ་མ་གཡོས་སྐོལ་དང་ཇ་དང་ཆུ་རྒོལ་སྐོལ་བ། ཅུང་རྡོག་དང་ཚོད་མ་འཇོག་པ་གང་ཡིན་ཀྱང་གློག་གིས་བྱས་ཆོག་ཟེར།
      ང་ལ་སྐད་ཆ་དེས་བག་ཆགས་ཟབ་མོ་བཞག་པར་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད་ཏེ། གཅིག་ནི་ཕུ་བོས་བརྡ་འཕྲིན་དེ་སྤྲོ་སྣང་ཆེན་པོས་ངང་བཤད་བྱུང་བ་དང་། གཉིས་ནས་སྐབས་དེར་ཁྱིམ་ནང་དུ་ཟ་མ་གཡོས་སྐོལ་དང་ཐལ་འཕོ་ཆུ་ལེན་སོགས་ལ་ང་ཚོ་བྱིས་པས་ཀྱང་གོ་ལེན་ཚེགས་འཕྲོག་ཉུང་ངུ་རེ་ཅིས་ཀྱང་བྱེད་དགོས་པ་ཡིན། ཨོང་བ་དང་ཆ་མ། འབུད་རྩ་དང་སྔོ་རྩ་སོགས་སླེ་བོ་རེ་རེ་བྱས་ནས་ཁུར་འོངས་དགོས་པས་སུན་པོ་བྱེད་ཅིང་། བྱིས་པའི་རོལ་རྩེད་ལ་ཧ་ཅང་གེགས་བྱེད། གལ་ཏེ་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ན་མེ་འབུད་མི་དགོས་ལ། འབུད་རྫས་རིགས་དེ་ཁུར་མི་དགོས་ན་ཇི་འདྲའི་སྐྱིད་པ་ལ། ཁྱིམ་ནང་དུའང་གློག་ཆས་སྣ་ཚོགས་ཡོད་ཆོག་པ་དང་གློག་བརྙན་ནང་ལྟ་བུའི་དེང་རབས་ཅན་གྱི་འཚོ་བ་རོལ་ཆོག 
      དེ་ནས་བཟུང་ངའི་སེམས་ནང་ལ་ཤང་ཀང་ཞེས་པའི་མིང་དེ་རེ་སྒུག་དང་མཚར་སྣང་གིས་བཞག་བྱུང་། 
      1997ལོར་ང་རང་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ནས་དགེ་སློབ་ཡོངས་དང་མཉམ་དུ་ཁུལ་ཡོངས་ཀྱི་གཟབ་རྒྱས་ཧ་ཅང་ལྡན་པའི་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་པའི་དགའ་སྟོན་མཛད་སྒོར་དངོས་སུ་ཞུགས། མཚོ་ལྷོ་ཁུལ་ལུས་རྩལ་ར་བ་དང་ཐ་ན་ཆབ་ཆ་གྲོང་རྡལ་ཡོངས་ནས་སྤྲོ་དགའི་རྒྱ་མཚོ་ཆེན་པོ་ཞིག་ཏུ་གྱུར།
      སྐབས་དེར་ཐོན་དུས་གློག་བརྙན་མང་པོ་ཞིག་ཤང་ཀང་ནས་ཕབ་པ་དང་། ཉན་སྤྲོ་བའི་གླུ་དབྱངས་མང་ཤོས་ཤིག་ཤང་ཀང་ནས་བླངས་པ། སློབ་གྲོགས་ཕན་ཚུན་བསྐུར་བའི་དུས་སྟོན་འཚམས་འདྲི་དང་དྲན་རྟེན་བྱང་བུ།  ཁྱབ་བརྡའི་སྟེང་གི་མིག་མདངས་དང་ཡིད་དབང་ཅིག་ཅར་འགུགས་ལ་ལད་ཟློས་ཀྱི་ཡུལ་དུ་གྱུར་བའི་སྐུ་ཟས་ཕོ་མོ་དག་ཀྱང་མང་ཤོས་ཤིག་དེར་འདུས་ནས་ཡོད་པ་སྔ་མོ་ནས་ཤེས་འདུག
      ད་ལྟ་རྒྱལ་ནང་དང་ཐ་ན་རྒྱལ་ཕྱིའི་བརྙན་གཟུགས་མི་སྣ་གྲགས་ཅན(影星)མང་པོའི་རེ་སྨོན་བྱེད་ས་ཡིན་པའང་ཤེས་ཡོད། ལམ་ཡིག་མཆན་སྤྲོད་ཐོབ་རྗེས་དྲ་རྒྱ་བརྒྱུད་ནས་འཛམ་གླིང་གི་མ་དངུལ་འཁོར་རྒྱུག་ལྟེ་གནས་ཆེན་པོ་ཨང་གསུམ་པ་ཡིན་པའང་རྒྱུས་ལོན་བྱུང་།
      གཙུག་ནོར་ཏུ་གྱུར་བའི་བཤེས་གཉེན་བཟང་པོ་ཁོང་ངག་དབང་རྒྱ་མཚོ་ཚང་གིས་རྒྱ་ཡུལ་ནས་གདུལ་བྱ་བསྐྱངས་འགོ་བརྩམས་རྗེས། ཁོང་གི་འཁྲུངས་སྐར་གསོལ་སྟོན་དང་འབྲེལ་བའི་བྱ་བའི་དོན་དུ་ང་རང་ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་གྲོང་ཁྱེར་དུ་ཐེངས་འགར་སོང་མྱོང་། དེའི་རྗེས་ནས་རྒྱུན་དུ་བརྙན་འཕྲིན་སོགས་ལས་ཤང་ཀང་གི་གནམ་གཤིས་དང་དྲོད་ཚད་ལ་དོ་སྣང་བྱས། རྒྱུ་མཚན་ནི་རེ་སྨོན་གྱི་ཡུལ་དུ་གྱུར་བའི་གནས་དེ་མ་གཞིར་ཅུང་རྒྱུས་མངའ་ཆེ་བའི་ཀོང་ཏུང་ཞིང་ཆེན་དང་ཆེས་ཉེ་སར་ཡོད་ལ་ཀོང་ཏུང་གི་ས་ཁོངས་སུ་ཡོད་པར་ཡང་བཤད་ཆོག་པ་རེད། རེ་སྨོན་ཆེ་བས་ཤང་ཀང་གི་དྲོད་ཚད་དང་ཁོར་ཡུག་དོན་དངོས་སུ་ཀོང་ཏུང་དང་ཁྱད་པར་ག་ཙམ་ཡོད་པ་ཤེས་འདོད། 
      ད་ཐེངས་ཡང་བཤེས་གཉེན་དམ་པ་ཁོང་གི་འཁྲུངས་སྐར་དང་བཅས་པའི་ཆོས་ལུགས་བྱེད་སྒོའི་གོ་སྐབས་དང་བསྟུན་ནས་ཤང་ཀང་ལ་སོང་བ་ཡིན། འགག་སྒོ་བགྲོད་དུས་ཀྱི་ཚོར་སྣང་དང་པོ་ནི། ཟླ་གཉིས་སྔོན་ནས་སྒྲུབ་འགོ་བརྩམས་པའི་ལམ་ཡིག་འགྲོ་རིམ་དང་ལས་རེས་བརྗེ་སྤོར། འགག་སྒོ་བགྲོད་པའི་སྔ་ཉིན་ད་དུང་འགྲོ་ལུགས་སྣ་གཅིག་ཆད་ཡོད་པ་ཀོང་ཏུང་ས་གནས་མི་ཡི་རོགས་ལམ་ལ་བརྟེན་ནས་སྒྲུབ་པ་སོགས་ཀྱི་བྱ་བ་མི་ཉུང་བའི་རྗེས་ཀྱི་འགག་བགྲོད་དེ་ལས་སླ་མོ་ཞིག་གཏན་ནས་མ་རེད།
      གྲུ་ལ་བསྡད་རྗེས་སྒེའུ་ཁུང་ལ་གཏད་པའི་འདུག་གནས་ཞིག་བཙལ་ནས་བྲེལ་སྟབས་ཀྱིས་བསྡད།  གྲུ་གཟིངས་དེ་མཚོ་ནང་དུ་འཕུར་བའི་མྱུར་ཚད་ཀྱིས་རླབས་ཕྲེང་རེ་རེ་རྗེས་སུ་བསྐྱུར་ནས་འགྲོ་སྐབས་འགན་འཁྲི་ལྕི་མོ་ཐང་ལ་ཕོགས་པའི་སྣང་བ་སྟེར་ལ། ལྷོད་ཡངས་དང་འཆར་ཡན་གྱི་ཚོར་བའང་སྟེར།  
      ཆུ་ཚོད་གཅིག་ལྷག་རིང་དུ་མདུན་བསྐྱོད་བྱས་རྗེས་རྒྱང་རིང་ནས་ཁང་བརྩེགས་མཐོན་པོ་རབ་རིབ་ཀྱིས་མཐོང་དུས་རྐེད་སྐབས་བསྲིངས་ནས་འབུར་ཚུགས་ཀྱིས་བལྟས།  ནགས་ཀློང་ལ་བལྟ་བའི་ཁང་བརྩེགས་དང་རི་རབ་ལ་འགྲན་པའི་གྲུ་གཟིངས་རེ་རེ་་་  
      གྲུ་ལས་བབས་རྗེས་ཡང་བསྐྱར་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ནང་འགྲོའི་འགག་སྒོ་བརྒྱུད་དགོས། ཕྲེང་བསྟར་སྒྲིག་ནས་ལམ་ཡིག་བལྟ་བཤེར་དང་ལེན་བྱས། ཁང་ཚད་དམའ་བས་དབུགས་དབྱུང་དཀའ་ལ་འདུ་འཛི་ཆེ་བས་ཁ་འཐོར་ཡང་ཉེ། གྲོག་ཚང་འདྲ་བའི་གྲུ་ཁའི་ས་ཚིགས་ནས་ཕྱིར་ཐོན་རྗེས་ཚོར་སྣང་ཅུང་མི་འདྲ་བའི་གནས་དེར་དངོས་སུ་ཐོན་འདུག མངགས་ཐོ་བཀོད་ཡོད་པའི་གསོལ་མགྲོན་ཁང་ཐག་ཉེ་བས་རྐང་ཐང་དུ་སོང་ན་སྟབས་བདེ་ཟེར། འགྲོ་རོགས་ཚོའི་རྗེས་འབྲང་ནས་སོང་། 
      ཤང་ཀང་སྲང་ལམ་ཀུན་ཏུ་བྲེལ་ཟིང་གིས་རྒྱུག་བཞིན་པའི་དཀར་ནག་སེར་གསུམ་གྱི་མི་ཚོགས་དང་རླངས་འཁོར་དག་སྙིང་རྗེ་བའི་གནས་སུ་ཡང་ངེས་ཏེ། བོད་རྣམས་བཞིན་དུ་བཤད་ཏེ་བགད་ནས་འགྲོ་མཁན་གཅིག་ཀྱང་རིག་རྒྱུ་མི་འདུག ཟི་ལིང་གི་སྲང་ལམ་དང་ཐང་ཆེན་གཉིས་ལའང་མི་དོ། གདོང་གནག་ནས་ཅི་ཞིག་ལ་བསམ་བློ་གཏོང་བ་དང་། སྐད་གདངས་ཕབ་ནས་ཤབ་ཤུབ་དུ་སྨྲ་ལ། ལས་ཀ་དང་འདུར་རྒྱུག་གི་དོན་དུ་འཇིག་རྟེན་ལ་འོངས་པའི་ཚོར་བ་སྟེར། གོམ་འགྲོས་མྱུར་བའི་འཚོ་བ་ཞེས་པ་ངས་ཀྱང་མཐོང་ཐུབ་སོང་། མཁན་པོ་བསོད་དར་རྒྱས་ཚང་གིས་ཁོ་ཚོ་མང་པོ་ཞིག་གི་ངོར་བལྟས་ནས་ཁྱོད་ཚོ་ངོ་མ་མགོ་ཉོག་རེད། ག་དུས་ཤིག་ལ་སུག་པ་དལ་དུ་བཏང་ནས། རང་གཞན་གྱི་ཚེ་རབས་ཀུན་གྱི་དོན་ཆེན་ལ་གྲྭ་སྒྲིག་བྱེད་ཐུབ་བམ་གསུངས་བ་ཅིས་མ་བདེན། གངས་རིའི་ལྗོངས་ན་དངོས་པོ་དར་མེད་ལ་རྐང་ལག་བྲེལ་མེད་པ་དེ་རྗེས་ལུས་སུ་བསམ་མོད་ཀྱང་ཤང་ཀང་བས་འདི་བདེ་སྐྱིད་ཅིག་དུ་མཐོང་ཆོག་ཆོག་རེད། 
      ཐེངས་དང་པོར་ཤང་ཀང་དུ་འགྲོ་བས་ངས་བོད་པ་རྣམས་ཆེས་གོན་པར་སྤྲོ་བའི་བོད་ལྭ་གོན་ནས་འགག་སྒོ་བརྒལ། སེམས་ནང་ལ་ཤར་བའི་རང་གི་གཟུགས་བྱད་དེ་འདྲ་པར་སྟེང་གི་གྲུང་ཤ་ཡོད་པར་བསམ་བཞིན་ཡིད་ཆེས་ཀྱི་ངང་དུ་མི་ཚོགས་བརྒལ་ནས་སོང་། གོམ་མཚམས་བཞག་པའི་སྐབས་ཤིག་ལ་ཁ་པར་གྱིས་པར་ཞིག་རྒྱག་དུ་བཅུགས་ནས་བལྟ་དུས་སྣང་ངོའི་གྲུང་ཤ་དེ་གཞི་ནས་མི་འདུག བྲེལ་འཚུབ་ཆེ་དྲག་པའི་རྐྱེན་གྱིས་བདག་གཉེར་མ་ལོངས་པ་ཨེ་ཡིན་ནམ་་་མུ་མཐུད་ནས་མདུན་དུ་ཆས།  
      གསོལ་མགྲོན་ཁང་དུ་བསྡད་རྗེས་སྒོ་དང་དྲ་མ། གསང་སྤྱོད། མལ་ཁྲི་བཅས་ལ་ཞིབ་བལྟ་བྱས། གསར་འགོད་པའི་ལས་རིགས་ཀྱི་དབང་གིས་གཞུང་དོན་སྣེ་ལེན་དང་ཕལ་བའི་ཁྱིམ་ཚང་གི་སྣེ་ལེན་གང་ཡང་བྱས་མྱོང་བ་དང་། མགྲོན་ཁང་དེ་ཡུལ་སྡེ་ཞིག་གི་འབྱོར་ཚད་དང་བྱ་བ་ཞིག་གི་གཙིགས་ཚད་ཐད་ཀར་མཐོང་བྱེད་དུ་སྔོན་ནས་བལྟ་ལོབས་སུ་གྱུར་ཡོད། གྲལ་མ་དག་ས་མེད་ནའང་ཡོད་ཚད་ཆུང་དྲག་པའི་བར་སྟོང་ལ་དམིགས་ནས་ཇུས་འགོད་དང་སྒྲིག་བཟོ་ཞིབ་མོ་བྱས་མེད་པ་གཅིག་ཀྱང་མེད་པ་འདྲ། ཐ་ན་བརྙན་འཕྲིན་འཆར་ཤེལ་དེ་ཡང་གྱང་ནང་དུ་བཅུགས་ནས་འདུག  ཞག་གཅིག་ལ་ཀང་སྒོར་བརྒྱད་བརྒྱ་ཡིན་པའི་ཁང་པ་ཅུང་ཁོད་ཡངས་སུ་བསམ་ཡོད་ནའང་ཧ་ལམ་ཟློག་འདུག འོན་ཀྱང་ཡོད་ཚད་སྤུས་ཀ་དག་པའི་ཚོར་བ་སྟེར།
      2014ལོའི་ལུགས་རྙིང་གི་ཟླ་གཉིས་པའི་ཚེས14དགོང་མོའི་དབང་སྐུར་གྱི་ཆོ་ག་འགོ་རྩོམ་ལ་ཉེ་བས། དགོང་ཟས་སྟབས་བདེ་ཞིག་འཐུང་ནས་འགྲོ་རོགས་ཚོ་དང་མཉམ་དུ་གླ་འཁོར་ལ་བསྡད་ནས་དབང་སྐུར་གནས་ཡུལ་སྟེ། ཅན་ཧྲ་ཅུ་སྲང་ལམ་ཕན་བདེ་ཚོགས་པ(尖沙咀街坊福利会)ཞེས་པའི་གནས་བཙལ་ནས་སོང་། རླངས་འཁོར་དུ་བསྡད་མ་ཐག་ཚོར་སྣང་མི་འདྲ་བ་ཞིག་བྱིན། ཁ་ལོ་པས་གཡས་ཟུར་དུ་ཁ་ལོ་བསྒྱུར་བཞིན་འདུག  ལོས་ཡིན་ཏེ་མ་གཞི་རང་གི་འདུག་གནས་དེ་སྐམ་སར་ཁ་ལོ་པའི་འདུག་གནས་ཡིན་འདུག ཞིབ་ཏུ་བལྟས་པ་ན་ཤང་ཀང་གི་རླངས་འཁོར་ཡོད་ཚད་ཀྱི་ཁ་ལོ་པའི་འདུག་གནས་གཡས་ཟུར་དུ་འདུག ཐ་ན་ལམ་ནང་གི་རླངས་འཁོར་རྒྱུ་ལམ་ཡང་སྐམ་ས་དང་ལྡོག་ནས་འདུག ཚོར་སྣང་མི་འདྲ་ས་མང་པོ་ཞིག་འདིས་བསྐྱེད་པ་ཡིན་ཀྱང་སྲིད། 
ཀ་གདོང་ལྕམ་དྲལ་མེད་པའི་མཐོངས་ཡངས་ཀྱི་ཁང་བཟང་། 
དད་ལྡན་སྟོང་ཕྲག་ཤོང་བའི་བཀོད་ལེགས་ཀྱི་འདུ་ར།
དམ་ཆོས་བདུད་རྩིའི་རྒྱུན་གྱི་བགོ་སྐལ་ལ་བཞེངས་འདྲའི།
ཕྲལ་ཕུགས་ཕན་བདེའི་བསྟི་གནས་ཚོམས་བཟང་དེར་འབྱོར་སོང་།
འདུ་འཛི་ཁོམ་ལོང་བྲལ་བའི་རྒྱ་གྲོང་གི་དཀྱིལ་ལ།
དགེ་ལྡན་བསྟན་མཆོག་ཀང་པའི་གསོས་སྨན་དུ་འདེབས་པ།
བོད་བརྒྱུད་བསྟན་པ་མཚོན་པའི་ཐང་ཀ་དང་མཆོད་རྫས།
བཞུགས་ཁྲི་མཐོན་པོ་མཐོང་བས་ཉེ་སྣང་ཞིག་ཤར་འོངས། 
ཕེབས་བྱུང་། ཕེབས་བྱུང་། བླ་མ་ཡིད་བཞིན་ནོར་བུ་ཕེབས་བྱུང་། ཚོམས་ཁང་ཡོངས་ཀྱི་ཐལ་སྦྱོར་དད་གུས་དང་བཅས་ཁོང་བླ་མ་རིན་པོ་ཆེ་ངག་དབང་རྒྱ་མཚོ་ཚང་བསུ་བ་བྱས། རང་ལ་བརྩེ་ཤིང་འདྲིས་པའི་གཙུག་གི་ནོར་བུ་ཁོང་གི་འཛུམ་ཞལ་དེ་ཤང་ཀང་ནས་ཡང་བསྐྱར་མཇལ་བྱུང་། བརྩེ་འཛུམ་གྱི་ངང་དུ་ཚོམས་ཆེན་དཀྱིལ་དབུས་ཀྱི་སྟན་དམར་བརྒྱུད་ནས་བཞུགས་ཁྲི་མཐོན་པོར་ག་ལེར་ཕེབས། ཀུན་གྱི་ཐལ་སྦྱོར་དང་དགའ་འཛུམ་ཡུན་རིང་ལ་ཞིག་པ་མེད་པར་གྱུར། མ་གཞི་དམ་པའི་ཆོས་གང་དུ་ཡོད་པ་དེར་ནི་སེམས་ཅན་གྱི་དད་གུས་དག་སྣང་གིས་དྲངས་པའི་ལུས་སེམས་ཆ་བྱད་དང་བཅས་པར་མི་རིགས་དང་ས་ཁོངས་ཀྱི་དབྱེ་བ་མེད་པར་གཅིག་ཏུ་མཐུན་པ་འདིས་བདེ་དགའ་གཏིང་ཟབ་མོ་ཞིག་སྦྱིན་ལ། འདི་ཟད་ཏུ་མེད་ཅིང་རྟག་བརྟན་དུ་འགྱུར་ཐུབ་ན་ནི་བདེ་བའི་མཆོག་སྙེས་སམ། དམིགས་བསལ་སྲིད་འཛིན་ས་ཁུལ་གཙོ་བྱས་པའི་ས་ཆ་སོ་སོ་དང་། ཡུལ་ལུང་གི་སྐད་བརྡ་མི་འདྲ་བ། རྟེན་དང་ལོ་ཚོད་འདྲ་མིན་གྱི་མི་སྣ་སྣ་ཚོགས་འཛོམས་ནའང་ཡོད་ཚད་ཞི་ཞིང་འཇམ་པ། ཕུན་ཚུན་གུས་ཤིང་བརྩེ་བ། དགའ་འཛུམ་གྱིས་ཁེངས་པ་འདི་འཆམ་མཐུན་གྱི་ཁ་དབུགས་ཆེས་སྟུག་སར་ཡང་ཐེ་ཚོམ་མེད། ཡུན་རིང་སྨོན་ནས་འོངས་པའི་ཤང་ཀང་ཡིན་ནའང་རང་སེམས་ཆེས་སྒུལ་ཐུབ་པ་ནི་སྔར་བཞིན་གཞན་ཕན་རིང་ལུགས་ཀྱི་གཞི་རྩར་གྱུར་བའི་ནང་བའི་ཆོས་འདི་རེད། 
      ལྷོད་ཅིང་འཇམ་ལ་སྟུག་ཤིང་ཟབ་པ། རང་ལ་འདྲིས་ཤིང་སྙིང་དུ་འབེབས་པའི་ངག་གིས་གསུངས་ཆོས་འགོ་བརྩམས་བྱུང་། 
      སྐབས་དང་སྐབས་སུ་གཡས་གཡོན་ནས་མཐོང་ཐུབ་པའི་དད་འདུན་གྱིས་ཟུམ་པའི་ཐལ་མོ་དང་སྤྱན་ཟུང་། མཆི་མ་དང་བཅས་སྙིང་ཁོང་ནས་འདེབས་པའི་བསྔོ་སྨོན་དག་གིས་རང་གི་དད་སྟོབས་ཡང་ཤུགས་དྲག་དུ་བསྐུལ་བར་འགྱུར། དགེ་ཚོགས་གྲངས་མེད་ཀྱི་འབྱུང་གནས་སུ་གྱུར་བ་ཁོང་བླ་མ་རིན་པོ་ཆེ་ངག་དབང་རྒྱ་མཚོ་ཚང་ལ་དད་གདུང་ལྷག་ཏུ་སྐྱེས་བ་མ་ཟད། རང་ཡང་དབང་སྐུར་མཛད་སྒོ་འདི་འདྲར་ཞུགས་ཐུབ་པ་ལས་སྐལ་བཟང་པོ་རེད་སྙམ་བྱུང་། རྒྱའི་ཞིབ་ཅིང་ཚགས་པའི་གོ་སྒྲིག བོད་བརྒྱུད་ནང་བསྟན་གྱི་གྱ་ནོམ་ཞིང་གཞན་ལ་མི་རེ་བའི་དབང་སྐུར་དང་འཆད་ཉན་ཆོ་ག  ཆོས་དད་མང་ཚོགས་ཀྱི་རང་རྟོག་གི་གསན་ཉན་གོ་རིམ་བཅས་ལས་དད་ལྡན་ཀུན་གྱིས་སོང་མྱོང་མེད་པའི་བགྲོད་ལམ་ཆེན་པོ་ཞིག་མཐོང་ཡོད་པ་འདྲ་བྱུང་།
      ཤང་ཀང་བ་མང་ཤོས་ཀྱིས་རྒྱའི་སྤྱི་སྐད་མི་གོ་བས་གནད་འགག་ཆེ་སར་ཡུལ་དངོས་ནས་ཤང་ཀང་ཡུལ་སྐད་དུ་སྐད་བསྒྱུར་ལོ་ཙ་བྱེད། བུད་མེད་སྐད་བསྒྱུར་ལོ་ཙ་བ་གཉིས་སྟེགས་བུའི་ཟུར་ཞིག་ཏུ་ཙོག་པུར་བསྡད་ནས། བླ་མ་ཡིད་བཞིན་ནོར་བུ་ཁོང་གི་གསུངས་སྐད་དུམ་མཚམས་རེ་རེ་ཡོའེ་སྐད(粤语)དུ་སྐད་བསྒྱུར་བྱས།
      དེ་རིང་ནི་ལུགས་རྙིང་ལོ་སར་ཚེས་བཅོ་ལྔ་སྟེ་བླ་མ་ཡིད་བཞིན་ནོར་བུ་ཁོང་གི་འཁྲུངས་སྐར་ཉིན་མོ་ཡིན། མཐོ་ལས་ཤང་ཀང་ཆོས་ཚོགས་ཀྱི་བཀོད་སྒྲིག་ལྟར།  ཞི་ཀོང་གྲུ་ཁ(西贡码头)ནས་གྲུ་ཆེ་ཆུང་གཉིས་ལ་བསྡད་ནས་མི་འགོ་བརྒྱ་ཕྲག་གཉིས་གསུམ་ཞིག་ཉ་མོ་ཚེ་ཐར་དང་མཚོ་གཏེར་རྒྱག་པར་ཆས།  གཏེར་ཁུག་སྟེང་དུ་སྨོན་ཚིག་བྲིས་ཆོག་པས་དགེ་ལྡན་ལུགས་བཟང་རྒྱས་པའི་སྨོན་ལམ་གྱི་ཚིག་གཡར་ནས་ཟུར་ཙམ་བཅོས་ཏེ་འདི་ལྟར་བྲིས། 
དཔལ་ལྡན་བླ་མ་ཁྱེད་ཀྱི་སྐུ་ཚེ་བརྟན། 
མཁས་བཙུན་བསྟན་འཛིན་དམ་པས་ས་སྟེང་གང་།  
བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས། 
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག 
      གཏེར་ཁུག་ལ་སྨོན་ཚིག་བྲིས་ཆོག་པ་མི་ཤེས་མཁན་འདུག་པས་དེ་ལུགས་བཤད་པ་ན་དེ་མ་ཐག་སྨྱུ་གུ་བཙལ་ནས་བྲིས།  བལྟས་ཆོག་གམ་དྲིས་ཚེ་མི་ཆོག་གསང་བ་ཡིན་ཟེར། གསང་དགོས་པའི་དོན་ཞིག་གཏན་ནས་མིན། རང་རེ་ནི་ཐེག་པ་ཆེན་མོའི་རྗེས་འབྲངས་བ་ཡིན་པས་སྨོན་ལམ་ཇི་ལྟར་རྒྱ་ཆེ་ན་དེ་ལྟར་བཟང་། ངས་འདི་བྲིས་ཡོད་ཅེས་བསྟན་མ་ཐག ཁོང་ཚོས་ཀྱང་དེ་འབྲི་རྒྱུ་ཟེར་ནས་རང་གིས་བྲིས་པའི་སྨོན་ཚིག་དེ་རྒྱ་ཡིག་གིས་བྲིས། 
      མཚོ་གཏེར་དང་ཚེ་ཐར་གྱི་གོ་རིམ་ཡོངས་ལ་ཧ་ལམ་དུས་ཚོད་གཉིས་ལྷག་སོང་།  དེའི་རིང་མ་ཎི་དང་ཏ་རེ་སོགས་གཟུངས་སྔགས་མང་པོ་ལས་གཞན། བླ་མ་མཆོད་པ་དང་ཚེ་ཐར་སྐབས་ཀྱི་བསྔོ་སྨོན་ལ་སོགས་པ་བརྒྱ་ཆའི་གོ་ལྔ་ཡན་རྒྱ་རིགས་ཡིན་པའི་དད་ལྡན་མང་ཚོགས་ཀྱིས་འུར་སྒྲའི་ངང་བཏོན། རང་རང་སོ་སོའི་མཐོ་ལས་ཆོས་ཚོགས་ནས་བཏོན་མྱོང་ལ། ཚེ་ཐར་གྱི་བྱ་འགུལ་ཡང་དེ་རིང་ཙམ་མ་མིན་པས་འདོན་རྟ་དང་བཅས་པར་ཧ་ཅང་བྱང་ནས་འདུག
གཤེད་མའི་ལག་འོག་ནས་རྒྱ་མཚོ་ཆེན་པོར་ཐར་བའི་ཉོ་མོ་སྟོང་ཕྲག་དུ་མ་འཕག་འཚག་གཅིག་གིས་རྒྱ་མཚོའི་གཏིང་དུ་འཛུལ། ཚེ་སྲོག་གི་འཇིགས་ཉེན་ལས་ཐར་བའི་ཉ་མོ་དེ་དག་གི་དོན་དུ་མི་རྣམས་དགའ་ཞིང་མགུ་ལ། བདེ་འགྲོ་ཐོབ་པ་དང་མཐར་ཐུག་གི་བདེ་བ་ཐོབ་པར་མ་ཎི་ཡིག་དྲུག་ཤུགས་ཀྱིས་བཏོན།   ཆ་མེད་རྒྱུས་མེད་ཀྱི་དད་ལྡན་ཕོ་མོ་སུ་ཡིན་རུང་ཕན་ཚུན་འགྲོགས་འདྲིས་སླ་བ་ཅན་དུ་གྱུར། 
      དགོང་མོ་ནི་བླ་མ་ཡིད་བཞིན་ནོར་བུ་ཁོང་གི་འཁྲུངས་སྐར་གསོལ་སྟོན་ཡིན།  མི་མགོ་ལྔ་བརྒྱ་ཡས་མས་ལ་གསོལ་སྟོན་བྱས་ཆོག་པའི་ཚོམས་ཆེན་ཞིག་ཏུ་ཁོང་གི་འཁྲུངས་སྐར་དཀར་ཟས་གསོལ་སྟོན་ལ་རོལ་འགོ་བརྩམས། སྐབས་འདིའི་རང་འགན་ནི་དེ་སྔ་ནས་གྲ་སྒྲིག་བྱས་ཡོད་པའི་མཐོ་ལས་ཀུའུ་ཀྲིན་ཆོས་ཚོགས་ཀྱི་ཞབས་བྲོ། བོད་པའི་ལྷོད་ཡངས་ཀྱི་འཚོ་བའི་མཚོན་བྱེད་དུ་གྱུར་བའི་སྐོར་བྲོ་དེ་གསོལ་སྟོན་སྟེང་འཁྲབ་རྒྱུ་དེ་ཡིན། ལེགས་པོ་ཞིག་འཁྱོངས་བར་གྲ་སྒྲིག་ཡོད་ཚད་ཅི་ནུས་བྱས།  གསོལ་སྟོན་འགོ་རྩོམ་ཁར་ཡང་ངེད་ཅག་གིས་ད་དུང་ཚོམས་ཁང་ཕྱིའི་བར་ཁྱམས་ཞིག་ནས་ཐེངས་གཅིག་ལ་ནང་སྦྱོང་བྱས།
      འཁྲུངས་སྐར་དཀར་ཟས་གསོལ་སྟོན་དེ་དབང་སྐུར་ལས་ཀྱང་རྒྱ་ཆེ་ལ་སྤྲོ་དགའ་ཧ་ཅང་འཕེལ་བ་ཞིག་རེད། གསོལ་སྟོན་བཀོད་སྒྲིག་ཞིབ་ལ་བྱ་འགུལ་ཕུན་སུམ་ཚོགས། དུས་རྒྱུན་བླ་མ་ཡིད་བཞིན་ནོར་བུ་ཁོང་གི་མཐའ་འཁོར་དུ་ཡོད་པ་སུ་ཡིན་ན་ཡང་ཁོང་དང་སྔོན་བསགས་ཀྱི་ལས་འཕྲོ་ཅན་ཡིན་པ་སྨོས་མ་དགོས་ལ།  རང་སྟོབས་ཀྱིས་དཀར་པོ་དགེ་བའི་ལས་ལ་སྤྲོ་བ་ཅན་རྐྱང་རྐྱང་རེད་བསམ། གསོལ་སྟོན་མགོ་མཇུག་བར་གསུམ་དུ་ཧ་ལམ་ཆུ་ཚོད་གསུམ་ལྷག་གི་རིང་དུ་བགོད་སྒྲ་དང་དགའ་འཛུམ།  དད་གུས་བར་མཚམས་མེད་་་་་   འདི་ལྟ་བུའི་འདི་འཛི་ཆེ་ལ་ཁོམ་ལོང་དཔེ་མེད་བྲལ་བའི་གནས་ཞིག་ཏུ་འགྲོ་ཀུན་འདྲེན་པའི་ཐབས་ལ་མཁས་པའི་བཤེས་གཉེན་བཟང་བོ་ཁོང་ངག་དབང་རྒྱ་མཚོ་ཚང་ལྟ་བུས་དགེ་ལྡན་བསྟན་མཆོག་འགོ་ཚུགས་པ་དང་ཐེག་ཆེན་དང་གཞན་ཕན་རིང་ལུགས་ཀྱི་ས་བོན་ལྷོད་ཀྱིས་གཏོར་རྒྱུ་བྱུང་བ་ནི་དངོས་ནས་ལོ་ངོ་སྟོང་ཕྲག་ལ་ཐོབ་པར་དཀའ་ཞིང་རིན་ཐང་གཞལ་དུ་མེད་པ་ཞིག་རེད་ཨང་། མཐོ་ལས་ཤང་ཀང་ཆོས་ཚོགས་ཀྱི་དད་ལྡན་མཆེད་གྲོགས་རྣམས་པས་ཀྱང་ཐེངས་འདིའི་དབང་སྐུར་དང་མཚོ་གཏེར། ཚེ་ཐར་དང་འཁྲུངས་སྐར་གསོལ་སྟོན་བཅས་ལ་བྱས་པའི་འབད་འབུངས་ཡོད་ཚད་ཧ་ཅང་བྱེད་རིན་ལྡན་པ་ཞིག་དུ་བསམ།  ཁོང་ཚོའི་ཚོགས་བསགས་ལ་སེམས་གཏིང་ནས་ཡིད་སྨོན་ཆེན་པོ་སྐྱེས་ཤིང་།  ནད་མེད་ཚེ་རིང་དང་ཤེས་རབ་འཕེལ་བ། གཞན་དོན་འགྲུབ་པའི་སྨོན་འདུན་ཞུས། 
      ཤང་ཀང་། ངའི་རེ་སྨོན་གྱི་ཡུལ་གྲུ། རྒྱལ་བསྟན་རིན་ཆེན་དེ་གནས་འདིའི་སྐྱེ་འགྲོ་ཐ་དག་གི་གསོས་སྨན་དུ་གྱུར་ཅིག
ཡིག་ཟམ། yangkecairang@163.com


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།